བོན་གྱི་བཀའ་བསྟན་རིག་གཞུང་ནང་དུ་ཡོད་པའི་བོན་གྱི་རིག་གནས།

[ཟླ་ཚེས། 2017-05-05 09:34:53][རྩོམ་པ་པོ། མཁན་པོ་ཚེ་རིང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༩༩༧༦.jpg

   བོན་གྱི་བཀའ་བསྟན་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན།བཀའ་བསྟན་དེ་དག་གི་རྒྱུ་ཆ་གཙོ་བོ་བཀའ་མ་དང་གཏེར་མ་ཞེས་མ་ལག་ཆེན་པོ་གཉིས་ཀྱིས་གྲུབ་ཡོད།བཀའ་མ་ཞེས་པ་ནི་གཏེར་འོག་ཏུ་མ་སོང་ཞིང་གཏེར་སྟོན་ནམ་སྨྱུག་ཐོགས་པས་བཅོས་སླད་མ་ཕོག་པའི་དཔེ་ཆ་ཚད་མར་ངོས་འཛིན་སྲོལ་ཡོད།དཔེར་ན་བསམ་ཕྱོགས་ནས་སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི།སྔགས་ཕྱོགས་ནས་ཞང་ཞུང་མེ་རི་སྐོར།མདོ་ཕྱོགས་ནས་འདུལ་བ་རྒྱུད་དྲུག་སོགས་ལ་བཀའ་མ་ཟེར།རྒྱུ་མཚན་ནི་གཏེར་འོག་ཏུ་མ་སོང་བའི་དཔེ་ཆ་ཡིན་པ་ཟེར།ཞང་ཞུང་སྙན་བརྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས་ཞེས་པ་ཉིད་དུས་རབས་བཅུ་པ་ཡན་ཆད་ཀྱི་དཔེ་ཆ་ཞིག་ཡིན་ནའང་རྩོམ་པ་པོའི་མཚན་མི་གསལ།བཤད་སྲོལ་ལྟར་ན།ཞང་ཞུང་སྙན་བརྒྱུད་ཀྱི་དཔེ་ཆའང་འཇའ་ལུས་འཕོ་ཆེན་ཉེར་དྲུག་ནས་རིམ་གྱིས་བརྒྱུད་དེ་ཏ་པི་ཧྲི་ཙ་དང་སྣང་བཞེར་ལོད་པོ་གཉིས་ཀྱིས་ཡིག་སྣ་བཏབ་པར་བཤད་པ་དེ་ལྟར་ན་བོན་མ་ནུབ་པའི་གཏན་ཚིགས་ཀྱང་སྣང་བཞེར་ལོད་པོས་བརྩམས་པ་ཡིན་ནམ་མཁས་པ་རྣམས་ཀྱི་དཔྱད་པར་འཚལ།གང་ལྟར་དེའི་ནང་དུ་སྣང་བཞེར་ལོད་པོ་དང་འབྲེལ་བའི་ལོ་རྒྱུས་ཞིབ་ཆ་ཞིག་ཡོད་པ་ཤེས་དགོས། བོན་གྱི་གཏེར་མ་ངོ་སྤྲོད་མདོར་བསྡུས་ཞུས་ན།བོན་གྱི་ལོ་རྒྱུས་བསྟན་རྩིས་ལྟར་ན་སྤྱི་ལོ་༩༡༣པ་ལ་ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་ལྷ་ས་བསམ་ཡས་སུ་བྱོན་ཞིང་བསམ་ཡས་གཙུག་ལག་ཁང་ནས་དཔེ་ཆ་མང་པོ་ཞིག་རྐུས་ནས་བཟུང་བོད་ཀྱི་ལོ་རྒྱུས་ནང་དུ་གཏེར་མ་དང་གཏེར་སྟོན་གྱི་ཐ་སྙད་རྣམས་བེད་སྤྱོད་བྱེད་པའི་དབུ་ཚུགས།དེ་དང་དུས་མཉམ་དུ་ཁམས་ཕྱོགས་ནས་བན་དེ་མི་གསུམ་དང་ས་སྟོན་འབྲུག་ལྷ།ཁྲོ་ཚང་འབྲུག་ལྷ༩༥༦སོགས་ཀྱིས་བོན་གཏེར་མང་པོ་གཏེར་དྲངས་ཤིང་བོན་ཆོས་དར་སྤེལ་བཏང་།དེའང་ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ནས་བོན་གཏེར་དྲངས་བ་ནས་སྤྱི་ལོ་༡༠༡༧་པར་གཤེན་ཆེན་ཀླུ་དགས་བོད་ལྗོངས་གཞིས་རྩེ་གངས་པ་རྫོང་གི་འབྲི་མཚམས་མཐའ་དཀར་ནས་བོན་གཏེར་དྲངས་བའི་བར་ལ་བོན་གྱི་གཏེར་སྟོན་བཅོ་ལྔ་ཙམ་བྱོན་པར་བཤད།དེ་དག་གི་ནང་ནས་གཏེར་སྟོན་འགའ་རེ་ནི་ལུག་རྫི་དང་ཟོག་རྫི།ཡང་འགའ་རེས་ནི་རྔོན་པ་སྟེ་རང་མི་སྐྱ་བ་ཁོ་ན་ལས་བླ་མ་དང་གྲྭ་བ་གང་ཡང་མ་ཡིན་ཞིང་ཡིག་ངོ་མི་ཆོད་པ་དེ་ལྟ་བུ་རེད།ཁོང་རྣམ་པས་བོད་ཀྱི་མཆོད་རྟེན་ཞིག་རལ་དང་ལྷ་ཁང་ཞིག་རལ་ལྷ་སྐུ་རྙིང་པ་དང་ཡང་ན་ས་འོག་དང་བྲག་ཕུག་ནགས་ཚལ་སོགས་ནས་གནའ་བོའི་བོན་གྱི་ཡིག་རྙིང་མང་པོ་གསར་དུ་རྙེད།འོན་ཀྱང་གཏེར་སྟོན་ཕལ་ཆེ་བས་ཡི་གེ་མི་ཤེས་ཤིང་ཡོན་ཏན་གྱི་ཆུ་ཚད་དམན་པས་བོན་གཞུང་དེ་དག་ཀྱང་རང་རང་གི་མཆོད་ཁང་ནང་ཏུ་བཞག་ཏེ་མཆོད་པའི་ཞིང་དང་བཀུར་བའི་རྟེན་ཙམ་བྱེད་པ་ལས་དེར་སློབ་སྦྱོང་དང་ཞིབ་འཇུག་རྒྱུས་ལོན་བྱེད་པའི་གོ་སྐབས་བྲལ།དེ་དུས་ཀྱི་བོད་མིའི་ལྟ་སྟངས་ལ།ཡི་གེ་ནི་རྒྱལ་བའི་བཀའ་དང་དགོངས་འགྲེལ་ཡིན་པ་དང་། ཡང་ན་སངས་རྒྱས་ཀྱི་