གཡུང་དྲུང་བོན་གྱི་ལུགས་སུ་དྲང་སྲོང་མའི་སྡོམ་པ་གནང་ཆོག་ཚུལ་གྱི་སྐོར།

[ཟླ་ཚེས། 2014-12-14 14:22:21][རྩོམ་པ་པོ། གཟི་གཡང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2010070617550990.jpg

   དེ་ཡང་ཇི་སྐད་དུ་བོན་གྱི་བསྟན་པ་འདུལ་བས་འཛིན། བསྟན་པ་འདུལ་བས་བཟུང་ཐབས་ནི། ཐབས་ཆེན་གཤེན་རབ་ཁྱིམ་སྤང་བཞིན། རབ་བྱུང་ཆས་ལྡན་དཀའ་བ་སྤྱད། ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་ནས་བྱ་སྤྲེལ་མི་གསུམ་གྱི་དཀའ་བ་གཤེན་ལོ་དགུ་བར་སྤྱད། དེ་ནས་རིས་སུ་མ་ཕྱེ་བར་ཕོ་མོ་འདྲ་མཉམ་གྱི་སྒོ་ནས་འཁོར་སྡེ་བཞི་ཡ་བརྒྱད་ལ་འདུལ་བའི་སྡོམ་པ་གནང་ཡོད། མདོ་དྲི་མེད་གཟི་བརྗིད་ལས། དང་པོ་དག་པ་དྲང་སྲོང་ཕོ་མོའི་སྡེ་ལ། ཕོ་གྲལ་གཡས་ལ་བཏགས་ཏེ་རྒྱལ་སྲས་གཏོ་བུ་འབུམ་སྲས་ལ། དྲང་སྲོང་རྒྱལ་བ་ཞེས་མཚན་བཏགས་སོ། གཉིས་པ་མོ་གྲལ་གཡོན་ལ་བཏགས་ཏེ། གཤེན་ཟ་ནེའུ་ཆེན་ལ་དག་པའི་དཀའ་ཐུབ་ཡིན་པས་ཚུལ་ཁྲིམས་དོན་གསལ་ཞེས་བྱ་བར་མཚན་བཏགས་པ་དང་། དེ་ནས་རིམ་བཞིན་འཁོར་ཕོ་མོ་དུ་མ་ལ་སོ་ཐར་གྱི་སྡོམ་པ་གནང་བར་གསུངས།
   སྟོན་པ་ཐུགས་རྗེ་ཅན་གྱིས་སྡོམ་པ་སྣ་གཅིག་མ་བསྲུང་ན་སྟོན་པ་ང་ཡི་འཁོར་མ་ཡིན་ཞེས་གསུངས་ཡོད་པས། དེས་ན་མི་ལུས་སྡོམ་ལྡན་ཅིག་ཅི་ནས་ཀྱང་འཁོར་བའི་ཆུ་ཚན་བརྒལ་བ་ལ་དགོས་མཁོའི་ཆ་རྐྱེན་མེད་ཐབས་མེད་པ་ཞིག་ཡིན་པ་ནི། རྒྱུད་དྲུག་ལས། ཆུ་བོ་ཆེན་པོ་བརྒལ་བ་ལ། གྲུ་བཟང་གཉེན་པོ་དགོས་པ་ཡིན། འཁོར་བའི་ཆུ་ཚན་བརྒལ་བ་ལ། མི་གྲུ་སྡོམ་དོན་དགོས་པ་ཡིན་ཅེས་པའི་ལུང་ཚིག་ལས་ངེས་པ་རྙེད་ཐུབ། མི་གྲུ་སྡོམ་དོན་དགོས་པ་ལ་སྡོམ་པའི་ངོ་བོ་དང་ངེས་ཚིག་དང་མཚན་ཉིད་དང་དབྱེ་བ་རྣམས་ཅི་ལྟར་ཡིན་དགོས་པ་དེ་ཤེས་རྒྱུ་གལ་ཆེ་སྟེ། དེ་ཡང་འདུལ་བ་རྒྱུད་དྲུག་ལས། སྡོམ་པའི་ངེས་ཚིག་ནི། ཉོན་མོངས་ཐམས་ཅད་སྡོམ་པའི་སྡོམ་པའོ། ལས་ལོགས་ཐ་དད་སྡོམ་པའོ། སྡོམ་པའི་མཚན་ཉིད་ནི། ཞེ་སྡང་ལ་བྱམས་སེམས་སྡོམ་པས་འུབ་ཆུབ། སྡོམ་པའི་ངོ་བོ་ནི། རང་ཁྲིམས་ལས་སོགས་རང་ཁྲིམས་ཤེས་གོམས་རྒྱུད་ལ་ཆགས་པའོ། སྡོམ་པའི་གྲངས་ནི། སྤྱི་གྲངས་ཕོ་ལ་ཉིས་བརྒྱ་ལྔ་བཅུའོ། མོ་ལ་རང་བསྣན་སུམ་བརྒྱ་དྲུག་བཅུ། བསྙེན་གནས་ཡན་ལག་བརྒྱད། དགེ་བསྙེན་གཏན་ཁྲིམས་སྣ་ལྔ། གཙང་གཙུག་བཅུ་གསུམ་དང་སུམ་ཅུའོ་ཞེས་བསྟན་ཡོད་པ་དང་།
   སྤྱིར་སོ་ཐར་རིག་བཞིས་མཚོན་པའི་རྟེན་ཕོ་མོའི་སྡོམ་པའི་གནང་འགག་གི་ཚུལ་ཟབ་ཅིང་རྒྱས་པར་ཡང་བོན་གྱི་འདུལ་གཞུང་ཁག་ནང་གསལ་བར་གསུངས་ཡོད་པས་འདིར་རྒྱས་སྤྲོས་སུ་འབྲི་བར་འོས་བབས་སུ་མ་མཐོང་སྟེ། ད་ལན་འདིར་གླེང་བར་བྱ་བའི་གཞི་ནི། གཡུང་དྲུང་བོན་གྱི་ལུགས་སུ་དྲང་སྲོང་མའི་སྡོམ་པ་གནང་ཆོག་གི་སྐོར་ཡིན་པས། དེ་ལུགས་བརྗོད་གཞི་དངོས་ཐོག་འབབ་པར་སྤྲོའོ། །
