གནའ་བོའི་ནམ་ཟླའི་ལོ་ཐོ།

[ཟླ་ཚེས། 2018-02-25 09:10:46][རྩོམ་པ་པོ། ཁྱུང་ལུང་ཚུལ་ཁྲིམས་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

གངས་ཅན་བསིལ་མོའི་ལྗོངས་ཀྱི་ཆེས་གནའ་བོའི་ལུགས་རྙིང་འདུལ་རྒྱུད་དང་ཀླུ་འབུམ་དང་སྨན་འབུམ་བཅས་ཀྱི་ལོ་ཟླ་དང་དུས་གཟེར་རྩི་སྟངས་མེས་པོའི་ཞལ་ལུང་།

 1519521257121939.jpg

དང་པོ་འདུལ་བ་རྒྱུད་དྲུག་ལས་བྱུང་བའི་ལོ་ཟླ་ཉི་མ་དུས་བཟུང་ལེའུ་དང་འབྲེལ་བའི་རྩིས་གཞི།

   སྟོན་པ་གཤེན་རབ་མི་བོ་མཆོག་ལ་ཕྱག་འཚལ་ལོ་སྣང་སྲིད་འཇིག་རྟེན་གྱི་ཁམས་འདིར་ཞི་བ་དང་བདེ་ལེགས་སུ་མཛད་དུ་གསོལ་ལོ།།

   དང་པོ་མ་དཔེ་ངོས་བཤུས་མ་ནི།  དེའང་ཇི་སྐད་དུ།   འདུལ་བ་རྒྱུད་དྲུག་ལས།   བདེ་བར་གཤེགས་ལ་པ་ཧོ།    སྲས་རྒྱུད་དྲང་སྲོང་ཐེག་པའི་བོན།  འདུལ་བ་སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད།   མཇུག་དོན་བཞི་པ་དོན་འགྲེལ་གྲངས་འབེབས་པ།   དཔེ་མཚོན་རྟགས་འབེབས་དོན་ལ་རིག   ཅེས་པ།  འདབ་ཆགས་རྒྱལ་པོ་བྱ་ཚ་ཀོན་ནེ་བྱ་བ།   སྡེ་འདོད་ཁམས་ཀྱི་བྱ་ཡིན།   བགྲོད་པ་ནི།   སུམ་ཅུ་རྩ་གསུམ་མན་ཆད་འཕུར།   གནམ་ས་བར་སྣང་ལ་གནས་ཀྱིན་སྒོ་ང་ཡང་།   བར་སྣང་སྟོང་པའི་ཀློང་ནས་གཏོང་བར་བྱེད།   བང་མགྱོགས་ཆུ་བུར་མིག་གི་ལྟ་མི་མངོན།   གཟན་ཤིང་ཡོངས་སུ་རྡོལ་གྱི་འབྲས་བུ་སྙོགས།   བཏུང་བ་ཕྱི་ཡི་རྒྱ་མཚོ་ལ་འགྲོ་བས།   མ་གཟན་ལ་སྙིགས་རིང་ལ་ཕས་སྒོ་ང་གནང་།    བར་གཏུང་བ་ལ་གཉིས་ཀ་འགྲོ   བཏུང་བ་ལ་འགྲོ་བ་ལ་དབྱུག་གུ་བརྩི།   མ་བཟན་ལ་སྙོགས་པར་ཚུན་ཆད་བརྩི།   སྒོ་ང་གྲུ་བཞི་ལམ་པ་མ་ཡི་གཟུགས་དང་མཉམ།   དབྱར་ཉི་མ་རིང་དགུན་མཚན་མོ་རིང་ཡང་།   དབྱར་སྒོ་ང་དེ་དང་མཉམ་པའོ་དབྱུག་གུ།   སུམ་ཅུ་རྩ་བདུན་ཉིན་ལ་ཡོད།    དགུན་སྒོ་ང་གང་བའི་ཆུ་ཚོད་བཅོ་ལྔ་ཉིན་ལ་ཡོད།   བཅུ་བདུན་མཚན་མོ་ལ་ཡོད།    དབྱུག་གུ་དྲུག་བཅུ་རྩ་བཞི།   ཆུ་ཚོད་སུམ་ཅུ་རྩ་གཉིས་སུ་བརྩིས་ནས།   མ་གཟན་ལ་སྙོགས་པར་ཕས་སྒོ་ང་མ་གནང་ནས།    སྒོ་ང་བར་སྣང་རླུང་གི་ངད་ཀྱིས་འཁྱག   ཕ་མ་གཏུང་བའི་བར་ལ་སྒོང་ང་མ་ཡན་ན་འཁྲུལ།   དབྱུག་གུ་དང་ཆུ་ཚོད་བར་ལ་འཛོལ་ན།    སྒོ་ང་ལ་འཁྱག་གིས་འདུལ་བར་ཚད་ཟིན་བྱེད།   མ་གཟན་ལ་ཡོལ་ན་ཕ་འཆི་བས།   དཔེ་དེ་བཞིན་དུ་དྲང་སྲོང་ཉི་མ་ཚད་ལ་བསྒྲིམ།   དབྱར་དབྱུག་གུ་བཅུ་དྲུག་ཚད་ནས་གུང་གསོལ།   དེ་ལས་འདས་ན་ཡོལ་བ་ཡིན་པས་སྤངས།    ནམ་ལངས་ཉི་མའི་མདངས་རི་རྩེ་བྱུང་ནས་དྲོ་བཟའ།   དགུན་ཆུ་ཚོད་བརྒྱད་ནས་གུང་གསོལ།   དེ་ལས་འདས་ན་ཡོལ་བ་ཡིན་པས་སྤངས།   སྐྱ་རེངས་དབུ་མ་བྱུང་ནས་དྲོ་བཟའ་བས་ཆོག   སྟོན་དཔྱིད་ཉིན་མཚན་མཉམ་བཞིན་པར།   ཉིན་མཚན་ཆ་བགོས་ཚད་ཟིན་བྱས་ལ།    དྲོ་དང་གུང་གི་ཚད་ཟིན་མ་ཡོལ་གསོལ།   དཔྱིད་དང་པོ་སྒྲོག་ལ་ཚེས་ནས་སྟ་རི་ལ་ཉ།   དབྱར་དང་པོ་སྨིན་དྲུག་གིས་ཚེས་ནས་ལག་སོར་ལ་ཉ།   སྟོན་དང་པོ་ནམ་ཐོང་ལ་ཚེས་སྟོང་དབྱུག་པ་ཉ།   དགུན་དང་པོ་དཔུང་པས་ཚེས་སྨིན་དྲུག་ལ་ཉའོ།   དཔྱིད་འབྲིང་པོ་སྐམ་མ་བཅུ་བཞིས་ཉ་གོང་།   ཉ་འོག་ཕྱེད་དང་བཅོ་ལྔའོ།   དཔྱིད་ཐ་ཆུང་སྐར་མ་ཉི་ཤུ་དགུ་ལ་རྫོགས།   དབྱར་འབྲིང་པོ་མགོ་ལ་ཚེས་ཏེ་ལག་དབང་བ་འདྲ།   སྐར་མ་ཕྱེད་དང་བཅོ་ལྔས་ཉ་རྫོགས།   ཉ་འོག་བཅོ་ལྔ་ཅུང་མེད་ཙམ།   དབྱར་ཐ་ཆུང་ཉ་གོང་སྐར་མ་བཅུ་དྲུག   ཉ་འོག་ཕྱེད་དང་བཅོ་ལྔ་རྫོགས་སོ།   སྟོན་འབྲིང་པོ་དཔུང་པ་ཚེས།   དབྱིག་པ་ཉ།  སྐར་མ་བཅོ་ལྔ།   ཉ་འོག་ཕྱེད་དང་བཅུ་བཞི་རྫོགས།   སྟོན་ཐ་ཆུང་མཆུ་ལ་ཚེས།   རྒྱལ་སྟོད་ཉ།   ཉ་གང་སྐར་མ་བཅུ་དྲུག   ཉ་འོག་སྐར་མ་བཅོ་ལྔ་རྫོགས་སོ།   ལོ་དགུན་འབྲིང་པོའི་ཚེས་ཉི་མ་ཁབ་ན།   འབྱིན་པའི་ནང་མོ་ལོ་ཚེས་པར་ངེས་པར་བཟུང་།   འདུལ་བ་སྤྱི་ལྟོས་འགོག་པ་སྡོམ་བྱེད་རྒྱུད་ལས།   ལོ་ཟླ་ཉི་མ་དུས་བཟུང་ལེའུ་སྟེ་བཅུ་དྲུག་པའོ།  ཞེས་གསུངས་སོ།  །

   གཉིས་པ་རྩིས་གཞི་ནི། ཚང་རྒྱུང་འཇིག་རྟེན་འདི་ཡི་དབུས་མའམ་བརྟན་སྐར་ད་ལྟའི་ས་གོ་ལ་འདི་བཞག་ཅིང་གཟའ་དང་རྒྱུ་སྐར་རྣམས་འཁོར་བགྲོད་བྱེད་པའི་ཚུལ་ནི།   དེའང་ནམ་མཁའི་ཁྱོན་དུ་ས་ཡི་གོ་ལ་ནི་རང་བཞིན་ཤུགས་ནས་འཁོར་ལམ་ངེས་གཏན་ཞིག་འཁོར་བཞིན་ཡོད་མོད་ཀྱང་འཁོར་ལམ་དེར་སྐོར་བ་ཆ་ཚང་གཅིག་ལ་དུས་ཡུན་ནི་ལོ་ག་ཚོད་འགོར་མིན་ནི་ཁོ་བོས་མ་ཤེས་ལ།   དེ་བཞིན་འཁོར་ཚུལ་ཡང་རྨོག་རྩེགས་དང་ཕྱེད་བསྐྱེད།     སྟེང་བསྐྱེད་དང་ལྕགས་སྒྲོག   གྲུ་འཛིན་ལ་སོགས་བཞེད་ཚུལ་མང་པོ་ཡོད་པར་གསུངས།   མདོར་ན་ལོ་ཧྲིལ་པོ་གཅིག་ལ་ས་ཡི་གོ་ལའི་རང་འཁོར་སུམ་བརྒྱ་དྲུག་ཅུ་རེ་ལྔ་འཁོར་ཞིང་།   དེའི་རིང་དུ་རྒྱུ་སྐར་ཉེར་བདུན་ནམ་ཉེར་བརྒྱད་ནི་རེ་རེའི་འཆར་འགྲིབ་ནི་སུམ་བརྒྱ་དྲུག་ཅུ་རེ་དྲུག་རེ་དང་།  ཉི་མའི་འཆར་འགྲིབ་ནི་དེ་ལྟར་སུམ་བརྒྱ་དྲུག་ཅུ་རེ་ལྔ་ལྷག་ཙམ་འབབ་པས་དེ་ལ་ཉིན་ཞག་ཅེས་བརྗོད།     དེའི་སྐབས་སུ་ཉི་མ་ལྷོ་བགྲོད་བྱང་བགྲོད་ཅེས་ཉི་མའི་ལམ་དང་ས་ཡི་གོ་ལ་དང་དེའི་གཉིས་པོའི་བར་ཐག་ཉེ་གྱང་ཡོང་བས་དེ་ལ་ཆ་བཅུ་གཉིས་བགོས་པ་ཉི་མའི་ཁྱིམ་བཅུ་གཉིས་ཟེར་ཞིང་།  ཁྱིམ་རེ་རེ་ལ་ཆ་ཤས་སུམ་ཅུར་བགོས་པའི་སྡོམ་ཆ་ཤས་སུམ་བརྒྱ་སུམ་བརྒྱ་དྲུག་འབབ་པས་དེ་ལ་ཁྱིམ་ཞག་ཅེས་བརྗོད།    ལྷོ་བགྲོད་མཐར་ཐུག་གི་རྗེས་སུ་དགུན་ཉི་ལྡོག་ཡིན།  དེ་ནས་ལྷོ་ནས་བྱང་བགྲོད་ཅིང་ཁྱིམ་ཞག་དགུ་བཅུ་ཕྱིན་པའི་ཉིན་ལ་དཔྱིད་ཉིན་མཚན་མཉམ་པ་དང་།   དེ་ནས་ཁྱིམ་ཞག་དགུ་བཅུའི་ཉིན་ལ་བྱང་བགྲོད་མཐར་ཐུག་དང་དབྱར་ཉི་ལྡོག   དེ་ནས་བྱང་ནས་ལྷོ་བགྲོད་ཅིང་ཁྱིམ་ཞག་དགུ་བཅུའི་ཉིན་སྟོན་ཉིན་མཚན་མཉམ་པ་ཡིན།  དེ་ནས་ཁྱིམ་ཞག་དགུ་བཅུའི་ཉིན་ལ་དགུན་ཉི་ལྡོག་ཡིན་ཞིང་དེ་ནི་ལོ་ལྟར་རེས་མོས་སུ་ཏག་ཏག་འཁོར་བ་ཡིན།།   