རྒྱལ་ཚབ་དང་ང་ཚོའི་དགེ་རྒན།ཡང་ན་ལྐུགས་པ་ཁ་འབྱེད་པའི་ལྡེ་མིག་ཡིན་པས་དེར་གུས་བཀུར་རྒྱ་ཆེན་པོ་བྱེད་སྲོལ་ཡོད། བོན་གཞུང་མདོ་གཡུང་དྲུང་ཀློང་རྒྱས་ལས། ལྐུགས་པ་ཁ་འབྱེད་གྲོལ་བ་ལྗགས་ཀྱི་མཆོགཅེས་པ་ལྟར་ཡི་གེ་ཉིད་རྟེན་སུམ་གྱི་ནང་ཚན། བོན་དཀོན་མཆོག་གི་ཆ་ཤས་སུ་ཁས་ལེན་པས་ཡི་གེ་ལ་འགོམ་ཡུག་མི་བྱེད་པ་དང་།དམའ་ས་དང་མི་གཙང་བའི་སར་མི་འཇོག་པ་སོགས་ནི་ཡི་གེ་ལ་གུས་བཀུར་གྱི་རྣམ་པ་ཙམ་ཡིན།གང་ཡིན་ཞེ་ན། ཡི་གེ་ནི་ང་ཚོའི་དགེ་རྒན་ཡིན་པས། དེར་དགེ་རྒན་དངོས་ཀྱི་འདུ་ཤེས་བཞག་ཐུབ་ན་ང་ཚོའི་སློབ་སྦྱང་ལ་ཕན་ཐོགས་ཡོད་པ་རེད།འོན་ཏེ་རྗེས་སུ་གུས་བཀུར་གྱི་སྤྱོད་བཟང་དེ་དག་སྐྱབས་འགྲོའི་སྡོམ་པའི་གྲས་སུ་བཞག་ཏེ་གུས་བཀུར་ཉིད་སྲུང་ཁྲིམས་ཞིག་ཏུ་འགྱུར་ཡོད།དེ་དུས་བོད་ཀྱི་ཡིག་ཆ་རྣམས་མཆོག་གསུམ་དང་སྐུ་གསུང་ཐུག་རྟེན་གྱི་ནང་ཚན་ཏུ་བཞག་པས་དེར་བེད་སྤྱོད་པ་དང་དཔེ་བཅད་དགོས་ཚེ་མ་དཔེ་ལག་ཏུ་མི་ཆུད་པ་སོགས་དཀའ་ལས་མང་པོ་བརྒྱུད་དགོས། སྤྱི་ལོ་དུས་རབས་བཅུ་པའི་དུས་སུ་ང་ཚོ་བོད་ཀྱི་ཆོས་ལུགས་ལ་བོན་པོའི་ཆོས་ལུགས་དང་བན་དེའི་ཆོས་ལུགས་གཉིས་ཡོད།བོན་པོའི་ཆོས་ལུགས་ཞེས་པ་ནི་རྒྱ་གར་གྱི་དབུ་མ་སྟེ་ནང་བསྟན་རིག་གནས་ཀྱིས་ཤན་ཞུགས་ཆེན་པོ་ཐེབས་མེད་པའི་བོད་ཀྱི་རིག་གནས་རྣམས་ལ་གོ བན་དེའི་ཆོས་ལུགས་ཞེས་པ་ནི་རྒྱ་གར་ནས་དབུ་མའི་ལྟ་བ་སོགས་བོད་དུ་དར་ཏེ་བོད་ཡ་ཐོག་གི་རིག་གནས་ལ་ཤན་ཞུགས་ཆེན་པོ་ཐེབས་རྗེས་ཀྱི་བོད་ཀྱི་རིག་གནས་རྣམས་ལ་ཟེར།འདིའི་སྐབས་སུ་བཤད་པའི་བན་དེའི་ཆོས་ལུགས་ཞེས་པ་གཙོ་བོ་རྙིང་མའི་ཆོས་ལུགས་རྣམས་ལ་གོ་བ་ལེན་དགོས།སྤྱིར་སྔགས་རྙིང་མ་ཞེས་པའང་སྤྱི་ལོ་དུས་རབས་བཅུ་གཅིག་པ་ཙམ་ལ་སྔགས་གསར་མ་རྣམས་དར་བའི་རྗེས་སུ་བྱུང་བའི་ཐ་སྙད་ཅིག་ཡིན་ནའང་།དེའི་ནང་དོན་རྣམས་དུས་རབས་བཅུ་གཅིག་པའི་སྔོན་ནས་ཡོད་པར་ཤེས་དགོས། བོན་པོའི་ཆོས་ལུགས་ཀྱང་ད་ལྟའི་བོན་ཆོས་ལྟ་བུ་ཞིག་མ་ཡིན་པར་སྔགས་རྫོགས་དང་སྲིད་པའི་བོན་ལ་ཤུགས་ཆེན་པོ་སྤྱོད་པའི་ཆོས་ལུགས་ཤིག་ཡིན་པ་ཤིན་ཏུ་གསལ།དུས་རབས་བཅུ་གཅིག་པའི་དཀྱིལ་ཙམ་ནས་ཇོ་བོ་རྗེ་ཨ་ཏི་ཤ་བོད་ལ་ཕེབས་ཏེ་བཀའ་གདམས་བསྟན་པའི་དབུ་བརྙེས།དེ་དང་དུས་མཉམ་དུ་སྔགས་གསར་མ་རྣམས་དར་བའི་འགོ་བཟུང་ཤིང་གསང་སྔགས་རྙིང་མ་དང་བོན་ཆོས་གཉིས་ལ་དངོས་ཤུགས་ཀྱི་སྒོ་ནས་དགག་པ་ཚ་ནན་ཕོག་ཡོད།རྙིང་མ་ལ་བོན་ཚ་ཟེར་བའི་ཐ་སྙད་ཀྱང་དེའི་དུས་ནས་བྱུང་བར་བསམ།བཤད་སྲོལ་ལ། བཀའ་གདམས་ཞེས་རྒྱལ་བའི་བཀའ་ཡིན་ན་འདོར་རྒྱུ་གཅིག་ཀྱང་མེད་པར་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་པ་ཡིན་པར་བཤད་མོད།གཙོ་བོ་དེ་དུས་བོན་པོ་དང་བན་དེའམ་མདོ་དང་སྔགས་སོགས་མེ་ཆུ་ལྟར་འགལ་བ་ཁོ་ན་འཛིན་ཏེ་དབྱེར་མེད་དུ་སྤྱོད་ཤེས་མཁན་ཧ་ཅུང་ཉུང་ཉུང་རེད།ཨ་ཏི་ཤ་བོད་ལ་ཕེབས་པ་དང་བཀའ་གདམས་ཞེས་པའི་ཐ་སྙད་གསར་དུ་བྱུང་། སྤྱིར་སྤྱི་ཚོགས་གང་ཞིག་ཡིན་ཀྱང་འགལ་འདུ་ཕལ་ཆེ་བ་ཆོས་ལུགས་ལས་བྱུང་བར་ཤེས་དགོས།དེ་བཞིན་ཏུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་འདུ་ཕལ་ཆེ་བའང་བན་བོན་ཆོས་ལུགས་ལས་བྱུང་བར་ཤིན་ཏུ་གསལ།དཔལ་ལྡན་ཇོ་བོ་རྗེ་བོད་དུ་ཕེབས་པའི་དམིགས་ཡུལ་བོད་དུ་དར་བའི་དབུ་མ་ལ་དག་ཐེར་བྱེད་པ་དེ་རེད།གདན་འདྲེན་ཞུ་མཁན་གཙོ་བོ་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་གཉིས་ཡིན་པ་དང་།ཁོང་གཉིས་ནི་མངའ་རིས་རྒྱལ་རྒྱུད་ཀྱི་འཚབ་བྱེད་ཐུབ་པའི་མི་སྣ་ཡིན་པ་དང་།མངའ་རིས་རྒྱལ་རྒྱུད་ནི་དེའི་དུས་སུ་བོད་ཀྱི་རྒྱལ་ཕྲན་ནང་དུ་ཆབ་སྲིད་ཀྱི་ནུས་པ་ཆེ་ཞིག་ཡིན་པར་མ་ཟད་བན་དེའི་ཆོས་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་རབས་ཤིག་ཀྱང་ཡིན།ལྷ་སའི་རྒྱལ་རྒྱུད་ནི་བོད་རང་གི་རིག་གནས་ཏེ་བོན་པོའི་རིག་གནས་ལ་དད་པ་བྱེད་མཁན་ཞིག་ཡིན་ཞིང་།རྙིང་མའི་ཆོས་ལུགས་ལའང་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེས་ན་མངའ་རིས་རྒྱལ་པོས་ཨ་ཏི་ཤ་གདན་དྲངས་བའང་ཆོས་ལུགས་གཅིག་པུའི་ཆེད་དུ་མ་ཡིན་ཞིང་ཆབ་སྲིད་ཀྱི་ཁས་དབང་ཡང་ཡིན་པར་སྨོས་མ་དགོས།དཔེར་ན་ཨ་ཏི་ཤས་བཀའ་གདམས་པའི་སྲོལ་ཕྱེས་བ་ནས་བོད་ལ་སྔགས་གསར་མ་ཞེས་པ་ཞིག་བྱུང་སྟེ་སྔགས་རྙིང་མ་ལ་དགག་པ་ཚ་ནན་བརྒྱབ་པ།དཔེར་ན་ཨ་ཏི་ཤས་ང་ལ་དཔལ་ལྡན་ལྷ་མོས་ལུང་བསྟན་པ་ལྟར་ད་ནས་བཟུང་སྔགས་རྙིང་མ་ལ་གྲུབ་ཐོབ་རྣལ་མ་མེད་ཞེས་པ་སོགས་སུ་བརྟགས་ན་ཤེས་ཐུབ།བཀའ་གདམས་ནི་དབུ་མ་གཙོ་བོ་བྱེད་པའི་ཆོས་ལུགས་ཤིག་ཡིན་པར་མ་ཟད་དུས་རབས་བཅུ་གཅིག་པའི་ནང་གསར་དུ་དར་བའི་ཆབ་སྲིད་ཀྱི་ནུས་པ་གསར་པ་ཞིག་ཀྱང་ཡིན།དཔེར་ན་ཨ་ཏི་ཤས་གཏེར་ནས་བཏོན་པའི་བཀའ་ཆེམས་ཀ་ཁོལ་མ་སོགས་ཀྱི་ནང་དུ་སྲོང་བཙན་སྒམ་པོ་ཉིད་ཐུགས་རྗེ་ཆེན་པོའི་སྤྲུལ་བ་དང་།ཁྲི་སྲོང་ལྡེ་བཙན་ཉིད་འཇམ་དབྱངས་ཀྱི་སྤྲུལ་བ། ཁྲི་རལ་བ་ཅན་ཕྱག་ན་རྡོ་རྗེའི་སྤྲུལ་བ་ཡིན་ཚུལ་དང་མ་ཎི་ཡིག་དྲུག་བོད་ཀྱི་ཆོས་སྐལ།ཐུགས་རྗེ་ཆེན་པོ་བོད་ཀྱི་ལྷ་སྐལ་ཡིན་པ་སོགས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱས་ཡོད་།དམིགས་ཡུལ་མངའ་རིས་རྒྱལ་རྒྱུད་ཀྱི་ཆེ་བ་འདོན་པའི་ཆེད་དུ་ཡིན་ཏེ།རྒྱུ་མཚན་མངའ་རིས་རྒྱལ་རྒྱུད་ནི་བོད་ཀྱི་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཡིན་པར་འདོད་མོད་ཀྱང་།དོན་དངོས་སྤྱི་ལོ་དུས་རབས་བཅུ་གཅིག་པའི་སྔོན་ལ་བོད་མིས་མ་ཎི་ཡིག་དྲུག་འདོན་ཤེས་ཀྱིན་ཡོད་མེད་ཀྱང་ཐེ་ཚོམ་ཅན་དུ་གྱུར་ཡོད་པ་དེ་ལྟ་བུ་རེད།དེའི་སྔོན་ན་རྣམ་པར་སྣང་མཛད་ཆོ་ག་རྣམས་ང་ཚོ་བོད་ལ་ཤུགས་ཆེན་པོ་དར་ཡོད་ས་རེད།དཔེར་ན་བཻ་རོ་ཙ་ནས་རང་གི་པུར་མིང་ལ་རྣམ་པར་སྣང་མཛད་ཅེས་པས་ཀྱང་ཤེས་ཐུབ། རྣམ་པར་སྣང་མཛད་གཙོས་པའི་རྒྱ་གར་གྱི་ཧིན་དྷུའི་རིག་གནས་འགའ་བོད་དུ་དར་ཞིང་བོན་ལུགས་གསང་སྔགས་དང་འདྲེས་པའི་རིག་གནས་རྣམས་ལ་སྔགས་ཕྱི་རྒྱུད་ཟེར།རིག་གནས་དེ་དག་བོད་ཀྱི་བོན་པོ་དང་བན་དེ་གཉིས་ཀས་བེད་སྤྱོད་ནས་ཡུན་རིང་པོ་འགོར།དུས་རབས་བདུན་པ་ནས་རྒྱ་ནག་ཏུ་དར་བ་ལ་ཐང་མིས་唐密ཟེར།རྗེས་སུ་འཇར་པན་日本དུ་དར་བ་ལ་དུང་མིས་东密ཟེར། དེའང་བན་བོན་གཉིས་ཀའི་ལོ་རྒྱུས་ལྟར་ན་དུས་རབས་བརྒྱད་པ་ནས་རྒྱ་གར་གྱི་དབུ་མ་གཙོས་པའི་རིག་པ་མང་པོ་ཞིག་བོད་དུ་དར་ཞིང་སྔོན་ནས་དར་ཡོད་པའི་བོན་ལུགས་རྫོགས་ཆེན་དང་ཕན་ཚུན་རྩོད་པ་ཐེངས་མང་ཙམ་བྱས་ཡོད་པ་ལོ་རྒྱུས་ཀུན་ཏུ་གསལ།དེའང་བོན་གྱི་ལོ་རྒྱུས་ཡིག་ཆ་ལྟར་ན།བོན་ལུགས་ཀྱི་སྔགས་རྫོགས་རྣམས་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བོད་དུ་དར་བའི་དབུ་བརྙེས།བཙན