   དེ་ཡང་དྲང་སྲོང་མའི་བརྒྱུད་རིམ་བར་མ་ཆད་པ་ཡོད་པའི་ཁུངས་ཞིབ་གསལ་རྙེད་ཐབས་དབེན་ཀྱང་འདུལ་བ་དང་མཐུན་པའི་དྲང་སྲོང་མར་སྒྲུབ་ཏུ་རུང་བའི་འདུལ་བའི་ཁུངས་ཞིབ་གསལ་འགའ་འདིར་སྤྱན་དྲངས་རྒྱུ་ཡིན། དེ་ཡང་འདུལ་བ་ཀུན་འབྱུང་དབྱིངས་དག་རྒྱུད་ལས། ཚུལ་ཁྲིམས་རྩ་བ་མཁན་སློབ་ཡིན། མཁན་སློབ་སྡོམ་ནོད་འོས་འབྱུང་བརྟེན། དྲང་སྲོང་ཕོ་རྒྱུད་བཀའ་ཡི་རྒྱུད་ལ་འཆད། བུད་མེད་མཁན་སློབ་དང་ཡང་ཅིག ཡུལ་དུས་ན་སོ་རིགས་ལྡན་ཅིག དྲང་སྲོང་ཁྲིམས་ལྡན་མང་བསག་དགོས། དྲང་སྲོང་དེ་རྣམས་ཞལ་སྔ་རུ། བདེར་གཤེགས་རྟེན་གསུམ་དྲུང་དུ་ལན་བདུན་ཕོག དེ་ལ་བཟང་ཟས་མཚན་བཏགས་ཏེ། དེ་ལ་དྲང་སྲོང་མོ་རྣམས་མཁན་སློབ་ཞུ། དང་པོ་བཟང་ཟ་ཡུམ་ལས་འདུལ་བ་འབྱུང་བས། ཁོ་མ་ནེའུ་ཆུང་གནས་མཆོག་བཞིན། དྲང་སྲོང་མོ་རྒྱུད་སྤེལ་བར་བྱོས། རྩ་བརྒྱད་སུམ་བརྒྱ་དྲུག་བཅུའི་ཁྲིམས། གཙང་གཙུག་མ་དང་དགེ་བསྙེན་མ། བསྙེན་གནས་མ་ལ་སོགས་པ་རྣམས། སུམ་བརྒྱ་དྲུག་བཅུའི་ཁོང་ནས་བཀྲོལ། ཕྱིས་འབྱུང་དྲང་སྲོང་མ་ལ་སོགས། མཁན་སློབ་དྲང་སྲོང་མ་གཅིག་མེད་ཀ་མེད། གལ་ཏེ་དྲང་སྲོང་མ་ཞིག་མེད་འགྱུར་ན། གོང་བཞིན་མ་ནོར་གོ་ཕུབ་ཧ་ར། མཁན་སློབ་སྡོམ་ནོད་མཁས་བཙུན་འོས། ཚིག་ཤེས་ཧར་པོ་རབ་སྤོངས་ལ། མཁན་པོ་བརྒྱུད་ལྡན་ལུང་ཅན་རྒྱུད་རྨ་མེད། སློབ་དཔོན་བྱང་ཆུབ་སེམས་ལྡན་གོམས་ལ་འགྲེས། སྡོམ་ནོད་རང་ལ་ཕོག་ནས་ཕོ་ཡི་ཁྲིམས། མོ་ན་བཞིན་མ་ནོར་ལྷང་ངེ་བྱ། མཁས་གོམས་བཙུན་ལྡན་གོ་འབྱེད་ཉོབ་བེ། ཞེ་དྲུག་པའོ་ཞེས་དང་།
   དེ་བཞིན་འདུལ་བ་སྤྱི་ལྟོས་འགོག་པ་ཕྱོགས་བསྡོམ་རྒྱུད་ལས། ཚུལ་ཁྲིམས་ཀྱི་རྩ་བ་མཁན་སློབ་ཡིན་པས། དེ་ཡང་བུད་མེད་ཀྱི་མཁན་སློབ་བུད་མེད་ལ་འོས། དྲང་སྲོང་མ་ངེས་འབྱུང་བློ་ལྡན་མ་ལ་བྱ། སྐྱེས་པ་བྱས་ན་བསྟན་པ་ལ་དབང་ཟོས་པས། ངེས་འབྱུང་གི་ལྟུང་བ་ཕོག་པས་ངན་སོང་དུ་ལྷུངས། དྲང་སྲོང་མའི་མཁན་སློབ་དམིགས་བསལ་བ། སྐྱེས་པ་བསྙེན་རྫོགས་མཁས་བཙུན་ལྡན་པ་བྱ། དེ་ཡང་དྲང་སྲོང་བརྒྱ་གྲལ་བཅས་པ་དང་། རྟེན་གསུམ་ཚང་བའི་འདུ་ཁང་གསུམ་མམ། ཞུ་གནང་ཐོབ་བསྲུང་བའི་ཚུལ་ཁྲིམས་བོན། དྲང་སྲོང་མ་ངེས་འབྱུང་བློ་ལྡན་མ་བྱ་ཞེས་དང་། ཡང་འདུལ་བ་སྤྱི་ལྟོས་འགོག་པ་ཕྱོགས་བསྡོམས་རྒྱུད་ལས། དེས་ན་སྟོན་པ་འདས་འོག་མུ་ཆོ་ལྡེམ་དྲུག་ལ། བཀའ་ཕོ་ལུང་ནོད་སྨིན་པ་བཞིན་དུ། ལས་ཅན་དེ་ཉིད་དྲང་སྲོང་རྒྱལ་བ་ཡིན་པས། དེ་ལ་ལུང་བླངས་པ་དྲང་སྲོང་ཕོ་མོ་གང་ཡིན་ཡང་རུང་བའོ་ཞེས་དང་། འདུལ་བ་ཀུན་འབྱུང་དབྱིངས་དག་ལས། མུ་ཆོ་ལྡེམ་དྲུག་བསྟན་འཛིན་མཆོག ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སྐུ་ལ་གནས། མོ་ཁྲིམས་སུམ་བརྒྱ་དྲུག་བཅུ་ངག་ལ་བོན། གཙང་གཙུག་དགེ་བསྙེན་བསྙེན་གནས་རིག་པས་འབྱེད། གཤེན་རབ་འདས་དུས་ལུང་བསྟན་ཕོག་ཅེས་གསུངས་པས་སོ། །