     དེ་ལྟར་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔའི་རིང་དུ་ཟླ་བའི་འཆར་འགྲིབ་ནི་སུམ་བརྒྱ་ལྔ་བཅུ་ང་བཞི་མ་ཟིན་ཙམ་འབབ་པ་ཡིན་ཞིང།   རྒྱུ་སྐར་ཉེར་བདུན་པོ་ནི་རེ་རེ་ལ་ཐེང་བཅུ་གསུམ་རེ་དང་ད་དུང་ཉག་མ་དགུ་ཙམ་ཟླ་བའི་ཐད་དུ་ཁེལ་བས་དེ་ལ་སྡོམ་སུམ་བརྒྱ་དྲུག་ཅུར་ངེས་པའང་ཡིན་པས་ཁྱིམ་ཞག་དང་མཐུན་ཞིང་།   ལོ་རེ་ཉི་མའི་འཆར་འགྲིབ་ལས་ཟླ་བའི་འཆར་འགྲིབ་བཅུ་གཅིག་ལྷག་ཙམ་ཉུང་བས་དེ་ལ་ཚེས་ཞག་སུམ་བརྒྱ་བདུན་ཅུ་དོན་གཅིག་ལྷག་ཙམ་རྩི་ནས་ཆོག་སྙམ་སྟེ།     མདོར་ན་ཟླ་བ་ཁ་གང་བ་མ་གང་བ་ཆ་སྙོམ་རེ་ལ་ཚེས་ཞག་སུམ་ཅུ་རེ་རྩིས་པའི་ཟླ་བ་བཅུ་གཉིས་ཀྱི་རིང་དུ་ཚེས་ཞག་སུམ་བརྒྱ་དྲུག་ཅུ་ཏག་ཏག་དང་དེའི་ཁ་ལ་ཚེས་ཞག་བཅུ་གཅིག་ལྷག་ཙམ་སྣན་ནས་ཚེས་ཞག་སུམ་བརྒྱ་བདུན་ཅུ་དོན་གཅིག་ལྷག་ཙམ་འབབ་པས་ཚེས་ཞག་ཅེས་བརྗོད།  རྒྱུ་མཚན་ནི་དཔེར་ན་འབྱུང་ལྡན་རྩིས་འགོ་ཐོག་མའི་ཤིང་བྱི་ལོ་ལ་དགུན་ཟླ་འབྲིང་པོ་སྟེ་མགོ་ཟླའི་ཚེས་ཉི་ཤུ་བདུན་ཉིན་ལ་དགུན་ཉི་མ་ལྡོག་ནས་ཕྱི་ལོ་སྟེ་ཤིང་གླང་ལོའི་རྒྱལ་ཟླ་ཚེས་བརྒྱད་ལ་དགུན་ཉི་ལྡོག་ཁེལ་བ་ཡིན་པས།    མདོར་ན་དེ་ལྟར་ལོ་གཅིག་གི་རིང་དུ་ཉི་མའི་འཆར་འགྲིབ་དང་འབྲེལ་བའི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་ལྷག་ཙམ།   ཟླ་བའི་འཕེལ་འགྲིབ་ཀྱི་ཆ་ཤས་བགོས་པའི་ཚེས་ཞག་སུམ་བརྒྱ་བདུན་ཅུ་དོན་གཅིག་ལྷག་ཙམ་འབབ་དོན་ནི།   ཉི་མ་དང་ཟླ་བ་དང་གཟའ་དང་རྒྱུ་སྐར་རྣམས་ཕན་ཚུན་འགྲོས་སྣོལ་ཞིང་སྔ་ཕྱི་ཤོར་བའི་ཕྱིར་ན་ཡིན།     དེ་བཞིན་ཟླ་ལྷག་འདོན་སྟངས་རག་རྩིས་བྱས་ཏེ་རྩིས་ནས་ལོ་ཧྲིལ་པོ་གཅིག་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་ལྷག་ཙམ་རེ་འགྲོ་དགོས་པས།   ཟླ་བ་བཅུ་གཉིས་རིང་དུ་ཟླ་བ་ཁ་གང་བ་མ་གང་གི་དབང་གིས་ཉིན་ཞག་ང་བཅུ་ང་བཞི་མ་ཏོག་འབབ་ཀྱི་མེད་པས་དེའི་འཕྲོ་མ་ལོ་རེ་ཉིན་ཞག་བཅུ་གཅིག་རེ་སྣོན་དགོས་བྱུང་བས།   དཔེར་ན་འབྱུང་ལྡན་ཐོག་མའི་ཤིང་བྱི་ལོའི་དཔྱིད་ཟླ་ར་བ་རྟ་པ་ཟླ་བའི་ཚེས་གཅིག་ནས་རྩིས་ནས་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་ནི་ཤིང་གླང་ལོའི་དཔྱིད་ཐའི་ཚེས་བཅུ་གཅིག་ལ་ཁེལ་ཞིང་ཚེས་བཅུ་གཉིས་ལ་དཔྱིད་ཐོག་མར་ཚུགས་པ་དང་།   དེ་ནས་མེ་སྟག་ལོའི་དཔྱིད་རའི་ཉི་ཤུ་བཞི་ལ་ཁེལ་ཞིང་།   དེ་ནས་ཟླ་ལྷག་མ་སྟོན་ནས་མེ་ཡོས་ལོའི་དཔྱིད་འབྲིང་དབོ་ཟླ་འི་ཚེས་ལྔ་ལ་ཁེལ་འགྲོ་བས།    དེ་ནས་གོང་དུ་་འབྱུང་ལྡན་ཐོག་མའི་ཤིང་བྱི་ལོ་ནས་རག་རྩིས་བྱས་པའི་ལོ་གཉིས་དང་ཟླ་བའི་བརྒྱད་ཀྱི་ལྷག་ཙམ་ནས་ཟླ་བ་གཅིག་ཁ་གང་བ་སྟེ་ཕར་ཆེར་ཚེས་ཞག་སུམ་བཅུ་ཐིམ་འགྲོ་བས་དེས་ནས་ཟླ་ལྷག་ངེས་པར་འདོན་དགོས་གལ་ཆེ།   དེ་ལྟར་ཟླ་ལྷག་མ་སྟོན་ནག་འདེེད་རྐྱང་པ་བྱས་ནས་ལོ་བཅུ་གྲངས་གཅིག་ཙམ་ཕྱིན་ནས་དབྱར་དགུན་གྱི་ནམ་ཟླ་དང་དུས་གཟེར་ཐམས་ཅད་འཁྱུག་འགྲོ་བ་ཡིན་པས་ཟླ་ལྷག་སོགས་འདོན་དགོས་པའི་རྒྱུ་མཚན་དེ་ཡིན།   དེ་མིན་ནམ་ཟླ་རྐྱང་པའི་དབང་དུ་བྱས་ནས་ཟླ་ལྷག་དང་ཚེས་ལ་ཆད་ལྷག་བྱེད་དགོས་དོན་གང་ཡང་མེད་ཅིང་སྤྱི་ལོ་ལྟར་རྩི་ཆོག་པ་ཡིན་ནོ།།      

   གསུམ་པ་འདུལ་རྩིས་ཀྱི་མཆན་འགྲེལ་ནི། འདུལ་རྩིས་ཀྱིས་དཔེ་མཚོན་རྟགས་འབེབ་དོན་ལ་རིག་ཅེས་པའི་དགོངས་དོན་ནི།   ༡  དཔེ་མཚོན་ས་ནི།  འདབས་ཆགས་ཀྱི་རྒྱལ་པོ་བྱ་ཚ་ཀོན་ནེ་བྱ་བ་ལ་ཕ་མ་གཉིས་དང་སྒོང་ང་གཅིག་དབྱུག་གུའམ་རྒྱུག་པ་དྲུག་ཅུ་རེ་བཞི།      ༢  རྟགས་འབེབ་ས་ནི།  ཕ་མ་གཉིས་ནི་ཉི་ཟླ་གཉིས་པོ་དང་སྒོང་ང་ནི་སའི་གོ་ལའམ་ཉི་ཟླའི་བགྲོད་ལམ་དང་།     ཉིན་མཚན་གྱི་འཆར་འགྲིབ་བམ་གྲིབ་མ་ནི་དབྱུག་གུ་དྲུག་ཅུ་དེ་དུས་ཚོད་དྲུག་ཅུ་རེ་བཞིའི་ཆ་བགོས་པས་དེ་ལ་བརྗོད་པ་ཡིན།   དེའང་སྡེ་འདོད་ཁམས་ཀྱི་བྱ་ཡིན་ཞེས་པ་ནི་སའི་གོ་ལར་གཏན་སྐར་ཡིན་པ་དང་དེ་ལ་གནས་འཆའ་མཁན་ནི་ཉི་ཟླ་གཉིས་པོ་ཡིན་ཞིང་བགྲོད་པ་ནི་སུམ་ཅུ་རྩ་གསུམ་མན་ཆད་འཕུར་ཞེས་གོ་སླ་བ་ཡིན་ཞིང་།།   གནས་ས་བར་སྣང་ལ་གནས་ཀྱིན་སྒོ་ང་ཡང་།   བར་སྣང་སྟོང་པ་ལ་ཀློང་ནས་གཏོང་བར་བྱེད་ཞེས་པ་ནི་གོ་ལ་དང་ཉི་ཟླ་ལ།   འདབ་ཆགས་བྱའི་ཚང་བཞིན་མེད་པས་བར་སྣང་གི་ཁམས་སུ་རྒྱུ་བའི་དོན་སོགས་ཡིན་ཞིང་འདི་ཡི་རྒྱུ་མཚན་ངེས་ཅན་ཞིག་ཡོད་མོད་ཡིག་ཚོགས་དོག་པས་དེ་ཙམ་མོ།        ༣   དོན་ལ་རིག་པ་ནི།    འདུལ་བ་ལས།  དབྱུག་གུ་དྲུག་ཅུ་དྲུག་རྩ་བཞི།   ནས་།  ཉིན་མཚན་ཆ་དགོས་ཚད་ཟིན་བྱས།   ཞེས་པའི་བར་གྱི་དོན་མདོར་བསྡུས་སུ་བཤད་ནས།  དེའང་ཉི་མ་བྱང་བགྲོད་ཀྱི་མཐར་ཐུག་དབྱར་ཉི་ལྡོག་གི་སྐབས་སུ་ཉིན་མོ་རིང་ཞིང་མཚམ་མོར་ཐུང་བས།   ཉིན་རེ་ལ་འབྱུག་གུའི་དུས་ཚོད་དྲུག་ཅུ་རེ་བཞི་ཡོད་པ་དེ་ལ་ཆུ་ཚོད་སུམ་ཅུ་སོ་གཉིས་སུ་བརྩིས་ཏེ་བགོས་ནས།     སའི་གོ་ལའི་ཉིན་ཚད་ནི་ཆུ་ཚོད་བཅོ་བརྒྱད་དང་དབྱུག་གུ་གཅིག  མཚན་ཚད་ཆུ་ཚོད་བཅུ་གསུམ་དང་དབྱུག་གུ་གཅིག   དགུན་ཉི་ལྡོག་གི་མཐར་ཐུག་གི་སྐབས་སུ་སའི་གོ་ལའི་ཉིན་ཚད་ཆུ་ཚོད་བཅུ་བཞི་དང་མཚན་ཚད་ཆུ་ཚོད་བཅུ་བདུན་ཡིན།   དེ་ལྟར་དབྱར་ཉི་ལྡོག་ནས་སྟོན་མཚན་མཉམ་པ་དང་དེ་ནས་དགུན་ཉི་ལྡོག་དེ་ནས་དཔྱིད་ཉིན་མཉམ་པ་དང་དེ་ནས་དབྱར་ཉི་ལྡོག་བཅས་ཉིན་ཞག་སུམ་བརྒྱ་དྲུག་ཅུའི་རིང་དུ་ཉིན་མཚན་གྱི་ཆ་བགོས་ཤིང་།    སའི་གོ་ལའི་མཐར་སྐོར་ཚངས་ཐིག་ལ་ཉི་ཟླ་གཉིས་པོ་ཕ་མ་བུ་གསུམ་ནང་བཞིན་སྲིད་པ་རང་འབྱུང་གི་བགྲོད་ལམ་ནམ་རྒྱུན་གཏན་ཁེལ་ཞིག་ཡིན་པས།   དེ་ལྟར་རིང་ཐུང་མ་ནོར་བ་རིགས་པས་བསྒྲིམ་ཞིང་བརྩིས་ཏེ་ཚད་གཞི་ཟིན་པར་བྱས་དགོས་ཞེས་པའི་དོན་ཡིན།   དེའང་ཉི་ལྡོག་ཡོང་ཚུལ་ནི།  ཇི་སྐད་དུ།  སྨན་འབུམ་དཀར་པོ་ལས།  ཉི་མ་གར་ལོག་དབྱར་རྒུན་འབྲིང་པོར་རྩི།  ཞེས་གསུངས་པས་ཁོ་བོས་ཐོག་མའི་སྟོང་ཆེན་ནས་རག་རྩིས་བྱས་ཏེ་བཀོད་པའི་་གཤམ་དུ་<<ཀླུ་འབུམ་དང་སྨན་འབུམ་འདུལ་རྒྱུད་བཅས་ཀྱི་ཐོག་མའི་རྩིས་གཞི་ནམ་ཟླ་དུས་བཞིའི་འགྲོ་སྟངས་དང་ཟླ་ལྷག་འབབ་ཚུལ་གྱི་རེའུ་མིག>>ཞེས་པ་དེར་གཟིགས་ཤིག།  

1519521257139917.jpg

   བཞི་པ་ཚེས་གྲངས་ཀྱི་རྩི་སྟངས་ནི། དཔེར་ན་འབྱུང་ལྡན་ཐོག་མའི་རྩིས་གཞི་ཤིང་ཕོ་བྱི་ལོ་ལྟ་བུ་ལ་ཆ་གཞག་ནས།    དཔྱིད་དང་པོའམ་དཔྱིད་ཟླ་ར་བའི་ཚེས་གཅིག་ནི་རྒྱུ་སྐར་སྒྲོག་གིས་ཚེས་ཤིང་རྟ་རི་རྟ་པ་ཡིས་བཅོ་ལྔའི་ཉ་སྐར་དུ་འབབ་པ་དང་།   དེ་ནས་དཔྱིད་འབྲིང་པོ་སྐར་མ་བཅུ་བཞི་ལ་ཉ་(གོང་)གང་ཞེས་ཚེས་གཅིག་ཁྲུམས་སྨད་ཀྱིས་ཚེས་ཤིང་སྐར་མ་བཅུ་བཞི་སྟེ་དབོ་ཡིས་ཉ་གང་བ་དང་།   ཉ་འོག་ཕྱེད་དང་བཅོ་ལྔའོ།  ཞེས་རྒྱུ་སྐར་མེ་བཞི་ནས་རྩིས་ན་ནམ་གྲུ་བཅོ་ལྔ་པ་ཡིན་པར་དེའང་གོང་དུ་འདུལ་རྒྱུད་ལས་གསལ་བོར་གསུངས་པ་ལྟར་ཉིན་མཚན་ཆ་གཅིག་དབྱུག་གུའི་དུས་ཚོད་དྲུག་ཅུ་རེ་བཞི་ཡོད་པས།   ནམ་གྲུའི་ལོངས་སྤྱོད་ནི་དེ་བགོས་པའི་དུས་ཚོད་སོ་གཉིས་ནི་དཔྱིང་འབྲིང་པོའི་གནམ་གང་ལ་དབང་བ་དང་།     དཔྱིད་ཐ་ཆུང་གི་ཚེས་གཅིག་ལ་ནམ་གྲུའི་ཕྱེད་ལ་དབང་ཞིང་ཚེས་ཤིང་ང་ཉ་སྐར་ནི་ནག་པ་ལ་འབབ་པ་དང་།   སྐར་མ་ཉི་ཤུ་དགུ་ལ་རྫོགས་ཞེས་དཔྱིད་ཟླ་ཐ་ཆུང་གི་ཉི་ཤུ་དགུ་ཡི་ཟླ་བ་ཡིན་ཞིང་བྲ་ཉེ་ཡིས་ལོངས་སྤྱོད་རྫོགས་པ་ཡིན།     དེ་ནས་དབྱར་དང་པོ་སྨིན་དྲུག་གིས་ཚེས་ནས་ལག་སོར་ལ་ཉ་ཞེས་གོ་སླ་བས་དབྱར་ཟླ་ར་བའི་ཚེས་གཅིག་ནས་རྒྱུ་སྐར་སྨིན་དྲུག་གིས་ཚེས་ཤིང་ལག་སོར་ཞེས་ལྷག་མཚམས་ཡིས་ཉ་ལ་འབབ།   དབྱར་འབྲིང་པོ་མགོ་ལ་ཚེས་ཏེ་ལག་དབང་བ་འདྲ།  སྐར་མ་ཕྱེད་དང་བཅོ་ལྔས་ཉ་རྫོགས།  ཞེས་པ་ནི་དཔེར་ན་དབྱར་འབྲིང་པོའི་ཚེས་གཅིག་ལ་རྒྱུ་སྐར་མགོ་ཡིས་ཚེས་མོད་དུས་ཚོད་མང་ཆེ་བ་ནི་དབྱར་རའི་གནམ་གང་དུ་ལོངས་སུ་སྤྱོད་ཅིང་དུས་ཚོད་མང་ཆེ་བའི་ལོངས་སྤྱོད་ནི་ལག་ལ་དབང་བ་འདྲ་བ་ཡིན་ཞིང་།   ཕྱེད་ཅེས་གོང་དུ་རྒྱུ་སྐར་མགོ་ཡིས་དུས་ཚོད་སོ་གཉིས་དང་ལག་ནས་རྩིས་ན་བཅུ་བཞི་སྣུབས་ཡིན་པས་དེ་ཉ་སྐར་དུ་འབབ།   ཉ་འོག་ལ་བཅོ་ལྔ་ཅུང་མེད་ཙམ།  དབྱར་ཟླ་ཐ་ཆུང་ཉ་གོང་སྐར་མ་བཅུ་དྲུག   ཉ་འོག་ཕྱེད་དང་བཅོ་ལྔས་རྫོགས་སོ་ཞེས་དབྱར་ཟླ་ཐ་ཆུང་ལ་ནི་དབྱར་འབྲིང་པོའི་ཚེས་བཅུ་དྲུག་ལ་ཆུ་སྟོད་ནས་བཅུ་བཞི་ལག་དང་བཅོ་ལྔ་ནབས་སོ་ཡིན་པས།   ཕྱེད་ཅེས་ནབས་སོའི་དུས་ཚོད་སོ་གཉིས་དབྱར་འབྲིང་ལ་ལོངས་སུ་སྤྱོད་ཅིང་།    དུས་ཚོད་སོ་གཉིས་ནི་དབྱར་ཟླ་ཐ་ཆུང་གི་ཚེས་གཅིག་ལ་ཚེས་ཏེ་ལོངས་སུ་སྤྱོད་པ་དང་།   ནབས་སོ་ནས་དེ་ནས་རྩིས་པའི་བཅུ་དྲུག་པ་གྲོ་བཞིན་ཡིན་མོད་ཀྱང་ཚེས་ལྷག་བྱུང་ན་མ་གཏོགས་གྲོ་བཞིན་ཡོང་ཐབས་མེད་པས་ཆུ་སྨད་ཀྱིས་ཉ་གོང་བ་དང་།  དེ་ནས་གྲོ་བཞིན་ནས་བཅུ་བཞི་པ་རྒྱལ་ཡིན་པ་དེའི་དུས་ཚོད་གནམ་གང་དུ་རྫོགས་པ་དང་།   སྟོན་དང་པོ་ནམ་ཐོང་ལ་ཚེས་སྟོང་དབྱུག་པ་ཉ་ཞེས་ཡིག་ནོར་ཡིན་ངེས་མདོར་ན་དབྱར་ཐའི་གནམ་གང་དུ་རྒྱལ་གྱིས་ལོངས་སྤྱོད་རྫོགས་ནས་སྟོན་ཟླ་ར་བའི་ཚེས་གཅིག་ནི་སྐག་གིས་ཚེས་ཤིང་མོན་དྲེ་ཡིས་ཉ་གོང་བ་ཡིན་ངེས་མོད།   འོན་ཀྱང་སྟོན་འབྲིང་པོ་དཔུང་པས་ཚེས།  དབྱུག་པ་ཉ་སྐར་མ་བཅོ་ལྔ།   ཉ་འོག་ཕྱེད་དང་བཅུ་བཞི་རྫོགས།   སྟོན་ཐ་ཆུང་མཆུ་ལ་ཚེས།  རྒྱལ་སྟོད་ཉ།  ཉ་གང་སྐར་མ་བཅུ་དྲུག  ཉ་འོག་སྐར་མ་བཅོ་ལྔ་རྫོགས་སོ་ཞེས།  གསུངས་པས་དེ་རྣམས་ཡིག་ནོར་མང་པོ་ཤོར་ཡོད་ངེས་དེ་མིན་ཡོང་ཐབས་རྩ་ནས་མེད་པ་ཡིན།  དཔེར་ན་རྒྱུ་སྐར་མཆུ་ནས་ཚེས་ཤིང་རྒྱལ་སྟོད་དམ་ནབས་སོ་ཡིས་ཉ་ཡོང་ཐབས་མེད་པ་ལྟ་བུའོ།   མདོར་ན་གོང་གི་སྟོན་ཟླ་ར་བ་ནས་མར་དགུན་ཟླ་ར་བར་དཔུང་པས་ཚེས་ཤིང་ཉ་གང་ལ་རྒྱུ་སྐར་སྨིན་དྲུག་ཡིན་པ་གསལ་བར་དུ་གསུངས་པ་ལྟར་རིགས་པས་དཔྱད་དེ་ལྟར་མཐུད་ནས།   སྟོན་ཟླ་འབྲིང་པོ་ནི་དབོ་ཡིས་ཚེས་ཤིང་ཉ་སྐར་ནི་ཁྲུམས་སྟོད་ལ་འབབ་པ་དང་།   སྟོན་ཟླ་ཐ་ཆུང་ནི་ནག་པ་ཡིས་ཚེས་ཤིང་ཉ་སྐར་དབྱུག་པའམ་ཐ་སྐར་ལ་འབབ་པ་དང་།   དགུན་དང་པོ་དཔུང་པས་ཚེས་སྨིན་དྲུག་ལ་ཉའོ།  ཞེས་སླ་བས་དགུན་ཟླ་ར་བ་ནི་དཔུང་པ་ཞེས་ས་ག་ཡིས་ཚེས་ཤིང་ཉ་སྐར་ནི་སྨིན་དྲུག་ལ་འབབ་པ་དང་།   དེ་བཞིན་དགུན་ཟླ་འབྲིང་པོ་ནི་སྣུབས་ཀྱིས་ཚེས་ཤིང་ཉ་སྐར་མགོ་ལ་འབབ་པ་དང་།   དགུན་ཟླ་ཐ་ཆུང་ནི་ཆུ་སྨད་ཀྱིས་ཚེས་ཤིང་ཉ་སྐར་ནི་རྒྱལ་ལ་འབབ་པ་བཅས་ནི་ལུང་གི་དགོངས་པ་དང་མཐུན་པའི་རག་རྩིས་སུ་ངེས་པ་ཡིན།   མདོར་ན་དེ་ལྟར་ཟླ་བ་སུམ་ཅུ་སོ་གསུམ་གྱི་རིང་དུ་ཟླ་བའི་རེས་གྲོགས་རྒྱུ་སྐར་ཉེར་བདུན་པོ་ཐེང་སུམ་ཅུ་སོ་དྲུག་རེ་འཁོར་བ་ནི་ངེས་པ་ཡིན་ཞིང་ཅི་ལྟར་འཁོར་མིན་དང་རྒྱུ་སྐར་རེ་རེ་བཞིན་ཏུ་དེ་ལ་མིང་དང་དབྱིབ་གཟུགས་སོགས་ནི་རྒན་རབས་ཚོའི་མྱོང་བ་རྟེན་ནས་ངོས་ཆོད་ཀྱིན་ཡོད་པ་ནི་ད་ལྟའི་བར་དུ་མ་ཉམས་པ་གནས་བཞིན་ཡོད།   དེ་བཞིན་རེས་བཟའ་བདུན་པོ་ནི་འབྱུང་ལྡན་ཐོག་མའི་ཤིང་བྱི་ལོའི་དཔྱིད་ཟླ་ར་བའི་ཉ་ལ་རེས་གཟའ་ཉི་མ་རེས་གྲོགས་ཟླ་སྐར་ནི་རྟ་པ་འབབ་པས་རེས་གཟའི་ལོངས་སྤྱོད་རག་རྩིས་ནི་ཉི་མའི་འཆར་འགྲིབ་དང་མཐུན་པས་ལོ་ག་ཚོད་ཕྱིན་ཡང་ཆག་ལྷག་མེད་པར་༡ཉི་མ་༢ཟླ་བ་༣མིག་དམར་༤ལྷག་པ་༥ཕུར་བུ་༦པ་སངས་༠སྤེན་པ་ཞེས་ཉིན་ལྟར་ནག་དེད་བྱས་ན་འགྲིག་པ་ཡིན་ནོ།།  

གཉིས་པ་གསོ་རིག་སྨན་དཀར་ནག་ཁྲ་གསུམ་གྱི་གསོ་བྱའི་སྨན་འབུམ་དཀར་པོའི་ལེའུ་གཉིས་པ་ལས་ནམ་ཟླ་དུས་བཞི་ཁམས་ལྔའི་སྐོར།

   དང་པོ་གསོ་བྱའི་སྨན་འབུམ་དཀར་པོའི་ལེའུ་གཉིས་པའི་མ་ཡིག་དངོས་ནི། གསོ་བྱའི་སྨན་འབུམ་དཀར་པོ་ལས།  དུས་བཞིའི་འབྱུང་བ་ཁམས་ལྔར་ཕྱེས་ནས་རྩི་བ་ནི།  དང་པོ་དུས་ཚོད་འབྱུང་འཞིན་ཁམས་དང་རྩ་རུ་སྦྱར།  མ་བུ་དགྲ་གྲོགས་བཞི་ཡི་སྐོར་འགོ་རྩི།  དཔྱིད་དང་དབྱར་དང་སྟོན་དགུན་དུས་བཞི་མཚམས་དང་ལྔ།  དུས་ཚོད་འབྱུང་བཞིན་ཟླ་དང་ཞག་ཏུ་བརྟག  རྩི་ཤིང་ཁ་འབུས་དུས་ནི་དཔྱིད་ཟླ་གསུམ།  བྱ་དང་ས་ག་ལག་སོར་ནམ་ཚོད་འཛིན།  བྱིལ་ཆུང་ཐེ་བས་དུས་ཚོད་འཛིན་པའི་དུས།  བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ།  འཕྲ་ལ་འཁྲང་སྟེ་ཐེ་བའི་སྐད་ལྟར་འཕར།  ཞག་ལྷག་བཅོ་བརྒྱད་ས་ཁམས་མཚེར་རྩ་རྒྱུ།  ཤིང་ལོ་འདབ་རྒྱས་ཆར་འབེབས་དུས་ནི་དབྱར་ཟླ་གསུམ།  བྲེ་དང་བོན་པོ་སྒྲོག་གིས་ནམ་སྐྱེལ་ཏེ།  ཁུ་བྱུག་གསུང་སྒྲོགས་དུས་ཚོད་འཛིན་པའི་དུས།  བདུན་ཅུ་རྩ་གཉིས་མེ་ཁམས་སྙིང་རྩ་རྒྱུ།  སྦོམ་ལ་རགས་པ་ཁུ་བྱུག་སྐད་ལྟར་འཕར།  ཞག་ལྷག་བཅོ་བརྒྱད་ས་ཁམས་མཚེར་རྩ་རྒྱུ།  རྩི་ཐོག་སྨིན་པའི་དུས་ནི་སྟོན་ཟླ་གསུམ།  ཁྲུམས་སྟོད་དབྱུག་པ་སྨིན་དྲུག་ནམ་ཚོད་འཛིན།  བྱིལ་ཆུང་ཅོ་གས་དུས་ཚོད་འཛིན་པའི་དུས།  བདུན་ཅུ་རྩ་གཉིས་ལྕགས་ཁམས་གློ་རྩ་རྒྱུ།  ཅོ་གའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར།  ལྷག་མ་བཅོ་བརྒྱད་ས་ཁམས་མཚེར་རྩ་རྒྱུ།  དགུན་ཟླ་གསུམ་ནི་ས་ཆུ་འཁྱག་སྒང་དུས།   མགོ་རྒྱལ་རྟ་དང་གསུམ་གྱི་ནམ་སྐྱེལ་དུས།  ཤ་བའི་ངུ་སྐད་འབྱིན་པའི་དུས་ཚོད་དུས།  བདུན་ཅུ་དོན་གཉིས་ཆུ་ཁམས་མཁལ་རྩ་རྒྱུ།  འཇམ་ལ་འཁྲང་བ་མཐིང་རིལ་སྐད་ལྟར་འཕར།  ཞག་ལྷག་བཅོ་བརྒྱད་ས་ཁམས་མཚེར་རྩ་རྒྱུ།  ཉི་མ་གར་ལོག་དབྱར་རྒུན་འབྲིང་པོར་རྩི།  ཐ་ཆུང་བཞི་ཡི་ཟླ་མཐའ་བཅུ་གཉིས་མན།  དུས་མཚམས་ཞག་གྲངས་བཅོ་བརྒྱད་ཕྲག་བཞི་བདུན་ཅུ་རྩ་གཉིས་ལ།  ས་ཁམས་ཕོ་མཚེར་གཉིས་ཀྱི་རྩ་དར་ཏེ།  མཆིལ་པའི་སྐད་ལྟར་ཐུང་ལ་རྩུབ་པར་འཕར།  དེ་ལྟར་དུས་ཚོད་བཞི་ལ་ཁམས་ལྔར་ཕྱེས།  ཤིང་མེ་ས་ལྕགས་ཆུ་དང་ལྔ་ཡིན་ཏེ།  ཞེས་གསུངས་པས་འདི་ནི་རྩ་ཡི་འཕར་སྟངས་དང་འབྲེལ་བའི་ནམ་ཟླ་དུས་བཞི་རྩི་སྟངས་ཤིག་ཡིན།   དཔྱིད་དང་དབྱར་དང་སྟོན་དང་དགུན་བཅས་བཞི་ནི་ནམ་ཟླ་དུས་བཞི་དང་དེའི་བར་དུ་མཚམས་རེ་རེ་ཡོད་མོད་ཀྱང་སྡོམ་མཚམས་བཞི་པོར་གཅིག་ཏུ་རྩི་པའི་ལྔའོ།   དེའང་དུས་ཚོད་འབྱུང་བ་བཞིན་ཏུ་ཟླ་བ་དང་ཞག་ཏུ་བརྟག་པར་བྱས་ཏེ།  ཇི་སྐད་དུ།    རྩི་ཤིང་ཁ་འབུས་དུས་ནི་དཔྱིད་ཟླ་གསུམ།  བྱིལ་ཆུང་ཐེ་བས་དུས་ཚོད་འཛིན་པའི་དུས།  བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ།  འཕྲ་ལ་འཁྲང་སྟེ་ཐེ་བའི་སྐད་ལྟར་འཕར།  ཞག་ལྷག་བཅོ་བརྒྱད་ས་ཁམས་མཚེར་རྩ་རྒྱུ།   ཞེས་གསུངས་སོ།།

    གཉིས་པ་གསལ་བཤད་ཀྱི་མཆན་འགྲེལ་ནི།  དཔྱིད་དང་དབྱར་དང་སྟོན་དགུན་དུས་བཞི་མཚམས་དང་ལྔ།  དུས་ཚོད་འབྱུང་བཞིན་ཟླ་དང་ཞག་ཏུ་བརྟག་ཅེས་རྩི་ཤིང་ཁ་འབུས་དུས་ནི་དཔྱིད་ཟླ་གསུམ་ཞེས་དེའང་རྩི་ཤིང་ཁ་འབུས་དུས་ནི་དཔྱིད་ཟླ་གསུམ་སྟེ་དཔྱིད་ཟླ་ར་བ་དང་འབྲིང་པོ་ཐ་ཆུང་བཅས་གསུམ་མོ།   བྱ་དང་ས་ག་ལག་སོར་ནམ་ཚོད་འཛིན་ཞེས་པ་དཔྱིད་ཟླ་ར་བ་ལ་བྱའམ་དབོ་དང་མེ་བཞི་དང་ནག་པ་ཡིས་ནམ་ཚོད་འཛིན་པ་ཡིན།    དཔེར་ན་དབོ་ཟླའི་ཚེས་བཅོ་ལྔ་ཉིན་ཟླ་བ་ནི་རྒྱུ་སྐར་དབོ་དང་མཉམ་པོ་འཆར་འགྲིབ་བྱེད་པས་ང་ཚོས་མིག་དབང་གིས་མཐོང་ཐུབ་པ་ཡིན་པས་དེ་ལ་ནམ་ཚོད་འཛིན་ཞེས་བྱའོ།   དེའང་དབོ་ཡིས་དེ་ལྟར་ནམ་ཚོད་ག་དུས་འཛིན་པ་ཡིན་ནམ་ཞེ་ན།   རག་རྩིས་ཀྱི་དབང་དུ་བྱས་ན་རྟ་པ་ཟླ་བའི་ཚེས་བཅུ་དྲུག་ནས་དབོ་ཟླའི་ཚེས་བཅོ་ལྔའི་བར་དུ་ཡིན་མོད།   ཞིབ་རྩིས་བྱས་ན་༡༠གྲེ་དང་༡༡དབོ་དང་༡༢མེ་བཞི་བཅས་གཉིས་རིམ་བཞིན་འགྲོ་བ་ཡིན།   དེ་བཞིན་དཔྱིད་ཟླ་འབྲིང་པོ་ལ་༡༣ནག་པ་དང་༡༤ས་རི་དང་༡༥ས་ག་ཡིས་ནམ་ཚོད་འཛིན་པ་དང་།  དཔྱིད་ཟླ་ཐ་ཆུང་ལ་༡༦ལག་སོར་དང་༡༧སྣོན།  དབྱར་ཟླ་ར་བ་ནི་༡༨སྣུབས་དང་༡༩བྲེའམ་ཆུ་སྟོད།   དབྱར་ཟླ་འབྲིང་པོ་ནི་༢༠ཆུ་སྨད་དང་༢༡བོན་་པོའམ་གྲོ་བཞིན་།   དབྱར་ཟླ་ཐ་ཆུང་ནི་༢༢མོན་གྲེ་དང་༢༣མོན་གྲུ།   སྟོན་ཟླ་ར་བ་ལ་༢༤ཁྲུམས་སྟོད་དང་༢༥ཁྲུམས་སྨད་༢༦ནམ་གྲུ།  སྟོན་ཟླ་འབྲིང་པོ་ལ་༠ཐ་སྐར་དང་༡བྲ་ཉེ།  སྟོན་ཟླ་ཐ་ཆུང་ལ་༢སྨིན་དྲུག་དང་༣སྣར་མ།   དགུན་ཟླ་ར་བ་ལ་༤མགོ་དང་༥ལག།  དགུན་ཟླ་འབྲིང་པོ་ལ་༦ནབས་སོ་དང་༧རྒྱལ།   དགུན་ཟླ་ཐ་ཆུང་ལ་༨སྐག་དང་༩རྟ་པའམ་མཆུ་བཅས་ཀྱིས་རིམ་བཞིན་ནམ་ཚོད་འཛིན་པ་ཡིན།    འོ་ན་དཔྱིད་ཟླ་ར་བ་ནི་རྒྱལ་ཟླ་ལ་དང་རྟ་པ་ཟླ་བ་ལ་རྩི་སྲོལ་གྱི་ལུགས་གཉིས་ཡོད་པས།  གལ་སྲིད་རྟ་པས་དགུན་གྱི་རིང་ལ་ནམ་ཚོད་འཛིན་ན་སྨན་འབུམ་འདིའི་དགོངས་དོན་ལྟར་བྱས་ནས་བྱའམ་དབོ་ཟླ་ནི་དཔྱིད་ཟླ་ར་བར་རྩི་དགོས་པར་འདུག་ཅེས་ཞེ་ན།  མིན་ཏེ་ནམ་རྒྱུན་དུ་ཉ་སྐར་དང་འབྲེལ་བའི་རག་རྩིས་ལྟར་ནས།   དགུན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་དགུན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔའི་བར་དུ་རྒྱལ་གྱི་ཟླ་བ་དང་རྒྱལ་གྱི་ནམ་ཚོད་འཛིན་པ་དང་།     དགུན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་བར་དུ་རྟ་པ་ཟླ་བ་དང་རྟ་པས་ནམ་ཚོད་འཛིན་ཞེས་ཤོད་སྲོལ་ནི་ཡོངས་གྲགས་ཡིན་ཞིང་སྨན་འབུམ་གྱི་ལུགས་ལྟར་ནས་རྒྱལ་ཟླ་ནི་དཔྱིད་ཟླ་ཁེལ་ཐབས་མེད་པ་ཞིག་ཡིན་པ་དང་།   རྟ་པ་ཟླ་བ་ནི་རྒྱུད་བཞི་ལས།   དེ་དག་རིམ་པར་བཀྲོལ་ན་དཔྱིད་ཟླ་སོགས།   ཟླ་བའི་ངོས་འཛིན་གནམ་ས་བར་གྱི་རྟགས།   རིམ་པར་བརྗོད་ལ་དཔྱིད་ཟླ་གསུམ་གྱི་དུས།   ས་ལ་ཤིང་རྩི་ཁ་འབུས་གནམ་རྟགས་ལ།   རྟ་པ་དབོ་དང་ནག་པས་ནམ་ཚོད་འཛིན།   བར་ལ་བྱིའུ་ཅོ་གས་རང་སྐད་འབྱིན།   བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ།   ཅོ་གའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར།   ལྷག་མ་བཅོ་བརྒྱད་ས་ཁམས་མཚེར་རྒྱུ།  ཞེས་གསུངས་པས་སྨན་འབུམ་དང་རྒྱུད་བཞི་གཉིས་པོའི་ཁྱད་པར་རྒྱུ་སྐར་གཅིག་གིས་ཧེ་བག་ཤོར་དགོས་པའི་རྒྱུ་མཚན་འདི་ཡིན་ཏེ།   རྒྱུ་སྐར་རྟ་པ་ནི་དགུན་ཟླ་ར་བའི་ཚེས་བཅུ་དྲུག་ནས་ནམ་ཚོད་འཛིན་ཞིང་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་བར་དུ་འཛིན་པ་ནས་དེ་ལྟར་ཟླ་བ་དང་རྒྱུ་སྐར་གཞན་རྣམས་འགྲེས་ཤིང་དོན་དུ་དགོངས་པ་གཅིག་ཏུ་འབབ་པའོ།།    དེ་ནས།   བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ།  འཕྲ་ལ་འཁྲང་སྟེ་ཐེ་བའི་སྐད་ལྟར་འཕར།  ཞག་ལྷག་བཅོ་བརྒྱད་ས་ཁམས་མཚེར་རྩ་རྒྱུ།  ཞེས་པ་དཔེར་ན་དཔྱིད་ཀྱི་ཐོག་མ་ནམ་ཟིན་པའི་ཉིན་མོར་ཤིང་ཁམས་མཆིན་རྩ་རྒྱུ་བ་དང་དཔྱིད་ལ་ཁྱིམ་ཞག་དགུ་བཅུ་ཏག་ཏག་ཡོད་པས་བདུན་ཅུ་རྩ་གཉིས་ནི་མཆིན་རྩ་རྒྱུ་ཞིང་།   དཔྱིད་ཟླ་ཐ་ཆུང་གི་ཁྱིམ་ཞག་ཚེས་བཅུ་གཉིས་ནས་དབྱར་དབྱར་ཐོག་མ་མ་ཚུགས་ཀྱི་བར་དུ་ཞག་ལྷག་མ་བཅོ་བརྒྱད་ཡོད་པས་ས་ཁམས་འཚེར་རྩ་རྒྱུ་ཞེས་པ་ཡིན།   དེ་བཞིན་དབྱར་ཟླ་གསུམ་གྱི་ཞག་བདུན་ཅུ་རྩ་གཉིས་མེ་ཁམས་སྙིང་རྩ་རྒྱུ་ཞིང་ཞག་ལྷག་བཅོ་བརྒྱད་ས་ཁམས་མཚེར་རྩ་རྒྱུ།  སྟོན་ཟླ་གསུམ་གྱི་ཞག་བདུན་ཅུ་རྩ་གཉིས་ལྕགས་ཁམས་གློ་རྩ་རྒྱུ་ཞིང་ལྷག་མ་བཅོ་བརྒྱད་ས་ཁམས་མཚེར་རྩ་རྒྱུ།  དགུན་ཟླ་གསུམ་གྱི་ཞག་བདུན་ཅུ་དོན་གཉིས་ཆུ་ཁམས་མཁལ་རྩ་རྒྱུ་ཞིང་ཞག་ལྷག་བཅོ་བརྒྱད་ས་ཁམས་མཚེར་རྩ་རྒྱུ་བ་བཅས་ཡིན་ཞིང་།   འབྱུང་ལྡན་ཐོག་མའི་དཔྱིད་ཟླ་ར་བ་རྟ་པ་ཟླ་བའི་ཚེས་གཅིག་ཉིན་དཔྱིག་ཐོག་མར་དབུག་ཐོབ་པའ་ཟིན་པས་ཤིང་ཁམས་མཆིན་རྩ་ཐོག་མར་རྒྱུ་བ་དང་མཚུངས་ཤིང་།   དེ་བཞིན་དཔྱིད་དབྱར་སྟོན་དགུན་གྱི་དབུག་ཐོབ་པའམ་ཐོག་མར་ནམ་ཟིན་ནི་གོང་གི་རེའུ་མིག་ལྟར་གཟིགས་ཤིག     དེ་ལྟར་དུས་བཞིའི་འབྱུང་བ་ཁམས་ལྔ་པོ་རེ་རེར་ཞག་པོ་བདུན་ཅུ་དོན་གཉིས་རེ་རྩི་དགོས་པར་སྡོམ་ཞག་པོ་སུམ་བརྒྱ་དྲུག་ཅུ་ཏག་ཏག་འབབ་པས་ཁྱིམ་ཞག་ལྟར་རྩི་དགོས་པ་ནི་ངེས་པ་ཡིན།   དེ་བཞིན་ཉི་མ་གར་ལོག་དབྱར་རྒུན་འབྲིང་པོར་རྩི་ཞེས་ནམ་རྒྱུན་དུ་དགུན་ཉི་ལྡོག་ནི་དགུན་འབྲིང་མགོ་ཟླ་དང་དབྱར་ཉི་ལྡོག་ནི་དབྱར་འབྲིང་པོ་སྣོན་ཟླའི་གཡས་གཡོན་ཞིག་ལྡོག་པ་ནི་རྒྱུན་ལྡན་ཡིན་ཞིང་ཟླ་ལྷག་དབང་གིས་ཁྱད་པར་ཅུང་ཙམ་ཤོར་སྲིད་པ་ཡིན་པས་གོང་རེའུ་མིག་ལྟར་རོ།    གཞན་དུ་ན་ཡིག་ཚོགས་མང་དྲགས་པས་དེ་ཙམ་གྱིས་མཐུན་པར་བྱས་པ་ཡིན།།  

གསུམ་པ་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱི་གཙང་མ་ཀླུ་འབུམ་དཀར་པོའི་ལེའུ་གསུམ་པ་ལས་ནམ་ཟླ་དུས་ཚོད་བཟུང་བའི་སྐོར།

   ཀླུ་འབུམ་དཀར་པོའི་ལེའུ་གསུམ་པ་ལས་ནམ་ཟླ་དུས་ཚོད་བཟུང་བའི་སྐོར་གྱི་མ་ཡིག་དངོས་ནི། དང་པོ་ནི་གཙང་མ་ཀླུ་འབུམ་དཀར་པོ་ལས།   ཞང་ཞུང་སྐད་དུ།  བི་མ་ལ་ཡ་ཏ།  སུམ་པའི་སྐད་དུ།  ཨུ་ན་ཡ་ལ།  བོད་སྐད་དུ།  གཙང་མ་ཀླུ་འབུམ་ཞེས་བྱ་བའི་དོན་བསྡུས་ཆུང་ངུ་ལས།  ནམ་ཟླ་དུས་ཚོད་བཟུང་བ་སྟེ།  སྟོན་པ་གཤེན་རབ་མི་བོ་དང་།  གཡུང་དྲུང་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།   །འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།  གཤེན་རབ་མི་བོ་དེ།  རི་རྒྱལ་ཆེན་པོའི་རྩེ།  རྒྱ་མཚོ་ཆེན་པོའི་འགྲམ་རིན་པོ་ཆེའི་ཁྲི་སྟེང་ན།   གཤེན་འཁོར་གཉིས་སྟོང་ལྔ་བརྒྱ་དང་ཐབས་གཅིག་ཏུ་བཞུགས་སོ།  སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནམ་ཟླ་དུས་ཚོད་ཀླུ་ལས་བྱུང་བ་འདི་རྣམས་གསུངས་སོ།   དཔྱིད་ཟླ་ར་བ་ལ་ཀླུ་ཞལ་བཞེས་པས་རླུང་ཚུབ་མ་འབྱུང་ངོ་།  །དཔྱིད་ཟླ་འབྲིང་པོ་ལ་ཀླུའི་ཞལ་བསྡུས་པས།  དྲོད་སྤས་བཅག་ཙམ་པ་ཅིག་བྱུང་ངོ་།  །དཔྱིད་ཟླ་ཐ་ཆུང་ལ་ཀླུའི་རྒྱལ་པོའི་སྤྱི་བོ་ནས་རླངས་པ་ཅིག་བྱུང་བས།  དྲོད་ལུག་མགོ་ཙམ་ཅིག་བྱུང་ངོ།  དབྱར་ཟླ་ར་བ་ཀླུའི་རྒྱལ་པོའི་ཞལ་གྱི་རླང་པ་ཆེ་བ་ལ།  དྲོད་རག་དུང་ཙམ་ཅིག་བྱུང་སྟེ།  ནམ་ཟླ་ལྟེམས་ཀྱི་གཏོང་ངོ་།   དབྱར་ཟླ་འབྲིང་པོ་ལ་ཀླུའི་ཞལ་གྱི་རླང་པ་ཆེ་བ་ལ།  ནམ་ཟླ་དུས་ཚོད་ལ་ལྟེམས་ཏེ་ས་ལ་ཞགས་ཆགས་སོ།  །དབྱར་ཟླ་ཐ་ཆུང་ལ་ཞལ་གྱི་མཆི་མ་ལས་ཆར་ཟིམ་བབས་སོ།   སྟོན་ཟླ་ར་བ་ལ་ཀླུའི་རྒྱལ་པོའི་སྤྱན་གྱི་མཆིས་མ་ལས།  ཆར་པ་ཡང་དག་པར་བབས་པས་བདུད་རྩི་ཆེན་པོ་བྱུང་སྟེ།  ས་གཞི་ལས་འཁྲུངས་པ་མ་ལུས་པར་སྐྱེས་སོ།  །སྟོན་ཟླ་འབྲིང་པོ་ལ་ལྗགས་ཀྱི་མཆིལ་མ་གཏོར་བས།  ཆར་གྱི་རིགས་ཐམས་ཅད་སྣ་ཚོགས་པ་བྱུང་སྟེ།  ས་ལ་རྩི་ཐོག་མ་ལུས་པ་རྒྱས་སོ།  སྟོན་ཟླ་ཐ་ཆུང་ལ་ཀླུའི་རྒྱལ་པོའི་ཞལ་བཙུམ་པ་ལས་སྦྲང་ཆར་ཟམ་ཟིམ་བྱུང་ངོ་།  རྒུན་ཟླ་ར་བ་ལ་ཀླུའི་རྒྱལ་པོ་གཟིམས་ཚུལ་བསྟན་པའི་ཆུ་གྲང་ངོ་།  །རྒུན་ཟླ་འབྲིང་པོ་ལ་ལྷན་གྱིས་གཟིམས་པས་འཁྱག་ཆག་ཆོམ་དུ་བྱུང་ངོ་།  །རྒུན་ཟླ་ཐ་ཆུང་ལ་ཀླུའི་རྒྱལ་པོའི་ཡན་ལག་རྐྱང་པས་མཚོ་ལ་དར་ཆགས་སོ། །དེ་ནས་ཀླུ་ཡི་རྒྱལ་པོའི་དབུགས་ལ་སྲིད་པའི་རླུང་བྱུང་སྟེ།  དུས་སུ་དགོངས་པའི་རླུང་ནི་དྲོད་འབེབས་པའི་རླུང་ཞེས་བྱ།  ཀླུའི་རྒྱལ་པོས་ཤིང་ཡོངས་སུ་ས་བརྡོལ་དགུས་བས་རླུང་ཆེ་བ་དང་།  རླང་པ་ཆེ་བ་བྱུང་ངོ་།  །དེ་ནི་དྲོད་འབེབས་པའི་རླུང་ཞེས་བྱའོ།  །དེ་དགུལ་བ་དལ་བས་མཁའ་ལ་རྒྱུ་བའི་རླུང་ཞེས་བྱའོ།  །དགུལ་བ་དྲག་པས་ནི་འཕུལ་བའི་རླུང་བྱུང་ངོ་།  །ཤིང་གི་མེ་ཏོག་འོག་ཏུ་བརླབ་པ་ལས་འདེབས་པའི་རླུང་དང་གནོན་པའི་རླུང་བྱུང་ངོ་།  །ཤིང་ལོ་རང་སར་གནས་པ་ལ་རླུང་དལ་བུ་འཇམས་བུ་བྱུང་ངོ་།  །དེ་ནས་དབྱར་ཟླ་འབྲིང་པོ་ལ་ཀླུའི་རྒྱལ་པོའི་རྐན་བརྡབ་པས།  ནམ་མཁའ་ལ་འབྲུག་སྒྲ་བྱུང་ངོ་།  །ཀླུའི་རྒྱལ་པོའི་ཞལ་གྱི་ལྗགས་བརྐྱང་བས་གློག་གྱ་གྱུ་བྱུང་ངོ་།  །ཀླུའི་རྒྱལ་པོས་རྐན་སྒྲ་དྲག་ཏུ་བརྡབས་པ་ལ།  ནམ་མཁའ་ལ་ཐོག་དྲག་ཏུ་བབས་སོ།  །ཀླུའི་རྒྱལ་པོའི་རང་སྣབ་དང་མཆིལ་མ་གཏོར་བས།   ནམ་མཁའ་ལས་སེར་བ་བྱུང་ངོ་།  །ཀླུའི་རྒྱལ་པོའི་ཞལ་གྱི་རླངས་པ་ལས།  སྤྲིན་དང་ན་བུན་དང་ཁུ་རླང་ལ་སོགས་པ་བྱུང་ངོ་།  །ཀླུའི་རྒྱལ་པོའི་ནམ་ཟླ་དུས་བཞི་ལ་དང་།  འབྱུང་བ་བཞི་ལ་བསིལ་དྲོད་སྙོམས་སོ།  དེ་ནས་ཀླུའི་རྒྱལ་པོ་རྣམས་ཀྱི་འབྱུང་བ་ཆེན་པོ་བཞིའི་བསྐལ་པ་དང་།  མཚོན་དང་མུ་གེའི་བསྐལ་པ་དང་།  མི་བདེ་བ་སྣ་ཚོགས་པ་ཡང་མི་གཏོང་པས་བྱས་སོ།  ཀླུའི་རྒྱལ་པོས་སྟོན་པ་གཤེན་རབ་བཀའ་ཉན་ནས།  སྲིད་པའི་སེམས་ཅན་རྣམས་ལ་བྱད་གཟུགས་བཟང་བ་དང་།  མདོག་ལེགས་ཤིང་དབང་ཐང་ཆེ་བ་དང་།  བཙན་ཕྱུག་འཛོམས་པས་དར་བ་ལས་སོགས་པ་ཀྱང་ཐམས་ཅད་བྱས་སོ།  སེམས་ཅན་ལ་མགོན་སྐྱབས་ལ་སོགས་པ་ལེགས་པ་ཐམས་ཅད་ཀྱང་ཀླུས་བྱས་སོ།  གཙང་མ་ཀླུ་འབུམ་ཞེས་བྱ་བ་དོན་འདུས་ཆུང་ངུ་ལས།  ནམ་ཟླ་དུས་ཚོད་དང་ལེགས་ཉེས་ཐམས་ཅད་ཀླུས་བཏང་པའི་ལེའུ་གསུམ་པའོ། ཞེས་གསུངས་སོ།།

   གཉིས་པ་གསལ་བཤད་ཀྱི་མཆན་འགྲེལ་ནི། དགུན་ཟླ་ར་བའི་ཚེས་བཅོ་ལྔའི་སྐར་མ་སྨིན་དྲུག་ཉི་མ་ཕྱེད་ཡོལ་ནས་ཀླུ་ཉལ་བའི་དུས་སོ།  ཞེས་དང་། དཔྱིད་ཟླ་ར་བའི་ཉ་ལ་སྐར་མ་རྟ་ཆུང་དང་བྱ་སྦོ་ལ་ཀླུ་དར་བའི་དུས་སོ།   ཞེས་གསུངས་པས་མཐོ་སྒང་གངས་ཅན་བསིམ་མོའི་ལྗོངས་ཀྱི་ནམ་ཟླ་དུས་ཚོད་དང་ཏག་ཏག་འགོ་ཐུག་ཡོད་པ་ཡིན།  དཔེར་ན་མཚོ་ལ་དར་ཆགས་༼འཁྱག༽སྒང་ནི་གོང་དུ་ཟླ་ལྷག་མེད་ནས་རྒྱལ་ཟླའི་ཚེས་བཅོ་ལྔའི་གཡས་གཡོན་དང་ཟླ་ལྷག་ཡོད་ནས་རྟ་ཟླའི་ཚེས་བཅོ་ལྔའི་གཡས་གཡོན་ལ་བོད་ཡུལ་གྱི་མཚོ་ཕར་ཆེ་བ་དེ་དགོང་མ་གཅིག་ལ་དར་ཆགས་༼འཁྱག་༽པ་དང་།   དབོ་ཟླ་ཚེས་བཅོ་ལྔ་གཡས་གཡོན་དུས་གཅིག་ཏུ་ཞལ་དབྱེ་བ་ཡིན་ཞེས་བོད་ཡུལ་གྱི་འབྲོག་པ་རྣམས་ཀྱིས་འགྲིན་གཅིག་ཏུ་ལབ་བཞིན་པ་ཡིན་ལ།   དེ་བཞིན་ནམ་ཟླ་གཞན་དེ་བཞིན་འགྲེས་ནས་གོ་སླ་བར་འདུག་པས་གསལ་བཤད་འདི་ཙམ་གྱིས་མཐུན་པར་བྱས་པ་ཡིན་ནོ།།

བཞི་པ་ཞར་བྱུང་དུ་ཉེ་བར་མཁོ་བ་ཁག་གཅིག་ནི།

    ཇི་སྐད་དུ།  དཔྱད་གསུམ་དག་རྩིས་བསྐལ་སྲིད་དུས་འཁོར་ལས།    འཁྲུལ་མེད་ཞང་བོད་དུས་གཟེར་བརྟག་ཐབས་ལས།    འདིར་ནི་རྒྱུད་གཞུང་ཁུངས་དག་ཞིབ་བསྡུར་ཏེ།   ཁྱད་པར་ཞང་ཞུང་རྒན་པོའི་ངག་རྩིས་ཞེས།   སྔོན་ཚེ་ཞང་ཞུང་རྒྱལ་བའི་མྱེས་ཡུལ་དུ།   གཡུང་དྲུང་བོན་བསྟན་དར་ཞིང་རྒྱས་པའི་དུས།   ཞང་རྩིས་རྒན་པོ་བེར་རྒ་ཐོགས་པ་བརྒྱ།   དེ་ནང་རྒྱུད་ཁུངས་རྟོགས་པའི་མི་བདུན་ཡོད།   དེ་ལས་ཤེས་རབ་ཆེ་བའི་མི་བཞི་ཡིས།   རྒྱ་ཞང་བོད་སོགས་རྩིས་རིགས་རྒྱ་མཚོའི་མཐར།   བཅད་དེ་བཀོད་པའི་དཔེ་རྙིངས་ཁུངས་བཙུན་ཞིག   ཁོ་བོས་ཐོབ་པ་དེ་ཡི་སྡོམ་ཚིག་ལ།   དགུན་ཉི་ལྡོག་ནས་ཉི་གཟའ་སོ་ལྔ་བགྲང་།   བྱ་གཟའ་སོ་བརྒྱད་སྨལ་ཞག་སོ་བདུན་དང་།   ནུར་ཞག་གཉིས་དང་དབྱུག་ཞག་བཅྭོ་ལྔ་དང་།   སོན་འཇུག་ཞག་ལྔ་ཁུ་བྱུག་སླེབ་ཞག་བཞི།   དེ་ནས་བཅུ་དྲུག་སྣ་རེའུ་སྔ་ཤོས་སྐྱེ།   དེ་ནས་བཅྭོ་ལྔར་ཉི་ཁྱིམ་ཟུག་ཅེས་དྲན།    དེ་ནས་བཅུ་དྲུག་དབྱར་ཉི་ལྷོ་རུ་ལྡོག   དེ་ཡི་ཕྱིར་ཉིན་དབྱར་གྱི་ཆུང་གསུམ་མམ།   ལོག་ཞག་ཉེར་གཅིག་སྨལ་ཞག་བཅྭོ་ལྔ་དང་།   ནམ་བར་གསུམ་དང་སྲིན་མོའི་གདོང་ཆར་གསུམ།   ཕག་བདུན་ནམ་གསུམ་ཝ་ཞག་བཅྭོ་ལྔ་དང་།   གཞུང་ཞག་ཉེར་གཅིག་དབྱར་ཤུལ་ཞག་པོ་ལྔ།   ལྷོ་སྒོའི་གནམ་སྐས་ཤ་དུས་སུམ་བཅུ་བདུན།    མཆེ་ཞག་ཉེར་གཉིས་སྣ་རུའི་འོད་ཞག་བརྒྱད།   གཉན་གྱི་རུ་འཕྲག་ཞག་ནི་བཅྭོ་ལྔ་དང་།   དགུན་ཉི་ཁྱིམ་ཞུགས་ཞག་བདུན་དེ་རྫོགས་མཚམས།   དགུན་ཉི་ལྷོ་ནས་བྱང་ལྡོག་བྱ་གཟའ་སོགས།   གོང་ལྟར་བསྒྲང་བས་ལོ་གཅིག་ཉིན་ཞག་གྲངས།   སུམ་བརྒྱ་རེ་ལྔ་ཡོད་པ་དེ་གྲངས་འགྲིག  དེ་དག་རྒྱས་པར་བཀྲོལ་ན་དགུན་ཡང་།   ཞེས་སོགས་རྒྱས་གསུངས་སོ།།

   ཟླ་བ་བཅུ་གཉིས་ནི།    ༡ དཔྱིད་ཟླ་ར་བའི་ཉ་སྐར་མཆུ་དང་རླུང་ཚུབ་འབྱུང་ཤིང་ས་ལ་དྲོད་སླེབས་པ་ཉ་མཁར་འཇིག་པ་དང་གཅན་གཟན་གྱི་གྲ་སྔར་བཞིན་བཀྲ་བས་སྟག་ཟླ།༼ཟླ་སྟག་ཟླའི་ཚེས་པ་བཅོ་ལྔ་ལ།   དྲོད་མེ་སྟག་ཙམ་ཞིག་གནམ་ནས་ལྷུང་།   ཆུ་ནང་གི་ཉ་མོ་མ་གཏོགས་དེ་མི་ཚོར།  ཞེས་སོ། ༽

༢ དཔྱིད་ཟླ་འབྲིང་པའི་ཉ་སྐར་དབོ་དང་རྩི་ཤིང་མྱུ་གུ་ས་ཁར་འབུས་པ་དང་རི་བོང་གང་སར་འཁྱམས་པས་ཡོས་ཀྱི་ཟླ། 

༣ དཔྱིད་ཟླ་ཐ་ཆུང་གི་ཉ་སྐར་ནག་པ་དང་ས་དྲོད་ཆེར་འབེབ་ཅིང་འབྲུག་སྐད་སྒྲོག་པས་འབྲུག་ཟླ། 

༤ དབྱར་ཟླ་ར་བའི་ཉ་སྐར་ས་ག་དང་ཁུ་བྱུག་གི་སྐད་སྒྲོག་ཅིང་སྦྲུལ་ལྤགས་བརྗེ་བས་སྦྲུལ་ཟླ།   

༥ དབྱར་ཟླ་འབྲིང་པོའི་ཉ་སྐར་སྣྲོན་དང་ས་ལ་ཞགས་ཆགས་ཤིང་རྩི་ཐོག་མགོ་མ་རྒྱས་པ་དང་རྟ་སྤུ་བརྗེ་བས་རྟ་ཟླ། 

༦ དབྱར་ཟླ་ཐ་ཆུང་གི་ཉ་སྐར་ཆུ་སྟོད་དང་ཆར་སྟོབས་འཕེལ་ཞིང་ར་ལུག་སོས་ཤིང་སྤང་ལྗོངས་སུ་གྲམ་པས་ལུག་ཟླ། 

༧ སྟོན་ཟླ་ར་བའི་ཉ་སྐར་གྲོ་བཞིན་དང་ཆར་བཅུད་ཆེ་བས་རྩི་ཐོག་ཀུན་མ་ལུས་པ་འཁྲུངས་ཤིང་མར་བཅུད་ཆེ་བ་དང་སྤྲེའུ་ཡིས་ཤིང་ཐོག་ཟ་རན་པས་སྤྲེའུ་ཟླ། ༼ཟླ་རམ་ཟླའི་ཚེས་པ་བཅོ་ལྔ་ལ།  དྲོད་མེ་སྟག་ཙམ་ཞིག་གནམ་ལ་འཕུར།   བྲག་ཐོག་གི་གླ་བ་མ་གཏོགས་དེ་མི་ཚོར། ཞེས་སོ།༽

༨ སྟོན་ཟླ་འབྲིང་པོའི་ཉ་སྐར་ཁྲུམས་སྟོད་དང་རྩི་ཐོག་གི་འབྲས་བུ་མ་ལུས་པ་སྨིན་ཚར་བས་བསྡུ་རན་ཞིང་ཆུ་བོ་རྣམས་དྭངས་ཤིང་གསལ་བ་དང་བྱ་ཕྲུག་མ་དང་མཉམ་པར་འཚར་ལོངས་འབྱུང་ཐུབ་པས་བྱ་ཟླ། 

༩ སྟོན་ཟླ་ཐ་ཆུང་གི་ཉ་སྐར་དབྱུག་པ་དང་འཁྱིལ་ཆུ་ཁ་འཁྱག་འོང་ཞིང་བ་མོ་ཆེར་འབབ་པས་ཁྱི་མགོར་བ་མོ་རྒྱག་ཅེས་ཁྱི་འཁྲིག་རྩེ་བས་ཁྱི་ཟླ། 

༡༠ དགུན་ཟླ་ར་བའི་ཉ་སྐར་སྨིན་དྲུག་དང་འབྲོག་ཏུ་གྲང་ངར་ཤེད་སྐྱེ་ཞིང་ཡུལ་པར་ཕག་གིས་ས་སློག་པས་ཕག་ཟླ། 

༡༡  དགུན་ཟླ་འབྲིང་པོའི་ཉ་སྐར་མགོ་དང་ཆུ་ཆེན་དར་ཆགས་པ་དང་འདབས་ཆགས་འཕུར་རྩལ་རྒྱས་ཤིང་བྱི་བས་བྲུན་བསོགས་པས་བྱི་བའི་ཟླ། 

༡༢ དགུན་ཟླ་ཐ་ཆུང་གི་ཉ་སྐར་རྒྱལ་དང་མཚོ་རྣམས་དར་ཆགས་ཤིང་གྲང་ངར་ཆེ་བས་གཅན་ཟན་གྲ་ལོ་རྒྱས་པ་དང་གླང་བྲེས་ན་འཁུན་པས་གླང་གི་ཟླ་བ་བཅས་སོ། །།

    རེས་གཟའ་བདུན་ནི། ༡གཟའ་ཡི་ཐུགས་རྗེ་ཉི་མ།  ༢གཟའ་ཡི་འོད་གསལ་ཟླ་བ།  ༣གཟའ་ཡི་བློན་པོ་མིག་དམར།  ༤གཟའ་ཡི་སྐོས་མཁན་ལྷག་པ། ༥གཟའ་ཡི་དགེ་བསྙེན་ཕུར་བུ། ༦གཟའ་ཡི་རྒྱལ་པོ་པ་ཝ་སངས།  ༠གཟའ་ཡི་ཕྱག་ཚང་སྤེན་པ་བཅས་སོ།     

    རྒྱུ་སྐར་ཉེར་བདུན་ནམ་ཉེར་བརྒྱད་ནི།    ༠དབྱུག་གུའམ་ཐ་སྐར་དང༌། ༡  བྲ་ཉེ།  ༢སྨིན་དྲུག  ༣ བེའུ་རྫིའམ་སྣར་མ་། ༤སྨལ་པོའམ་མགོ།   ༥ལག   ༦ནབས་སོ་རྒྱལ་སྟོད།   ༧རྒྱལ།   ༨ཝའམ་སྐག    ༩རྟ་རིའམ་མཆུ།  ༡༠རྟའུ་འམ་གྲེ།   ༡༡ཁྲའམ་དབོ།   ༡༢བྱ་མའམ་མེ་བཞི།   ༡༣བྱའུའམ་ནག་པ།   ༡༤ས་རི།   ༡༥ས་ག   ༡༦ལག་སོར་རམ་ལྷ་མཚམས།   ༡༧ལྡེའུའམ་སྣྲོན།   ༡༨སོག་པའམ་སྣྲུབས།   ༡༩བྲེའམ་ཆུ་སྟོད། ༢༠ཕུལ་ལམ་ཆུ་སྨད།   ༢༡བོན་པོའམ་གྲོ་བཞིན་དང་༢༡བྱི་བཞིན།   ༢༢གཞུག་གམ་མོན་གྲེ།   ༢༣སྒྲོག་གམ་མོན་གྲུ།    ༢༤ཁྲུམས་སྟོད།   ༢༥ཁྲུམས་སྨད། ༢༦ཤེ་སའམ་ནམ་གྲུ་བཅས་སོ། །     

    ལོ་རྟགས་སམ་ལོ་རྒན་དྲུག་ཅུ་ནི།   ཤིང་བྱི།   ཤིང་གླང་།   མེ་སྟག   མེ་ཡོས།   ས་འབྲུག   ས་སྦྲུལ།    ལྕགས་རྟ།   ལྕགས་ལུག   ཆུ་སྤྲེལ།   ཆུ་བྱ།   ཤིང་ཁྱི།   ཤིང་ཕག   མེ་བྱི།   མེ་གླང་།   ས་སྟག   ས་ཡོས།   ལྕགས་འབྲུག   ལྕགས་སྦྲུལ།   ཆུ་རྟ།   ཆུ་ལུག   ཤིང་སྤྲེལ།   ཤིང་བྱ།   མེ་ཁྱི།   མེ་ཕག   ས་བྱི།   ས་གླང་།   ལྕགས་སྟག   ལྕགས་ཡོས།   ཆུ་འབྲུག   ཆུ་སྦྲུལ།   ཤིང་རྟ།   ཤིང་ལུག   མེ་སྤྲེལ།   མེ་བྱ།   ས་ཁྱི།   ས་ཕག   ལྕགས་བྱི།   ལྕགས་གླང་།   ཆུ་སྟག   ཆུ་ཡོས།    ཤིང་འབྲུག   ཤིང་སྦྲུལ།   མེ་རྟ།   མེ་ལུག    ས་སྤྲེལ།   ས་བྱ།   ལྕགས་ཁྱི།   ལྕགས་ཕག   ཆུ་བྱི།   ཆུ་གླང་།   ཤིང་སྟག   ཤིང་ཡོས།   མེ་འབྲུག   མེ་སྦྲུལ།   ས་རྟ།   ས་ལུག   ལྕགས་སྤྲེལ།   ལྕགས་བྱ།   ཆུ་ཁྱི།   ཆུ་ཕག་བཅས་དྲུག་ཅུའོ།།  

   དེ་ལྟར་ཆེས་གནའ་བོའི་གངས་ཅན་བསིལ་མོའི་ལྗོངས་དུ་དར་བའི་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་ལས་འདུལ་བ་རྒྱུད་དྲུག་དང་།  གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུ།   གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་དང་སྨན་འབུམ་དཀར་ནག་ཁྲ་གསུམ་དང་བཅས་ནི་དཔྱིད་ཟླ་ར་བ་ནས་ནམ་ཟླ་དང་དུས་གཟེར་ནི་ཐམས་ཅད་དགོངས་པ་གཅིག་ཏུ་འབབ་བཞི་འདུག་ཅིང་།   མ་ཟད་དུས་གཟེར་འདི་རྣམས་ནི་གངས་ཅན་ར་བས་བསྐོར་བའི་ཡུལ་ལྗོངས་དང་འབྲེལ་བའི་མཐོ་སྒང་གི་ནམ་ཟླའི་དུས་གཟེར་དང་ཆེས་མཐུན་འདུག་པ།    ཞང་ཞུང་འོལ་མོ་ལུང་རིང་གི་གནས་དང་དེར་སྐྱེ་བ་བཞེས་པའི་དམུ་རྒྱལ་སྲས་པོ་སྟོན་པ་གཤེན་རབ་མི་བོ་ཞེས་་ས་གནས་གང་ཞིག་ལ་བྱོན་ཡོན་མིན་ནི་འདི་ཡི་ར་སྤྲོད་བྱེད་ཐུབ་པ་ཡིན།    སྤྱིར་གཤེན་རབ་མི་བོ་མཆོག་གིས་ཕྱི་རིག་པའི་བོན་སྡེའི་གྲལ་དུ་དུས་འཁོོར་ཕྱི་ནང་གསང་གསུམ་གྱི་རྒྱུད་དང་གཙུག་ལག་དཔལ་འབུམ་ཕྱི་ནང་གི་གཞུང་ཆོག་མང་དག་ཅིག་གསུངས་པའི་ལོ་རྒྱུས་ཡོད་པ་གཞུང་འགག་ཞིག་ད་ལྟ་བཞུགས་བཞིན་པ་ཡིན་ཞིང་།  གཞུང་ལུགས་དེ་རྣམས་ལ་འབྱུང་སྲིད་བསྐལ་གསུམ་དང་ལོ་ཟླ་དུས་བཞིའི་སྐོར་གྱི་བཤད་པ་རྒྱ་ཆེན་པོརབཞུགས་ཡོད་པ་ནི་བདེན་མོད་ཀྱང་།   འོན་ཀྱང་ཆེས་གནའ་བོའི་དུས་སུ་གང་ས་ཅིའི་ཐད་དུ་ཆ་རྐྱེན་ཞན་པས་ཡུལ་ལུང་བྱེད་བྲག་ཀུན་ལ་དེ་ལྟ་བུའི་རྩིས་གཞུང་རྒྱ་ཆེན་པོ་དར་བའམ་དཔོག་མི་ནུས་པས།      ད་ལྟའི་སྐར་རྩིས་དང་འབྱུང་རྩིས་ཁག་གི་རྩིས་གཞུང་ལྟར་གྱིས་ལོ་ཐོ་ནང་བཞིན་མེད་པ་ནི་རིགས་པས་གྲུབ་པ་ཡིན།    འོ་ན་ཆེས་གནའ་བོའི་དུས་སུ་གངས་ཅན་བསིལ་མོའི་ལྗོངས་སུ་ལོ་ཐོ་ཡོད་དམ་ཞེ་ན།      འདུལ་བ་པ་དང་གསོ་རིག་པ་དང་ཀླུ་མཆོད་གཏོང་མཁན་སོགས་དང་།   ཞིང་འབྲོག་པའི་ཁུལ་དུ་སོ་སོའི་འཚོ་བ་དང་འབྲེལ་བའི་ནམ་ཟླའི་དུས་གཟེར་ཧ་ཀྱང་མཁོ་གལ་ཆེ་བས་བློ་ལ་ངེས་ཆོག་གི་ཉུང་བསྡུས་རེ་དང་།  ལྷག་པར་དུ་མྱེས་པོ་ནས་མྱེས་པོས་བརྒྱུད་པའི་རྒན་རབས་མྱོང་བ་ཅན་གྱི་ཞལ་ཤེས་ནི་གངས་ཅན་བསིལ་མོའི་ལྗོངས་སུ་ཆེས་གནའ་བོའི་དུས་སུ།  ཞིང་པ་དང་འབྲོག་ཁུལ་དུ་ལུང་པ་སོ་སོས་ཤོད་ཚུལ་ཏོག་ཙམ་མི་འདྲ་མ་གཏོགས།   ནམ་ཟླ་དུས་བཞིའི་གཟེར་དང་གཟའ་དང་རྒྱུ་སྐར་གྱི་མིང་དང་དབྱིབས་གཟུགས་སོགས་བརྟག་ཐབས་རྒྱ་ཆེན་ཡོད་འདུག་པས།   དེའི་རིགས་ཞལ་ཤེས་དང་ལག་ལེན་འགའ་ཞིག་ད་ལྟའང་མ་ཉམས་བཞུགས་བཞིན་པ་འདི་རྣམས་ལ་གཙོར་བཟུང་ཞིང་ལོ་ཟླའི་དུས་གཟེར་སོགས་གཏན་ལ་འབེབ་དགོས་པ་ཡིན་པས།  དེས་ན་ཆེས་གནའ་བོའི་དུས་སུ་མ་མཐའ་ཡང་ལོ་ངོ་བཞི་སྟོང་གི་གོང་དུ་ང་ཚོའི་མྱེས་པོ་ལ་འདི་ལྟ་བུའི་ལོ་ཐོ་ཡོད་ཅེས་ལན་འདེབས་རྒྱུ་ཡིན་པ་མ་ཟ།   དུས་གཟེར་འདི་རྣམས་དོན་དངོས་དང་མཐུན་ཞིང་དེང་རབས་དང་མི་མཐུན་པ་གང་ཡང་མེད་དོ་ཞེས་མགྲིན་པ་གཟེངས་སུ་བསྟོད་དེ་ཤོད་བར་སྤོབས་སོ།

    གནའ་བོའི་གངས་ཅན་བསིལ་མོའི་ལྗོངས་ཀྱི་ཐོ་ལོའམ་<<གནའ་བོའི་ལུགས་རྙིང་འདུལ་རྒྱུད་དང་ཀླུ་འབུམ་དང་སྨན་འབུམ་བཅས་ཀྱི་ལོ་ཟླ་དང་དུས་གཟེར་རྩི་སྟངས་མེས་པོའི་ཞལ་ལུང་།>>ཞེས་པ་འདི་ལྟར་ནི་ལོ་ཐོ་རྒྱས་པར་ཡིག་ཚོགས་མང་དྲག་པས་ད་ལན་གསལ་བཤད་མཚམས་སྦྱོར་གྱི་ཚུལ་དུ་དཔྱད་གཞི་ཙམ་ཡིན་ཞིང་།   དེའང་གཡུང་དྲུང་བོན་གྱི་བཀའ་མ་འདུལ་བ་རྒྱུད་དྲུག་དང་གསོ་རིག་འབུམ་བཞི་དང་གཙང་མ་ཀླུ་འབུམ་དཀར་པོ་དང་བཅས་ཀྱི་ནམ་ཟླའི་དུས་གཟེར་ལ་རྩིས་ཁུངས་བྱས་ཏེ་རྩིས་གཞི་ལྟ་བུ་ཞིག་ཡིན་ལ་ཁོ་བོས་རག་རྩིས་བྱས་པ་ཙམ་ཡིན་ཁུལ་ཡིན་ཞིང་།    དེ་ལྟར་རྒྱུ་མཚན་དང་འབྲས་རྩིས་སོགས་ཞིབ་པར་གཞུང་དེ་རྣམས་ལ་གཟིགས་པར་ཞུ།    གཞན་དུ་ན་རྩིས་གཞུང་ཁག་ལ་ཞིབ་རྩིས་གསལ་བར་ཡོད་མོད་ཀྱང་ཁོ་བོས་རྩིས་ཀྱི་སྐོར་ལ་རྒྱུས་མངའ་མེད་པ་དང་།   ཀླུ་འབུམ་དང་སྨན་འབུམ་འདུལ་རྒྱུད་བཅས་ཀྱི་ལུང་གི་དོན་ཡང་དག་པར་མ་རྟོགས་ཤིང་ལོག་པར་གོ་བ་སོགས་སྐྱོན་དང་ནོར་འཁྲུལ་མང་པོ་བྱུང་ཡོད་ངེས་པས་སྤྱན་ལྡན་པ་ཚོ་ལ་བཤགས་པ་འབུལ་བ་དང་དགོངས་དག་ཞུ་རྒྱུ་ཡིན།   ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་དཔལ་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་དུ་དགེ་སྦྱོར་སྒྲུབ་པའི་ཐུན་མཚམས་སུ་མེ་ཁྱི་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ཉིན་གྲུབ་བོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།