བཟང་ཟ་ཡུམ་ལས་འདུལ་བ་བྱུང་རིམ་གྱི་སྐོར།

   དེ་ཡང་འདུལ་བ་རྩ་རྒྱུད་བོན་བཅུད་འདི། དང་པོར་ཕྱུངས་ཁུངས་བླ་ཁུངས་ནི། མཚལ་རི་ཟུར་གསུམ་ལྷ་ཡི་མདུན་སར། ཡུམ་བཟང་ཟ་རིང་བཙུན་གྱིས་བོན་ཞེས་འདུལ་བ་ཀུན་འབྱུང་དབྱིངས་བདག་ནང་གསུངས་ཡོད་པ་དང་། དེ་བཞིན་ཕལ་ཆེན་སྡོམ་བྱེད་ཀྱི་དམ་པའི་རྒྱུད་ལས། ཀུན་འབྱུང་འདྲེན་བྱེད་འཁོར་ལོའི་ཡུམ། ས་ཏྲིག་ཨེར་སངས་ལྷ་མོའི་སྐུ། འགྲོ་བ་ཐ་དད་ཐབས་ཀྱིས་འདུལ་བའི་ཕྱིར། བཟང་ཟ་རིགས་བཙུན་སྤྲུལ་པའི་སྐུ། ལྷ་མོ་ནི་ས་ཏྲིག་ཨེར་སངས་བྱ། བཟང་བ་ནི་ཡང་དག་དོན་ལ་སྐྱོན་དགུ་བྲལ། ཟ་ནི་མི་ལུས་ཤེས་རབ་ཀུན་འབྱུང་ཡུམ། རིགས་ནི་མི་ཕྱེ་བྱེ་བྲག་གསལ། བཙུན་ནི་འཁོར་བའི་བག་ཆགས་དྲི་མ་མེད། འདུལ་བ་ཀུན་འབྱུང་དབྱིངས་དག་བོན། བོན་ནི་མ་རིག་པ་ལ་དོན་བསྟན་བོན། དཔེ་མཚོན་དོན་ལ་ཐེབས་པའི་བོན། བདེན་པ་གཉིས་དོ་མཉམ་བསྟན་པའི་བོན། ཕྲ་རགས་དགེ་སྡིག་གོ་འབྱེད། ཚད་ལ་དོན་འགྲེལ་མི་འགལ་བོན། འདུལ་བ་ནི་ཚུལ་ཁྲིམས་ཕྲ་ཞིབ་སྟོན། གོས་དྲུག་ཚུལ་འཆང་ལུས་འབྱུང་འདུལ། སྙིང་པོ་རྣམ་གསུམ་ངག་འཆལ་འདུལ། ཁྲིམས་འཆལ་དར་མདུད་ཡིད་ལོག་འདུལ། རིན་ཆེན་རྫས་ལྔས་འཁོར་བ་འདུལ། བག་ཆགས་ཕྲ་རགས་སྦྱོང་གིན་སྤོང་། ལས་ལ་རྒྱུ་འབྲས་ཐ་ར་ན་བརྩི། ཀུན་འབྱུང་བ་ནི་དགེ་དང་མི་དགེ་བ། ཕྲ་རགས་འཕེལ་རྒྱས་ཐམས་ཅད་སྟོན་པ་དང་། འདུལ་བ་མ་ཡིན་ལོགས་པའི་བོན། འདུལ་བ་ཁྲིམས་བཅས་ཡུམ་གྱིས་བཀག་ཅེས་གསུངས།

འདུལ་བའི་བརྒྱུད་རིམ་མ་ཡུམ་བཟང་ཟ་རིགས་བཙུན་ལས་མར་མཆེད་ཚུལ།

   དེ་ཡང་འདུལ་བ་ཡོངས་རྫོགས་རྣམ་དག་སྡོམ་བྱེད་ཀྱི་རྒྱུད་ལས། ཡུམ་ཆེན་བཟང་ཟ་རིགས་བཙུན་ནི། བྱང་ཕྱོགས་གླིང་རྣམས་པདྨ་དག བདེ་བ་ཆེན་པོ་སྟོང་ཉིད་ངང་། མི་དམིགས་བོན་སྐུ་གཡོ་མེད་པས། ལོངས་སྤྱོད་རྫོགས་སྐུ་ས་ཏྲིག་ཡུམ། བོན་ཉིད་དབྱིངས་ལས་སྤྲུལ་པའི་སྐུ། མཐའ་ཡས་སེམས་ཅན་ཐམས་ཅད་ལ། ཐུགས་རྗེས་རབ་དགོངས་འདུལ་བ་བོན། ཡུམ་ཆེན་བཟང་ཟ་རིགས་བཙུན་ལ། ཕྱག་འཚལ་དང་བས་སྐྱབས་སུ་མཆི། ཡུམ་གྱི་བཀའ་གསལ་ལུང་ནོད་ནས། སྲས་མཆོག་འཆི་མེད་གཙུག་ཕུད་ཀྱིས། ཡུམ་གྱི་མེ་ངག་དམ་པའི་དོན། རྣམ་པར་དག་བྱེད་འདུལ་བར་འཛིན། འཆི་མེད་གཙུག་ཕུད་འགྲོ་ལ་དགོངས། སྤངས་པ་བདུན་བོར་རབ་ཏུ་བྱུང་། ཤེས་རབ་ཁྱིམ་སྤང་རབ་ཏུ་བྱུང་། ཞེས་དང་། འདུལ་བ་ཀུན་འབྱུང་དབྱིངས་དག་ལས། ཕྱག་འཚལ་བ་ནི་སྔོན་ཀུན་ཏུ་བཟང་པོས་རང་བཞིན་དབྱིངས་སུ་བསྩལ། ཀུན་སྣང་ཁྱབ་པས་བོན་སྐུ་ལ་བསྩལ། ཡེ་ཤེས་གཙུག་ཕུད་ལ་སོགས་པས། གཙུག་ཕུད་དགུ་རིམ་པར་བཙལ། ད་ལྟ་ཡུམ་བཟང་ཟ་ལ་སྲས་བཙལ་ལོ་ཞེས་དང་། ཡང་བསྟན་པའི་མངའ་བདག་འཆི་མེད་ལ། ཡིད་ཀྱི་ཁྱེའུ་བཞི་དང་དྲང་སྲོང་རྒྱལ་བས་གསན་ཞེས་གསལ། དྲང་སྲོང་རྒྱལ་བས་བདག་ཅག་གི་སྟོན་པ་གཤེན་རབ་མི་བོ་ལ་དྲང་སྲོང་གི་སྡོམ་ཁྲིམས་འབོག་སྟེ་ཁྲི་གཙུག་རྒྱལ་བ་ཞེས་མཚན་གསོལ་གནང་མཛད་པ་སོགས་མོད་དྲི་མེད་གཟི་བརྗིད་དང་གཟེར་མིག་ནང་གསལ་ཡོད་པས་དེ་དག་ལ་རོབ་རྩིས་ཀྱི་ཚུལ་དུ་གཞིགས་ན་འདུལ་བའི་བརྒྱུད་རིམ་གྱི་ཕྲེང་རྒྱུད་དེ་ཇི་ལྟར་མཆེད་ཡོད་པ་དེ་རྟོགས་ཐུབ་བོ། །

དོགས་པ་སྔོན་དུ་བསུས་ནས་དགག་སྒྲུབ་ཀྱི་ལས་ལ་འཇུག་པ།

   རིགས་པ་སྨྲ་བ་འགའ་ཞིག་གིས་གཞན་ལ་སོ་ཐར་གྱི་སྡོམ་པ་གནང་བ་དེ་ལ། རང་ཉིད་ལ་འདུལ་སྡོམ་ཡོད་དགོས་མིན་དང་བཟང་ཟ་རིགས་བཙུན་ནི་མོ་རྒྱུད་སྔགས་འཆང་བ་ཞིག་ཡིན་པ་སོགས་ཀྱིས་དོགས་བརྗོད་ཀྱི་མདའ་མོ་འཕང་མི་སྲིད་པ་མེད་པས། དེ་ལ་ལན་གྱི་ཕུབ་མ་འདི་ལྟར་འདེགས་པར་སྤྲོ། འདུལ་བ་ཀུན་འབྱུང་དབྱིངས་དག་རྒྱུད་ལས། སྲས་རྒྱུད་དྲང་སྲོང་ཐེག་པའི་བོན། འདུལ་བ་ཀུན་འབྱུང་དབྱིངས་དག་རྒྱུད། མ་ཡེངས་ལུས་ངག་དཔོན་གསས་རང་། འདུལ་བ་བཟང་ཟ་ཡུམ་གྱི་ངག བོན་སེམས་སྦྱོར་བྱེད་མན་ངག་ཁྲིམས། རྟོག་པ་རང་དཀའ་སངས་རྒྱས་བོན། གོས་དྲུག་རྫས་ལྔ་གཤེན་ལྷ་ཡབ། འགྲོ་བའི་དུས་ཕྱུངས་གཤེན་རབ་གནང་ཞེས་པས། རྒྱལ་ཡུམ་བཟང་ཟས་སྲས་འཆི་མེད་གཙུག་ཕུད་ལ་ནང་གི་ཁྲིམས་དང་། གཤེན་ལྷ་ཡབ་ཀྱིས་ཕྱི་ཡི་ཚུལ་གནང་བར་བསྟན་པ་དག་གིས་ཀྱང་ཤེས་ནུས་པ་དང་།
   གཞན་ཡང་ཁྲོ་བོ་རྒྱུད་དྲུག་གི་ནང་ཚན་འགུ་ཡ་སྲོག་འཛིན་ལས། འདུལ་སྡོམ་འདུས་པའི་ཡོན་ཏན་ནི། ཐེག་ཆེན་སྤྱི་ཡི་དམ་ཚིག་གི། མི་འདའ་གནང་བར་འགྱུར་པ་ན། འོག་མ་དགེ་བསྙེན་དྲང་སྲོང་གི། བསྲུང་བའི་སྡོམ་པ་མ་ལུས་ཀུན། ཆེད་དུ་བསྲུང་བར་མེད་འགྱུར་ཡང་། ཞར་གྱིས་ཐམས་ཅད་ཐུབ་པས་ན། དགེ་བསྙེན་པ་དང་དྲང་སྲོང་པ་འདུས་པའི་གཤེན་རབ་ཆེན་པོ་ཡིན་ཞེས་ལུང་ཚིག་དེ་དག་གིས་ཚུལ་ཁྲིམས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་ལྡན་པའི་སྔགས་ཀྱི་རྣལ་འབྱོར་པས། དམ་ཚིག་ས་མ་ཡ་འབུམ་སྡེ་མིག་འབྲས་བཞིན་དུ་བསྲུང་བས། འདུལ་སྡོམ་ལ་སོགས་ཆེད་དུ་གཉེར་ནས་བསྲུང་བ་མེད་ཀྱང་།རང་བཞིན་གྱི་ཡོན་ཏན་རྫོགས་པར་བསྟན་པ་དང་། དེ་དག་གི་རྒྱུད་ལ་འདུལ་སྡོམ་མེད་ཀྱང་གནང་བ་ལ་འགལ་བ་ནི་མེད་པ་ཉིད་དུ་སེམས་སོ། །རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ལས། མདོར་ན་སངས་རྒྱས་ཐམས་ཅད་རང་འབྱུང་གི་བསྙེན་པར་རྫོགས་པ་ཡིན་རུང་། ཐ་སྙད་གདུལ་བྱའི་སྣང་ངོར་རང་ལས་ཐོབ་པ་དང་། གཞན་ལས་ཐོབ་པ་གཉིས་ཡོད་པར་གསུང་པ་ནི། སངས་རྒྱས་ཀྱི་ཐབས་མ་འགག་པ་སྣ་ཚོགས་ཤིག་མཛད་པ་ཞིག་ཡིན་ཏེ། ལུང་ལས། བོན་རྣམས་ནི་བློ་དང་འཚམས་པར་གསུང་པ་ཡིན་ཅེས་གསུངས།
   རྒྱལ་རིགས་ཀྱི་གཤེན་པོ་མི་ལུས་བསམ་ལེགས་དང་། གཤེན་རབ་ཐུགས་ཀྱི་གཉེར་དཔོན་བླ་ཆེན་དྲན་པ་ནམ་མཁའ་ལ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་སོ་ཐར་གྱི་སྡོམ་པ་གཞན་ལ་མི་གནང་བ་འདི། རང་ཉིད་ཀྱིས་གནང་མི་ཆོག་པས་ཡིན་ནམ། ཡང་ན་རྒྱུ་མཚན་གཞན་ཞིག་ཡོད་པས་སོ་ཞེ་ན། འདི་ལ་ཁོ་མོས་གཞུང་གི་སྤྱི་འགྲོས་ལ་དཔྱད་དེ་རང་ཉིད་ཀྱི་གནས་བབས་དང་འཚམས་པའི་གསུང་ལན་ཞིག་འབུལ་བར་སྤྲོ་བ་ནི་འདི་ལྟ་སྟེ། དང་པོ་ནི་ཚུལ་ཁྲིམས་ཀྱི་བྱ་བ་ཡོངས་སུ་རྫོགས་ཟིན་པ་དང་། ཉེས་བྱས་ཕྲ་མོ་ཙམ་ཡང་ཟད་ཟིན་པའི་དོན་གཉིས་ཕུལ་ཕྱིན་གྱི་སངས་རྒྱས་ཡིན་པར་བརྟེན། གནང་མི་ཆོག་པ་མ་ཡིན་ལ་ལྟུང་བ་དང་སྦོམ་པོ་ཉེས་བྱས་ཀྱི་ཚོགས་གང་ཡང་འབྱུང་མི་སྲིད་པ་ནི། དངོས་སྟོབས་རིག་པའི་ལམ་ནས་འདའ་མི་སྲིད་པ་ཉག་གཅིག་གོ །
   གཉིས་པ་ནི་སྤྱིར་རྩོད་ལྡན་སྙིགས་མ་ལྔ་ཕུང་གི་དུས་ཡིན་པ་དང་གཅིག་ཡང་སྒོས་བསྟན་པ་ལ་དམའ་འབེབ་དང་། འདུལ་འཛིན་པ་ལ་ཡ་ཁ་ལྡང་བའི་དུས་ཡིན་པ་དང་གཉིས། ལྟ་སྤྱོད་གདེངས་དང་མི་ལྡན་པའི་ཕྱི་རབས་ཀྱི་གདུལ་བྱ་རྣམས་སྐྱ་མིན་བཙུན་མིན་གྱི་འཆལ་སྤྱོད་འབའ་ཞིག་ཏུ་འགྲོ་བའི་མ་འོངས་མངོན་གཟིགས་ཀྱི་ཚུལ་དུ་མ་གནང་བ་ཞིག་ཡིན་པར་སྨོས་མ་དགོས་པ་དང་། བཟང་ཟས་སྲས་འཆི་མེད་ལ་གནང་བ་ནི་བསྟན་པའི་སྣོད་དུ་རུང་བ་དང་། སངས་རྒྱས་ཐམས་ཅད་རང་འབྱུང་གི་བསྙེན་རྫོགས་ཡིན་པའི་རྟགས་སོ། །

གཡུང་དྲུང་བོན་གྱི་ལུགས་སུ་དྲང་སྲོང་མ་དང་གཙང་གཙུག་མའི་སྡོམ་པ་ཐོག་མར་བཞེས་མཁན་གྱི་བཙུན་མའི་སྐོར།

   བོན་ལུགས་སུ་བདག་ཅག་གི་སྟོན་པ་ཞལ་བཞུགས་པའི་སྐུ་དུས་སུ་<<མདོ་དྲི་མེད་གཟི་བརྗིད་ལས།>>གཉིས་པ་མོ་གྲལ་གཡོན་ལ་བཏགས་ཏེ། དེ་ཡང་དང་པོ་རྒྱལ་བའི་སྲས་མོ་གཤེན་ཟ་ནེའུ་ཆེན་ལ། དག་པའི་དཀའ་ཐུབ་ཡིན་པས་ཚུལ་ཁྲིམས་དོན་གསལ་ཞེས་བྱ་བར་བཏགས་སོ། དེ་ནས་ཁབ་ཀྱི་དཔལ་འབར་བྲམ་ཟེའི་བུ་མོ་ལ་བྱམས་པ་ཚུལ་ལྡན་ཞེས་བྱ་བར་བཏགས་སོ། ཧོས་ཟ་རྒྱལ་མེད་མ་ལ་ཁྲི་བཙུན་ཚུལ་མཛེས་ཞེས་བྱ་བར་བཏགས། གཤེན་ཟ་ནེའུ་ཆུང་ལ་ཁྲི་མ་ལམ་གསལ་ཞེས་བྱ་བར་བཏགས་སོ། ཀླུ་ཟ་འོད་ལྡན་ལ་ཡིད་བཞིན་ཚུལ་མཛེས་ཞེས་བྱ་བར་བཏགས་སོ། རྨང་རིགས་ཀྱི་བུ་མོ་ལ་དྲི་མེད་ལས་གསལ་ཞེས་བྱ་བར་བཏགས་སོ། རྗེའུ་རིགས་ཀྱི་བུ་མོ་ལ་ཚུལ་ལྡན་འབྱོར་མ་ཞེས་བྱ་བར་བཏགས་སོ། ཤག་རིགས་ཀྱི་བུ་མོ་ལ་བྱམས་པ་དོན་ལྡན་ངང་རིང་ཞེས་བྱ་བར་བཏགས་སོ། རྒྱལ་རིགས་ཀྱི་བུ་མོ་ལ་བྱམས་པ་དོན་ལྡན་ཞེས་བྱ་བར་བཏགས་སོ། འོད་ལྡན་ཉི་མ་ལ་བྱམས་ལྡན་ཉི་མ་ཞེས་བྱ་བར་བཏགས་སོ། པད་མ་གཟི་མཛེས་ལ་དྲི་མེད་ཚུལ་མཛེས་ཞེས་བྱ་བར་བཏགས་སོ། །དབང་འབར་ལེགས་སྒྲོན་ལ་ཡེ་ཤེས་དོན་གསལ་ཞེས་བྱ་བར་བཏགས་སོ། དེ་བཞིན་དུ་ཁབ་ཀྱི་དཔལ་འབར་བརྒྱ་དང་དྲུག་བཅུ་རབ་ཏུ་བྱུང་ནས་དག་པ་དྲང་སྲོང་གི་ཚུལ་ལ་གནས་སོ། །
   གཞན་ཡང་བདུད་མོ་འདོད་པའི་འགྱུར་མ་དྲུག་རབ་ཏུ་བྱུང་། སྦྱིན་པ་དགེ་ལྡན་མ་དང་ཚུལ་ཁྲིམས་ངང་ལྡན་མ། བཟོད་ཐོབ་ཚུལ་ཁྲིམས་མ་དང་བརྩོན་འགྲུས་ལན་གསལ་མ་དང་བསམ་གཏན་ཚུལ་འབྱོར་མ་དང་ཤེས་རབ་དགེ་ལྡན་མ་དྲུག་གོ། སྲིན་མོ་ཁྲག་འཐུང་སྙིང་རིང་མ་རབ་ཏུ་བྱུང་བ་ལ་ཀུན་དགའ་ཚུལ་མཛེས་ཞེས་བྱ་བར་བཏགས་སོ། མུ་སྟེགས་ཀྱི་བུ་མོ་བ་ལ་མཛོ་ཏི་མ་རབ་ཏུ་བྱུང་ནས། བྱ་མ་ཁྲི་གསལ་ཞེས་བྱ་བར་བཏགས་སོ། བཙུན་མ་དཔོ་བཟའ་ཐང་མོ་ལ་ཁྲི་མ་ཚུལ་ལྡན་མ་བྱ་བར་བཏགས་སོ། བཙུན་མ་རྐོང་བཟའ་ཁྲི་ལྕམ་འོད་མ་ཚུལ་མཛེས་མ་བྱ་བར་བཏགས་སོ། རྐོང་ཟ་འཕྲུལ་མོ་ལ་གཡུང་དྲུང་དགེ་ལྡན་མ་བྱ་བར་བཏགས་སོ། དེ་ལྟར་མོ་གྲལ་གཡོན་ནས་ཀུན་ལ་ཚུལ་མིང་དུ་བཏགས་ནས། ཁྲིམས་དབོག་པར་མཛད་དོ། །
   དེ་བཞིན་དུས་ཕྱིས་གཡུང་དྲུང་བོན་གྱི་བཙུན་མ་བྱང་ཆུབ་འགྱུར་མེད་མ། སྨྲ་བ་དོན་ལྡན་མ། འོ་ཡུག་གི་བཙུན་མ་དར་སྒྲོན། རྗེ་བཙུན་ཚུལ་ཁྲིམས་དོན་གསལ། ཚུལ་ཁྲིམས་མཚོ་མོ། རྗེ་བཙུན་སྨོན་ལམ་སྒྲོལ་མ། དྲང་སྲོང་མ་སེམས་ཉིད་གསལ་ལ་སོགས་བྱུང་ཡོད་པའི་ལོ་རྒྱུས་ཐོར་བུ་འགའ་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་ཁྲོད་མཇལ་རྒྱུ་ཡོད། ཁྱུང་སྤྲུལ་རིན་པོ་ཆེས་ཁུ་ནུ་རུ་བཙུན་མ་དོན་རྟོགས་བཟང་མོ་ལ་དྲང་སྲོང་མའི་སྡོམ་པ་གནང་ནས་ལོ་མང་པོའི་རྗེས་སུ་གྱ་བོང་དགེ་བཤེས་རིག་འཛིན་བསྟན་པས་རང་གི་ཞབས་ཕྱི་ཞིག་གི་ལག་ཏུ་དྲང་སྲོང་མའི་སྡོམ་པ་གནང་བ་ལ་འགག་བྲིས་ཞིག་ཕུལ་ཏེ། ལན་ཅི་ནས་ཀྱང་ཡོད་པ་ཞུས་པ་ལ། རིན་པོ་ཆེས་སྣང་འཇོག་དེ་ཙམ་མ་མཛད། ཕྱིས་སུ་སློབ་མ་རྣམ་པས་དགག་ལན་ཅིག་ངེས་པར་དུ་བྲིས་དགོས་འདུག་གསུང་པ་ལ་བརྟེན་ནས་རྒན་དམ་པ་དཔལ་ཚུལ་གྱིས་མུ་སྟེགས་པའི་ཀླད་པ་འཇོམས་བྱེད་དགག་ལན་ལུང་རིགས་ཐོག་མདའ་བཅས་པ་ཞིག་སྤེལ་འདུག་ཀྱང་། དུས་འགྱུར་རིམ་འགྲོས་ནང་རྩ་བརླག་ཏུ་ཕྱིན་ནས་ད་ལྟ་མཇལ་སྐལ་དུ་མ་འགྱུར།
   ཕྱི་ལོ་༢༠༠༨ལོར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་དང་། གསང་གསུམ་བོན་གྱི་མཛོད་འཛིན་དཔལ་གཤེན་བསྟན་སྨན་རིའི་ཡོངས་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་དྲང་སྲོང་མའི་སྡོམ་ཁྲིམས་བསྩལ་བ་དེ་ཡང་རྒྱལ་བའི་བཀའ་ནང་གསལ་བའི་ལུང་ཚིག་དག་གི་རྒྱབ་གཉེར་ཁོ་ནའི་གཟི་བརྗིད་ལ་བརྟེན་ནས་གནང་བ་ཞིག་ཡིན་པ་ནི་སྨོས་མ་དགོས་སོ། །

བཙུན་མ་ལ་ཚུལ་མིང་གི་ཐོག་ནས་འབོད་ཚུལ།

   སྤྱིར་བཏང་བཙུན་མ་ལ་འདུལ་ཁྲིམས་གཞིར་བཟུང་གིས་གོ་རིམ་གྱི་ཚུལ་དུ་མཚན་བརྗོད་པ་ནི། སྤྱི་ཚོགས་ནང་དེ་ཙམ་ཁྱབ་བདལ་དུ་ཕྱིན་མེད་པ་ནི། འདུལ་གཞུང་ནང་གསལ་ཡོད་པའི་ཚུལ་མིང་གི་གོ་རིམས་མ་རྟོགས་པ་དང་། སྤྱིར་འདུལ་བ་མི་སྐྱ་ཕོ་མོ་ལ་བཤད་མི་ཆོག་པའི་རྐྱེན་གྱིས་ཡིན་པར་སེམས། དེ་མིན་དེ་མུར་ཀུན་གྱི་ངག་རྒྱུན་དུ་ཆེས་གོམས་འདྲིས་སུ་མཆིས་པའི་ཐ་སྙད་ནི། ཨ་ནེ། ཨ་ནི། ཇོ་མོ། ཆོས་ལགས་ཞེས་འབོད་ཚུལ་ཅི་རིགས་སུ་སྣང་། དེང་གི་ཆར་སྤྱི་ཚོགས་ནང་བཙུན་མ་ལ་ཡོངས་གྲགས་སུ་ཨ་ནི་ཞེས་པའི་འབོད་སྲོལ་དར་ཁྱབ་ཆེས་ཤོས་ཡིན་པ་ནི་ཀུན་གྱི་མཁྱེན་གསལ་ལྟར་རེད། བཙུན་པ་ལ་ཡང་གྲྭ་པ་དང་སྐུ་གཞོགས་ལ་སོགས་ཀྱི་ཐ་སྙད་ལས་འདུལ་ཁྲིམས་གཞིར་བཟུང་གིས་འབོད་པ་དཀོན་ཡང་། འདུལ་གཞུང་ལ་མཁྱེན་རྟོགས་མཆིས་པའི་མཁྱེན་ལྡན་རྣམས་ཀྱིས་དེ་བཞིན་འབོད་པར་སྣང་།
   དང་ཐོག་གཡུང་དྲུང་བོན་གྱི་འདུལ་གཞུང་ཁག་ནང་བཙུན་མ་ལ་འདུལ་ཁྲིམས་གཞིར་བཟུང་གིས་འབོད་ཚུལ་ཇི་ལྟར་ཡོད་ཅེ་ན། དེ་ཡང་འདུལ་བ་རྒྱུད་དྲུག་ནང་། བསླབ་པ་རྒན་རིམ་ལ་སྐྱེ་དང་རྗེ་དོང་བ། དྲང་སྲུང་མའམ་རབ་བྱུང་བར་འབོད། འཁོར་བའི་མིང་དང་རུས་སྤང་འབོད། འདུལ་བའི་བརྒྱུད་རིམ་ཇི་ལྟར་བྱུང་བའི་ཁུངས་ཀྱི་ལུང་ཚན་ལས། བསླབ་པ་རྒན་རིམ་ལ་ཨ་ཡང་འབོད། གཞོན་པ་ཐམས་ཅད་ལ་དྲང་སྲོང་མ་ཏི་དང་དགེ་བཙུན་པད་མོར་བརྗོད་ལ་འབོད། ཁྱིམ་པའི་མིང་རུས་འབོད་པ་སྤོང་བར་བྱ། མཁན་སློབ་ཀྱིས་བཏགས་པ་ནས་འབོད། ཅེས་གསལ་ཡོད་ཀྱང་། སྐྱེ་དང་རྗེ་དོང་བ། ཨ་ཡང་དང་དྲང་སྲོང་མ་ཏི་དང་དགེ་བཙུན་པད་མོ་སོགས་ཀྱི་མཚན་བརྗོད་དགོས་ཚུལ་ནི། འདུལ་བ་རྒྱུད་དྲུག་གི་གཞུང་ཁོ་ན་ནང་གསལ་བ་ལས། གཞན་བོན་གྱི་འདུལ་གཞུང་ཁག་ནང་དེ་ལྟར་ཡོད་པ་མ་མཇལ། བོན་གྱི་འདུལ་གཞུང་ནང་འཁོར་སྡེ་བཞི་ཡ་བརྒྱད་ཡོད་དེ། དེ་ཡང་སྡེ་བཞི་ནི། བསྙེན་གནས་མ་དང་དགེ་བསྙེན་མ་ཟུང་ནི་རྟེན་ཁྱིམ་པ་ལ་བརྟེན་པའི་སྡེ་པ་དང་། གཙང་གཙུག་མ་དང་དྲང་སྲོང་མ་ནི་རབ་བྱུང་ལ་བརྟེན་པའི་སྡེ་པ་ཡིན། འདུལ་ཁྲིམས་༣༦༠ གཉེར་བའི་བཙུན་མ་ལ་དྲང་སྲོང་མ་དང་། ཉེར་ལྔ་མཆིས་པའི་བཙུན་མ་ལ་གཙང་གཙུག་མ་ཞེས་འབོད། དྲང་སྲོང་གི་ཕོ་ཁྲིམས་༢༥༠འཛིན་པའི་བཙུན་མ་ལ་བར་སློབ་མ་ཞེས་པའང་ཡོད་པའི་ཁུངས་ནི། ཐེག་ཆེན་ལྷ་ཡི་མེ་ལོང་དང་། རྗེའི་འདུལ་འགྲེལ་ནང་གསལ། ཆོས་པའི་འདུལ་གཞུང་ནང་དགེ་བསྙེན་མ་དང་རབ་བྱུང་མ་དང་དགེ་ཚུལ་མ་དང་དགེ་སློབ་མ་དང་ཚངས་སྤྱོད་ཉེར་གནས་དང་དགེ་སློང་མ་བཅས་པའི་བཙུན་མ་ལ་ཚུལ་ཁྲིམས་ཀྱི་གོ་གནས་རིམ་པར་ཡོད་པ་དང་། དེ་དག་གི་ཁྲིམས་ཀྱང་གོ་གནས་གཞིར་བཟུང་གིས་མང་ཉུང་གི་ཁྱད་པར་ཡོད། ཆོས་ཀྱི་ལུགས་སུ་འདུལ་ཁྲིམས་༣༦༤ཡི་བདག་ཉིད་ཅན་ལ་དགེ་སློང་མ་ཞེས་འབོད།
   སྤྱིར་བཙུན་མ་ནི་ཁ་ན་མ་མཐོ་བའི་ལས་ལ་འཛེམས་པ་དང་འཛེམས་པར་བྱེད་པོ་དང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ནི་བརྟུལ་བཞུགས་ལ་ངེས་པར་གནས་པའི་ཕྱིར་གཞན་དག་ལ་ཚིག་བཙུན་པར་ཡིན་པའི་ཕྱིར་བཙུན་པའམ་བཙུན་མ་ཞེས་འདུལ་ཁྲིམས་ཀྱི་བདག་གཉེར་ཅན་ལ་གཙོ་ཆེར་གོ་ཡང་བློ་རིག་རྣོ་ཞིང་རྣམ་འབྱེད་ཀྱི་ཤེས་རབ་ཡངས་པ་ལ་ཡང་མཁས་བཙུན་ཞེས་འཇུག་པ་དཔེར་ན་ཕྱྭ་ཀེང་རྩེ་ལེན་མེད་དང་མགོན་བཙུན་ཕྱྭ་ཡི་རིགས་སོགས་ལ་ཡང་འཇུག་པ་ལྟ་བུའོ། གཞན་ཡང་བསྲུང་ཁྲིམས་ཙ་ལག་དང་བཅས་པ་ཚུལ་བཞིན་དུ་བསྲུང་བའི་སྔགས་ཀྱི་རྣལ་འབྱོར་པ་ལའང་བཙུན་པ་ཞེས་པའི་ཐ་སྙད་བྱ་རུང་སྟེ། དཔེར་ན་ཏ་པི་ཧྲི་ཙས་སྣང་བཞེར་ལོད་པོ་ལ་ལུང་བསྟན་གནང་བའི་ཚིག་གི་འབྲུ་མ་ལས་གསལ་བ་ལྟར་ན། མཁས་པར་བློ་སྦྱང་བཙུན་པར་ཁྲིམས་བསྲུང་། མཚན་ཉིད་ཐམས་ཅད་ཀྱི་རྣམ་གྲངས་ནི་མཁྱེན། གདམས་ངག་ཐམས་ཅད་ཐུགས་སུ་ཆུད། རྒྱལ་པོས་བླ་ཡི་མཆོད་གནས་སུ་བཏེགས་ཞེས་གསུངས་པ་ལ་གཞིགས་ན་རྟོགས་པར་ནུས་སོ། །
   སྤྱིར་རབ་བྱུང་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་སྟེ་དགེ་ཚུལ་སློང་གི་སྡོམ་པ་བླངས་པའི་གྲྭ་པ་དང་བཙུན་མ་ལ་འཇུག་ཀྱང་། མེ་མོ་ཡོས་ལོ་དང་། ལོ་རྒན་དྲུག་ཅུ་སྐོར་ཅིག་གི་མིང་ལའང་འཇུག་སྲོལ་ཡོད། རབ་བྱུང་ཞེས་པའི་ཐ་སྙད་ཀྱི་འབྲི་སྟངས་ཐད་ལ། རབ་འབྱུང་དང་། རབ་དབྱུང་དང་། རབ་ཕྱུང་དང་རབ་བྱུང་སོགས་ཅི་རིགས་མཆིས། བཙུན་མ་ལ་སྤྱི་ཚོགས་ཁྲོད་དར་ཁྱབ་ཆེ་བའི་ཐ་སྙད་ནི། ཇོ་མོ། ཨ་ནེ། ཨ་ནི། ཆོས་ལགས་ལ་སོགས་ཀྱི་འབོད་སྟངས་མི་འདྲ་བའི་ཁག་ལས། དང་ཐོག་ཇོ་མོ་ཞེས་པའི་ཐ་སྙད་འཇུག་ཚུལ་བཙུན་མ་གཅིག་པུ་ལ་མ་ཡིན་པར། རྒྱལ་པོའི་ཆུང་མ་ལ་བཙུན་མོ་དང་། སྔགས་ལུགས་ཀྱི་བླ་སྤྲུལ་གྱིས་བསྟེན་པའི་བདག་མོ། རྗེ་རིགས་ཀྱི་བུད་མེད་ལ་རྗེ་རིགས་མ་སོགས་ལའང་འཇུག་སྲོལ་ཡོད། དེ་ཙམ་མ་ཡིན་པར་ས་མིང་དང་རི་སོགས་ལ་ཡང་འཇུག་སྟེ། ས་མིང་ལ་འཇུག་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲི་རྫོང་ཁོངས་ཉང་ཆུའི་ལྷོ་འགྲམ་དུ་ཡོད། རི་སོགས་ལ་འཇུག་པ་ནི། ཇོ་མོ་གླང་མ་རི། ཇོ་མོ་ལྷ་རི་དང་། སྔོ་སྨན་གྱི་རིགས་ལ་འཇུག་པ། ཇོ་མོ་གློ་ལྡུམ་དང་། གདན་ས་ལ་འཇུག་པ། ཇོ་མོ་ནང་ཞེས་པའི་ཇོ་ནང་གི་གདན་ས་གཞིས་རྩེའི་ཁུལ་གྱི་ལྷ་རྩེ་རྫོངས་ཁོངས་སུ་ཡོད། བཙུན་མ་ལ་ཨ་ནེ་དང་ཨ་ནི་ཞེས་པའི་བྲིས་སྲོལ་མི་འདྲ་བ་གཉིས་སུ་སྣང་། སྤྱིར་བཙུན་མ་དང་གཞོན་ནུ་མ་ཆུང་ཆུང་ལ་ནི་གུ་ཞེས་འབོད་སྲོལ་ལྟར་ན། ཨ་ནི་ཞེས་བྲིས་པར་དེ་འཐད་པར་སེམས། ཆོས་པའི་བཙུན་མ་ལ་ཆོས་ལགས་ཞེས་པའི་འབོད་སྲོལ་ལས་བོན་ལུགས་སུ་དེ་ལྟར་མི་སྣང་ངོ་། །
   མཐའ་དོན་དུ་དྲང་སྲོང་མའི་སྡོམ་པ་གནང་ཆོག་གི་རྣམ་བཤད་ཉུང་བསྡུས་ཤིག་རྒྱལ་བའི་བཀའ་འདུལ་བ་རྒྱུད་དྲུག་ལ་སོགས་ལ་གཞིར་བཅོལ་ནས་བྲིས་པའི་དཀར་པོ་དགེ་འབྲས་ཅི་མཆིས་ཀྱང་ཁམས་གསུམ་སེམས་ཅན་ལ་བསྔོ་སྨོན་དང་། ནོར་འཁྲུལ་དང་འགའ་འཛོལ་གྱི་རིགས་ཤིག་མཆིས་ཚེ་གཤེན་གྱི་འདུལ་འཛིན་པ་རྣམས་ཀྱིས་ནོར་འཁྲུལ་ལ་ཡོ་བསྲང་དང་དགོངས་འཆར་ལྷུག་པོར་ཡོང་བའི་བཅོས་མིན་སེམས་ནས་རེ་སྨོན་ཞུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།