་པོ་ཕྱི་མ་རྣམས་ཀྱི་དུས་སུ་སྐུ་གཤེན་མང་པོ་དང་འཇའ་ལུས་འཕོ་ཆེན་ཉེར་དྲུག་སོགས་བྱོན་ནས་དེ་དག་རྒྱས་པར་མཛད།དེའི་དུས་སུ་བོད་ལ་དར་བའི་རིག་གནས་ལ་མ་ལག་ཆེན་པོ་གཉིས་ཡོད།གཅིག་ནི་སྲིད་པའི་རྒྱུ་བོན་གྱི་རིག་གནས་དང་གཅིག་ནི་རྫོགས་ཆེན་གྱི་རིག་གནས་རྣམས་ཡིན།བོན་ལུགས་གསང་སྔགས་ནི་རྫོགས་ཆེན་གྱི་ཡན་ལག་གམ་ཆ་ལག་ཡང་ན་སྔོན་འགྲོ་ལྟ་བུ་ཡིན་པས་རྫོགས་ཆེན་གྱི་ཁུངས་སུ་སྡུད་ཆོག་པར་བསམ།བན་བོན་ལོ་རྒྱུས་རྣམས་སུ་དུས་རབས་བརྒྱད་པའི་སྐབས་སུ་བོད་ལ་བོན་ཆོས་སམ་བན་བོན་རྩོད་པ་བྱས་ཟེར་བའང་དབུ་མ་དང་རྫོགས་ཆེན་གཉིས་ཀྱི་འཐབ་རྩོད་ཅིག་རེད་སྙམས།གང་ཡིན་ཞེ་ན།སྲིད་པའི་རྒྱུ་བོན་ནི་དམངས་ཁྲོད་ཀྱི་རིག་གནས་ཤིག་ཡིན་པས་དབུ་མ་དང་རྩོད་པའི་རྒྱུ་མེད།དེའི་དུས་ཀྱི་སྔགས་རྫོགས་དང་རྒྱུ་ནག་ནས་བྱུང་བའི་ཧ་ཤང་པ་རྣམས་ཕྱོགས་ཁག་གཅིག་ཡིན་པ་ཤིན་ཏུ་གསལ་ཏེ།དཔེར་ན་རྒྱ་གར་གྱི་དབུ་མ་བོད་དུ་དར་བ་དང་དང་པོ་བོན་པོ་དང་རྩོད། དེ་ནས་ཧ་ཤང་དང་རྩོད་པས་ཀྱང་ཤེས་ཐུབ། དེས་ན་ཧ་ཤང་པ་ཚོ་བོད་ལ་བྱོན་ནས་སློབ་མ་སྐྱོང་བ་དང་རྒྱ་ནག་གི་བསྟན་པ་སྤེལ་བའི་ལོ་རྒྱུས་རྒྱ་བོད་གཉིས་ལ་མེད་པས་ཁོ་ཚོ་བོད་ལ་ཡོང་བ་ནི་སློབ་སྦྱོང་གི་ཆེད་ཡིན་པ་སྨྲོས་མ་དགོས།དེ་ལས་ཁོ་ཚོས་དབུ་མ་ལ་སློབ་སྦྱོང་བྱས་མེད་པ་ནི་དབུ་མ་བས་ཁོ་ཚོ་ཚར་བཅད་དེ་རྒྱང་ཕུད་བྱས་པས་ཀྱང་ཤེས་ཐུབ།རྒྱ་གར་གྱི་དབུ་མ་རྣམས་བོད་དུ་དར་ནས་དང་པོ་ཐུག་ས་བོན་ཆོས་ཡིན་པ་དང་།བོན་ལ་སྔགས་རྫོགས་ཀྱི་རིག་གནས་ཤུགས་ཆེན་པོ་དར་ཡོད་པ་ནི་འོག་ནས་བཤད་འགྱུར་ལྟར་རྫོགས་ཆེན་བརྒྱུད་ཁ་ཆེ་ཆུང་དུ་མ་ཡོད་པ་རྣམས་སུ་བརྟགས་ན་ཤེས་ཐུབ། དེའང་སྔགས་རྫོགས་དང་དབུ་མ་གཉིས་བསྟན་པ་ཕྱི་དར་སྐབས་སུ་ད་དུང་དེ་དག་གི་དུག་རོ་རྣམས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་གནས་ཡོད་པ།དཔེར་ན་ཨ་ཏི་ཤ་བོད་དུ་ཕེབས་སྐབས་བོད་ཀྱི་ཆོས་ལུགས་པ་ཚོས་ལ་ལས་མདོ་ལ་བསྟོད་ཞོར་སྔགས་ལ་སྨད།ཡང་ལ་ལས་སྔགས་ལ་བསྟོད་ཞོར་མདོ་ལ་སྨད་དེ་མདོ་སྔགས་འགལ་མེད་དུ་སྤྱོད་ཤེས་མཁན་ཉིན་མོའི་སྐར་མ་ལྟར་ཉུང་ངུར་ཆགས་ཞེས་པས་ཀྱང་རགས་ཙམ་ཤེས་ཐུབ།དེའང་མདོ་ཞེས་པ་ནི་དབུ་མ་གཙོར་བྱེད་ཀྱི་གཞུང་རྣམས་ལ་ཟེར། སྔགས་ཞེས་པ་ནི་སྔར་ནས་བོད་ལ་དར་ཡོད་པའི་རིག་གཞུང་རྣམས་ལ་ཟེར།དུས་རབས་བརྒྱད་པ་ནས་དེ་དག་གྲུབ་མཐའ་གཉིས་སུ་ཆད་དེ་གྲུབ་མཐའ་རྩོད་པའི་འགོ་བཟུང་།སྔགས་ཀྱི་ནང་དུ་རྒྱ་གར་ཧིན་དྷའི་རིག་གནས་ལས་བྱུང་བའི་རྣམ་པར་སྣང་མཛད་སོགས་སྔགས་ཕྱི་རྒྱུད་སྐོར་དང་།བོན་ལུགས་གསང་སྔགས་སྤྱི་སྤུངས་དང་མ་རྒྱུད་མེ་རི་རྫོགས་ཆེན་སོགས་ལས་བྱུང་བའི་སྔགས་ནང་རྒྱུད་དེ་མ་ལག་ཆེན་པོ་གཉིས་ཡོད།བན་བོན་གཉིས་ཀས་སྔགས་ཕྱི་ནང་གི་རྒྱུད་སྡེ་རྣམས་བེད་སྤྱོད་བྱས་ཏེ་ལོ་མང་པོ་སོང་།རྗེས་སུ་ཨ་ཏི་ཤ་བོད་ལ་ཕེབས་ཤིང་བཀའ་གདམ་བསྟན་པ་གསར་བཏོད་བྱས་པ་ནས་བཟུང་མདོ་སྔགས་གཉིས་འགལ་མེད་དུ་སྤྱོད་ཤེས་པ་བྱུང་ཟེར།འོན་ཀྱང་དུས་དེ་ནས་སྔགས་ལའང་གསར་རྙིང་གཉིས་སུ་ཆད་དེ་གསང་སྔགས་རྙིང་མ་རྣམས་ལ་དགག་པ་ཚ་ནན་ཕོག་ཡོད་པས་དེ་དུས་ཀྱི་སྔགས་ཞེས་པ་ནི་སྔགས་གསར་མ་རྣམས་ལ་ཟེར། དེའང་དུས་རབས་བརྒྱད་པའི་སྐབས་སུ་དབུ་མའི་ཕྱོགས་སུ་ལངས་ནས་བོན་ཆོས་ལ་རྩོད་པ་རྒྱག་མཁན་མང་ཆེ་ཤོས་བོད་པ་ཁོ་ན་ཡིན་པས་ཁོ་ཚོ་དབུ་མའི་ལྟ་བ་ཡང་དག་པ་ཞིག་ཤེས་ཡོད་མེད་ཐེ་ཚོམ་ཅན་ཞིག་ཡིན་ནའང་སྔགས་རྫོགས་ལ་རྒྱུས་ལོན་བྱས་མྱོང་ཡོད་པར་བསམ་ཏེ།དེའི་སྔར་ནས་བོད་ལ་དར་ཡོད་པས་སོ།རྗེས་སུ་ཨ་ཏི་ཤ་བོད་དུ་ཕེབས་ནས་དབུ་མའི་ལྟ་བ་ལ་དག་ཐེར་མཛད་པའང་རྒྱུ་མཚན་དེའི་རིགས་ལས་བྱུང་བར་ངེས། མདོར་ན་དུས་རབས་བརྒྱད་པ་ནས་བོན་ཆོས་ཀྱི་འཐབ་རྩོད་འགོ་ལངས།ཆོས་དང་སྲིད་གཉིས་ལའང་འཐབ་རྩོད་ཤུགས་ཆེན་པོར་ཐུག་པ་དཔེར་ན་བཻ་རོ་ས་མཐར་སྤྱུགས་པ་དང་བོན་ཆོས་གཏེར་འོག་ཏུ་སོང་བ་དང་བོན་གཤེན་མང་པོ་ས་མཐར་སྤྱུགས་པས་ཀྱང་ཤེས་ཐུབ།ཆེ་ས་ནས་བཤད་ན་ཞང་བོད་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འཐབ་རྩོད།ཆུང་ས་ནས་བཤད་ན་བན་བོན་འཐབ་རྩོད་རེད།དེ་ཚང་མའི་རྩ་བ་ཐོབ་ཐང་དང་གོ་གནས་ལ་ཐུག་ཡོད་པར་ཤེས་སླ།རྒྱུ་མཚན་དེའི་དབང་གིས་སྤྱི་ལོ་༨༤༢པ་ནས་བོད་ཀྱི་རྒྱལ་པོ་དར་མ་འུ་དུམ་བཙན་པོའང་ཆོས་ལུགས་པ་ལྷ་ལུང་དཔལ་གྱི་རྡོ་རྗེས་སྐུ་བཀྲོངས།ཁོང་གི་སྲས་ཡུམ་བརྟན་དང་འོད་སྲུང་གཉིས་ཀྱི་རིང་ནས་འཐབ་རྩོད་དེ་དག་མངོན་དུ་གྱུར་ཏེ་བོད་སིལ་བུ་ཁ་འཐོར་དུ་གྱུར་ཡོད་པ་དེ་ལྟ་བུ་རེད།དཔེར་ན་བཙན་པོ་སྐུ་གཤེགས་པ་དང་བཙུན་མོ་ཆུན་མ་སྟེ་ཆུང་བ་ལ་བུ་ཞིག་སྐྱེས་པའི་བཙུན་མོ་ཆེན་མོས་འཕྲོག་པའམ་གསོད་པར་དོགས་ནས་ཉིན་བར་ན་ཉི་མའི་འོད་ཀྱིས་སྲུང་།མཚན་མོར་མཆོད་མེ་འོད་ཀྱིས་སྲུང་བས་མཚན་ཡང་འོད་སྲུང་བཏགས།དེ་དང་དུས་མཉམ་དུ་བཙུན་མོ་ཆེན་མས་(བཙུན་མོ་ཆེན་མ་ཞེས་པའི་དོན་ཡིན།)ཀྱང་རང་ལ་མངལ་ཆགས་ཁུལ་གྱིས་རྫུན་བཤད།གཞན་པའི་བུ་ཞིག་ཁུར་ཡོང་ནས་རང་གི་བུ་ཁུལ་གྱི་རྫུན་བཤད།བློན་པོ་རྣམས་ཀྱིས་བལྟས་པས་ཁར་སོ་ཡོད་པས་མདང་སོང་སྐྱེ་བ་ཞིག་མ་ཡིན་པར་ཤེས་ནའང་བཙུན་མོ་ཆེན་མོ་དབང་ཆེ་བས་ཡུམ་གྱི་བཀའ་བརྟེན་པ་ལས་གྱེན་ལྡོག་བྱེད་མ་ཕོད་པས་ཡུམ་བརྟེན་ཞེས་མཚན་བཞག་ཅེས་ཡུམ་བརྟེན་ཉིད་བཙན་པོའི་སྲས་དངོས་མིན་ཞིང་འོད་སྲུང་ཉིད་གདུང་རྒྱུད་འཁྲུལ་མེད་ཡིན་པ་སོགས་འོད་སྲུང་ལ་དགའ་བའམ་ཡང་བན་ཆོས་ལ་དགའ་བའི་མི་ཞིག་གིས་དེ་འདྲ་བྲིས་པར་ཤིན་ཏུ་གསལ།དེ་ལ་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་དང་ཕྱིས་བྱོན་གྱི་ལོ་རྒྱུས་ཞིབ་འཇུག་ཆེད་མཁས་པ་དུ་མས་དེ་ནི་འོད་སྲུང་ལ་དགའ་བའི་མི་འགའ་རེས་ལོ་རྒྱུས་རྫུན་བཟོ་བྱས་པར་བཤད་ཉིད་མཁས་པའི་གཏམ་དུ་ངེས་སོ།།དཔེར་ན་བོད་སིལ་བུའི་དུས་རབས་ཀྱི་ལོ་རྒྱུས་འབྲི་སྐབས་ལྷ་སའི་རྒྱལ་རྒྱུད་།མངའ་རིས་རྒྱལ་རྒྱུད།ཡར་ལུང་རྒྱལ་རྒྱུད།ཙོང་ཁའི་རྒྱལ་རྒྱུད་སོགས་འགའ་རེ་མ་གཏོགས་ཁམས་ཕྱོགས་ནས་འབངས་གྱེན་ལོག་བྱུང་ཚུལ་དང་མཐའ་མཚམས་སྲུང་བའི་སོ་དམག་རྣམས་ངོ་ལོག་ཚུལ།ལོ་ངོ་བདུན་བཅུ་ལྷག་ལ་བོད་མདོ་དབུས་ཀུན་ལ་ཟིང་འཁྲུགས་དང་འཐབ་རྩོད་ཀྱི་འདམ་དུ་ཚུད་ཡོད་པ་རྣམས་ལར་ནས་བཤད་མེད་པས་ཆོས་ལུགས་གྲུབ་མཐའ་ཕྱོགས་འཐེན་གྱི་སྐད་ཆའི་ནང་དུ་བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་ཕྱོགས་རིས་ལོ་རྒྱུས་ཙམ་ལས་བོད་ཡོངས་ཀྱི་གནས་ཚུལ་བཤད་མཁན་ཉིན་མོའི་སྐར་མ་ལས་ཉུང་ངུར་ཆགས།དཔེར་ན་བོད་སིལ་བུའི་དུས་ཀྱི་ལོ་རྒྱུས་རྣམས་སུ་ལྷ་སའི་རྒྱལ་རྒྱུད་རྣམས་མིང་ཙམ་ལས་བྱུང་བ་གསལ་བོ་བཤད་མེད་དང་།གཞན་པ་ཡར་ལུང་རྒྱལ་རྒྱུད་དང་མངའ་རིས་རྒྱལ་རྒྱུད་ཙོང་ཁའི་རྒྱལ་རྒྱུད་རྣམས་ཀྱི་བྱུང་རབས་རྣམས་ཧ་ཅང་ཞིབ་རྒྱས་དང་ཆེ་བརྗོད་མང་བ་དེ་ལྟ་བུ་ལགས།དེས་ན་ལྷ་སའི་རྒྱལ་རྒྱུད་ནི་ཡུམ་བརྟེན་གྱི་གདུང་རྒྱུད་རྣམས་ཡིན་པ་དང་།དབུ་གཙང་ཕྱོགས་སུ་བཙན་པོའི་གདུང་རབས་ཟེར་བ་མང་པོ་ཞིག་ཡོད་ནའང་བོད་ཀྱི་ལོ་རྒྱུས་རྣམས་སུ་དེ་རྣམས་ངོ་སྤྲོད་བྱེད་མེད་པའང་གཙོ་བོ་དེ་དག་ཕལ་ཆེ་བ་ཡུམ་བརྟེན་ཕྱོགས་ཡིན་པ་དང་།བོད་ཀྱི་བན་ཕྱོགས་ཀྱི་ཆོས་ལུགས་པ་ཕལ་ཆེར་འོད་སྲུང་ལ་རྒྱབ་སྐྱོར་བྱེད་མཁན་ཤ་སྟག་ཡིན་པ།དཔེར་ན་ཨ་ཏི་ཤ་གདན་ཞུས་བྱེད་མཁན་ཡང་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་ཁུ་དབོན་ཡིན་པ་སོགས་ཀྱིས་གསལ་བྱེད་ཐུབ་པ་དེ་ལྟ་བུ་ལགས།ཡུམ་བརྟེན་ནི་བོད་རང་གི་ཆོས་ལུགས་དང་རིག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དཔེར་ན་བསམ་ཡས་སོགས་ལྷ་སའི་ཕྱོགས་ཀྱི་ལྷ་རྟེན་གཙུག་ལག་ཁང་མང་པོ་ཁོང་གི་གདུང་རྒྱུད་རྣམས་ཀྱིས་བདག་བྱས་ཡོད་པ་དང་།དེ་རྣམས་སུ་བོན་གྱི་དཔེ་ཆའང་མང་པོ་ཉར་ཚགས་བྱས་ཡོད་པ་དེ་རྣམས་ནི་ཡུམ་བརྟེན་གྱི་གདུང་རབས་རྣམས་ཀྱི་བཀའ་དྲིན་ཡིན་པ་ཤེས་དགོས། དེའང་སྤྱི་ལོ་༨༤༢་པ་ལ་བོད་ཀྱི་རྒྱལ་པོ་དར་མ་འུ་དུམ་བཙན་པོ་སྐུ་བཀྲོངས།སྤྱི་ལོ་༨༤༣ལོ་ནས་ཁོང་གི་སྐུ་སྲས་ཆེ་བ་ཡུམ་བརྟེན་དང་ཆུང་བ་འོད་སྲུང་གཉིས་ཕྱོགས་ཁག་གཉིས་སུ་ཆད་དེ་ནང་འཁྲུགས་ཛ་དྲག་བྱུང་བ་དང་།མཉམ་དུ་ཁམས་ཕྱོགས་ནས་བློན་ཁོང་བཞེར་སོགས་ཀྱིས་སྣེ་ཁྲིད་བྱས་ཏེ་ཞིང་བ་དང་བྲན་གཡོག་འབུམ་ཕྲག་མང་པོ་གྱེན་ལོག་བྱས་ཏེ་དགྲ་འཁྲུགས་ཀྱི་འགོ་བཟུང་།དེ་དུས་ཀྱི་འོས་ལང་ནི་ཆགས་གཞི་དང་གོ་རིམ་ལྡན་པའི་དགྲ་འཁྲུགས་ཤིག་ཡིན་པར་མ་ཟད་བྲན་གཡོག་དང་བྲན་གཡོག་བདག་པོའི་བར་གྱི་དགྲ་འཁྲུགས་ཤིག་ཀྱང་ཡིན་པས་ལོ་བདུན་བཅུ་ལྷག་ལ་བོད་མདོ་དབུས་ཁམས་གསུམ་ཀུན་ཏུ་གཡོ་ཟེང་ཧ་ཅང་ཆེ་བའི་དུས་ཤིག་ཡིན།བོད་མི་ས་ཡ་མང་པོ་དགྲ་འཁྲུགས་དང་བཐབ་རྩོད་དུ་ཚུད་ཅིང་བོད་ཆེན་པོའི་སྲིད་དབང་ཡང་མཇུག་ཡོངས་སུ་རྫོགས་པ་དེ་ལྟ་བུ་ཞིག་རེད། སྤྱི་ལོ་༩༡༡་པ་ལ་བོད་ཡུལ་འཐབ་འཁྲུགས་དང་ཟོང་ཆ་རྣམས་ཞི་འཇགས་སོང་བ་དང་བོད་ཀྱི་རིག་གནས་རྣམས་སླར་ཡང་དར་བའི་དབུ་བརྙེས།དེའི་དུས་སུ་འོད་སྲུང་གི་དད་པ་བྱེད་ས་གཙོ་བོ་བན་ཕྱོགས་ཀྱི་ཆོས་ལུགས་དང་རིག་གནས་རྣམས་ཡིན་ལ།ཁོ་ཚོས་རང་གི་དགོས་མཁོ་དང་བསྟུན་བན་ཕྱོགས་ཀྱི་རིག་གནས་རྣམས་ཤུགས་ཆེན་པོའི་ངང་དར་སྤེལ་མཛད་པས་འཕེལ་རྒྱས་རྩེར་སོན།ཡུམ་བརྟན་ནི་བོན་ཕྱོགས་སམ་བོད་རང་གི་རིག་གནས་ལ་རྒྱབ་སྐྱོར་དང་དད་པ་བྱེད་མཁན་ཞིག་ཡིན་པས་བོན་ལུགས་ཀྱི་རིག་གནས་རྣམས་ཀྱང་གང་ལ་གང་འཚམས་ཀྱི་འཕེལ་རྒྱས་སོང་ཡོད།སྤྱི་ལོ་༩༡༣་པ་ནས་བོན་གྱི་གཏེར་སྟོན་ཐོག་མ་ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་སོགས་བྱོན་ནས་བསམ་ཡས་ནས་བོན་ལུགས་དཔེ་ཆ་མང་པོ་རྐུས་ཏེ་དར་སྤེལ་བཏང་།ཨ་ཙ་ར་མི་གསུམ་གྱིས་མཐའ་བཞི་འཕྲུལ་གསས་ལ་དཔེ་ཆ་མང་པོ་མར་ཆུར་རྩམ་པ་སོགས་དང་བརྗེས་བས་བོན་གྱི་དཔེ་ཆ་དུ་མ་དམངས་ཁྲོད་ནང་དུ་དར་བའི་དབུ་བརྙེས།མཐའ་བཞི་འཕྲུལ་གསས་ལ་བརྒྱུད་དེ་དར་བ་ལ་སྨད་བརྒྱུད་ཟེར།བན་དེའི་མི་གསུམ་ལ་བརྒྱུད་དེ་དར་བ་ལ་སྟོད་བརྒྱུད་ཟེར།དེ་དུས་བོད་ལ་བོན་གྱི་བླ་མ་མང་པོ་ཡོད་ཀྱང་།ལ་ལ་ནི་རི་ཁྲོད་དང་བྲག་ཕུག་སོགས་སུ་བཞུགས་ཏེ་སྔགས་རྫོགས་ལ་སྒྲུབ་པ་མཛད། ཡང་འགའ་ཞིག་གྲོང་བའི་ནང་དུ་གཏོ་ཅོག་སྐུ་རིམ་བཏོན་ནས་དུས་འདའ་བ་ལས་དགོན་པ་སྐྱོང་ཞིང་འདུས་སྡེ་གསོ་མཁན་ཧ་ཅང་ཉུང་།ཡང་དུས་རབས་བཅུ་པའི་འགོ་ཙམ་ལ་བན་དེ་མི་གསུམ་གྱིས་ལྷ་ས་ཡར་བའི་བྲག་ནས་གཏེར་དུ་དྲངས་བའི་བོན་དཔེ་ཤིན་ཏུ་མང་།དེ་དག་གི་ནང་དུ་བོན་ཉིད་སྙིང་པོ་བརྡལ་འབུམ།མངོན་རྟོགས་རིག་པའི་རྩེ་འབུམ།ཀླུ་འབུམ་དཀར་ནག་ཁྲ་གསུམ།ཁམས་འབུམ་འབྲིང་པོ་པོ་ཏི་བརྒྱད་པ།ཐེག་པ་རིམ་པ་མངོན་ཏུ་བཤད་པའི་མདོ་རྒྱུད་དང་འགྲེལ་མེ་ལོང་དགུ་སྐོར་སོགས་ཤིན་ཏུ་མང་།བོན་གྱི་ལོ་རྒྱུས་ལྟར་ན་ཨ་ཙ་ར་མི་གསུམ་ནས་སྤྱི་ལོ་༡༠༡༧་པ་གཤེན་ཆེན་ཀླུ་དགས་གཏེར་ནས་བཏོན་བའི་བར་ལ་གཏེར་སྟོན་བཅོ་ལྔ་ཙམ་བྱོན་པར་བཤད།ཀླུ་དགའི་སྔོན་ནས་བོན་གྱི་ཡིག་ཆ་མང་པོ་ཐོན་ཟིན་ནའང་དེ་དག་ལ་སློབ་སྦྱངས་དང་ཞིབ་འཇུག་ཁྱབ་བསྒྲགས་སོགས་ཆེན་པོ་འགྲོ་ཐུབ་མེད་པ་དེ་ལྟ་བུ་རེད།སྤྱི་ལོ་༡༠༡༧་པ་གཤེན་ཆེན་ཀླུ་དགས་བོན་གཏེར་མང་པོ་གཏེར་དུ་དྲངས་བ་ནས་བོན་ལ་མདོ་དང་སྔགས་རྫོགས་པ་ཆེན་པོའི་གཞུང་ལུགས་ཆ་ཚང་ཡོད་པ་དཔེར་ན་གསང་སྔགས་རྒྱས་འབྲིང་བསྡུས་གསུམ་དང་ཁམས་འབུམ་པོད་བརྒྱད།མངོན་རྟོགས་རིག་པའི་རྩེ་འབུམ་པོད་བཅུ།བོན་ཉིད་སྙིང་པོ་བརྡལ་འབུམ་པོད་བཅུ་གཉིས།འདུལ་བ་རྒྱུ་དྲུག ཐུགས་རྗེ་ཉི་མ་དགུ་ཤར་པོད་བཅུ་སོགས་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་སེམས་གྱིས་མི་ཁྱབ་པ་རྣམས་ད་ལྟའང་བོན་བཀའ་འགྱུར་ཆེན་མོའི་གྲས་སུ་བཞུགས་ཡོད་པ་དེ་དག་གཤེན་ཆེན་ཀླུ་དགའི་སྔོན་སྟེ་སྤྱི་ལོ་དུས་རབས་བཅུ་པའི་སྟོད་ཀྱི་ལོ་རྒྱུས་ཡིན་པར་ཤེས་དགོས། གཤེན་ཆེན་ཀླུ་དགའ་ནས་བོད་ལ་མདོ་སྔགས་རྫོགས་གསུམ་ཀྱི་ཐ་སྙད་དང་གཞུང་ལུགས་དེ་འབྲེལ་གྱི་ལྟ་སྒོམ་སྤྱོད་པ་གཞི་ཞམ་འབྲས་གསུམ་སོགས་གསལ་ཞིང་རྒྱས་པ་བྱུང་ཟིན་པ་དཔེར་ན།གཤེན་ཆེན་ཀླུ་དགས་གཏེར་ནས་དྲངས་བའི་ནང་དུ་བྱང་སེམས་གབ་པ་དགུ་སྐོར་དང་སེམས་ཕྲན་སྡེ་དགུ་སོགས་རྫོགས་ཆེན་གྱི་བོན་སྡེ་དང་།ཁྲོ་བོ་རྒྱུད་དྲུག་དང་རྩ་རྒྱུད་གསང་བ་བསེན་ཐུབ་སོགས་སྔགས་ཕྱོགས་ཀྱི་བོན་དང་།ཁམས་རྒྱས་འབྲིང་བསྡུས་གསུམ་སོགས་གསུང་རབ་ཀྱི་སྡེ་སྟེ་མདོ་ཕྱོགས་ཀྱི་བོན།སྲིད་པའི་མཛོད་ཕུགས་སོགས་སྲིད་པའི་རྒྱུ་བོན་གྱི་སྐོར་བཅས་སྡེ་ཚན་ཆེན་པོ་བཞིར་ཕྱེས་ཡོད།དེ་ལས་མདོ་ཕྱོགས་སྟེ་གསུང་རབ་རྣམས་ཅོག་ལ་གཡུ་སྐྱིད་དང་མཁས་པ་རྨེའུ་ཡི་གདུང་རྒྱུད་རྣམས་ལ་བརྒྱུད་དེ་དར།སྔགས་སྡེ་རྣམས་འཛིན་བོན་འཕེན་རྒྱལ་དང་མེ་ཉག་སྤ་སྟོན་དཔལ་མཆོག་རྒྱལ་བ་སོགས་གྲུབ་ཐོབ་སྤ་ཡི་གདུང་རྒྱུད་རྣམས་ལ་བརྒྱུད་དེ་དར།ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་དང་དེའི་རང་འགྲེལ་སོགས་བྲུ་ནམ་མཁའ་གཡུང་དྲུང་དང་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ལ་བརྒྱུད་དེ་དར།བྱང་སེམས་གབ་པ་དགུ་སྐོར་དང་སེམས་ཕྲན་སྡེ་དགུ་རྣམས་དབང་ལྡན་ཞུ་གཡས་ལེགས་པོ་སོགས་ལ་བརྒྱུད་དེ་དར།དེ་དག་གིས་བོན་གྱི་གདན་ས་ཆེན་པོ་གཡས་རུ་དབེན་ས་ཁ་དང་ཞུ་རི་ཞིང་དགོན་སོགས་བཙུགས་ནས་བོན་བསྟན་དར་སྤེལ་བཏོང་།དཔེར་ན་བོན་གྱི་ལོ་རྒྱུས་ནང་དུ་སྐད་གྲགས་ཤིན་ཏུ་ཆེ་བའི་ཁུ་བཞེད་གཉེན་གསུམ་གྱི་ནང་ཚན་བཞེད་སྟོན་དངོས་གྲུབ་གྲགས་པ།ཨ་ཁྲིད་རྫོགས་པ་ཆེན་པོའི་སྲོལ་བཏོད་མཁན་དགོངས་མཛོད་རི་ཁྲོ་ཆེན་པོ།ཞུ་སྐྱི་སེ།ཞུ་སྒྲོལ་བ་གཤེན་རྒྱལ་སོགས་བོན་གྱི་མཁས་པ་མི་ཉུང་བ་ཞིག་ཞུ་རུ་ཞིང་དགོན་ནས་ལག་ཆགས་ཏེ་མཁས་པ་ཆེན་པོར་གྱུར།དཔེར་ན་བོན་གྱི་གདན་ས་ཆེན་པོ་གཡས་རུ་དབེན་ས་ཁ་ཉིད་ཐོག་མར་བཙུག་དུས་གྲྭ་བ་སྟོང་ལས་བརྒལ་བ་བྱུང་ཡོད་པ་དང་།དུས་རབ་བཅུ་བཞི་པའི་དུས་སུ་གྲྭ་བ་ཁྲི་ལས་བརྒལ་བར་འཕེལ་རྒྱས་སོང་ཡོད་པར་བཤད་པ་དེ་ལྟ་བུ་རེད།གདན་ས་དེར་བོན་གྱི་མཁས་པ་ཆེན་པོ་གཡས་རུ་སྟོན་པ་བཅོ་བརྒྱད་མཁས་པ་རྒྱལ་མཚན་མཆོག་ལྔ་སོགས་བྱོན་ནས་བོན་བསྟན་དར་ཞིང་རྒྱས་པར་མཛད།དེའང་གཤེན་ཆེན་ཀླུ་དགས་གཏེར་ནས་བཏོན་པའི་དཔེ་ཆ་དེ་དག་བོན་གྱི་བཀའ་འགྱུར་ཆེན་མོ་གྲུབ་པའི་རྒྱུ་ཆ་གཙོ་བོར་གྱུར་བའམ་རྨང་གཞི་དེའི་སྟེང་ནས་འཕེལ་རྒྱས་སོང་བར་ཤེས་དགོས། གཞན་ཡང་སྤྱི་ལོ་༡༠༦༧པ་ལ་བོན་གྱི་གཏེར་སྟོན་ཆེན་པོ་ཁྱེའུ་གཉན་མཐིང་པའམ་གཉན་མཐིང་ཤེས་རབ་རྡོ་རྗེ་ཡིས་ལུག་འཚོ་བའི་སྐབས་སུ་གཙང་ནུ་མའི་བྲག་ནས་བོན་གཏེར་མང་པོ་གསར་རྙེད་བྱུང་བ་དང་།སྤྱི་ལོ་༡༠༩༢་ལ་བོན་གྱི་གཏེར་སྟོན་ཆེན་པོ་རྨ་སྟོན་སྲོལ་འཛིན་བྱོན་ནས་གྱེར་མི་ཉི་འོད་དང་སྡོང་ནས་བོན་གཏེར་མང་པོ་གཏེར་ནས་དྲངས་བ།སྤྱི་ལོ་༡༠༢༤ལ་ ཁུ་ཚ་ཟླ་འོད་སྐུ་འཁྲུངས་ཤིང་སྤ་གྲོ་སྟག་ཚང་ནས་སྨན་དང་རྩིས་སྔགས་རྫོགས་སོགས་བོན་གཏེར་མང་པོ་དྲངས།སྤྱི་ལོ་༡༡༣༦་པ་ལ་གཏེར་སྟོན་གུ་རུ་རྣོན་རྩེ་འམ་ཨརྱ་བོན་པོ་ལྷ་འབུམ་སོགས་བྱོན་ནས་དུང་ར་ཁྱུང་རྫོང་གི་གཏེར་སྒོ་ཕྱེས།སྤྱི་ལོ་༡༡༧༥ལ་དཔོན་གསས་ཁྱུང་རྒོ་རྩལ་བྱོན་ནས་བོན་བསྟན་མང་པོ་གཏེར་ནས་དྲངས། ཡིག་ཆ་དེ་རྣམས་བོན་གྱི་བཀའ་འགྱུར་ཆེན་པོ་གྲུབ་པའི་རྒྱུ་ཆ་གཙོ་བོར་གྱུར།སྤྱི་ལོ་དུས་རབས་བཅུ་གཉིས་སྟོད་ཙམ་ལ་བོན་གྱི་མཁས་པ་ཆེན་པོ་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་བྱོན་ཏེ་གསུམ་འབུམ་སྣོད་བཅུད་མཛོད།མཛོད་འགྲེལ། ས་ལམ་གྱི་གཞུང་། སྒྲུབ་སྐོར་ཟིན་རིས་སོགས་བོན་གྱི་བཀའ་བསྟན་རྣམ་གཞག་དང་གསལ་བྱེད་མང་པོ་ལྗགས་རྩོམ་གནང་ཏེ་བཀའ་དང་བཀའ་བརྟེན་གྱི་དབྱེ་བ་གསལ་བོ་ཆགས།དུས་རབས་བཅུ་གཉིས་པའི་མཇུག་ཙམ་ལ་བོན་གྱི་མཁས་པ་འགྲོ་འགོན་བློ་གྲོས་རྒྱལ་མཚན་བྱོན་ཞིང་བོན་གྱི་བཀའ་བསྟན་ལ་ཞིབ་འཇུག་གཏིང་ཟབ་མོ་བྱས་ཏེ་བཀའ་དང་བཀའ་བརྟེན་གྱི་རྣམ་གཞག་སོགས་ལྗགས་རྩོམ་གནང་།དུས་རབས་བཅུ་གསུམ་པའི་འགོ་ཙམ་ལ་བོན་གྱི་ལོ་རྒྱུས་ལ་མཁས་པ་ཆེན་པོ་སྤ་བསྟན་རྒྱལ་བཟང་པོ་བྱོན་ནས་བོན་གྱི་ལོ་རྒྱུས་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་མཛད་པ་མ་ཟད།བོན་གྱི་བཀའ་བསྟན་གྱི་མཚན་ཉིད་དང་ངོ་བོ་དབྱེ་བ་སོགས་ཞིབ་རྒྱས་མཛད།སྤྱི་ལོ་༡༥༨༥་ལ་བོན་གྱི་མཁས་པ་ཆེན་པོ་ཁྱུང་པོ་བློ་གྲོས་རྒྱལ་མཚན་བྱོན་ནས་གླེང་གཞི་བསྟན་པའི་འབྱུང་ཁུངས་དང་རྒྱལ་རབས་བོན་གྱི་འབྱུང་གནས་སོགས་བརྩམས་གནང་མཛད་དེ་བོན་གྱི་བཀའ་བསྟན་རྣམ་གཞག་ཞིབ་རྒྱས་བསྟན།ཁོང་ལ་བོན་གྱི་བཀའ་བསྟན་དཀར་ཆག་ཅིག་ཡོད་པར་བཤད་ཀྱང་རང་གིས་ད་ཕན་དངོས་སུ་མཇལ་མ་ཐུབ།སྤྱི་ལོ་༡༧༠༠ལོར་རྒྱལ་དབང་ཀུན་གྲོལ་གྲགས་པ་སྐུ་འཁྲུངས་ཤིང་རྒྱལ་རོང་དགེ་བཤེས་ཙ་དང་ཁྲོ་སྐྱབས་ཚང་གི་བཀའ་འགྱུར་ལ་གཞིར་བཟུང་ནས་རྒྱལ་བའི་བཀའ་དང་བཀའ་རྟེན་གྱི་དཀར་ཆག་རྒྱས་པ་མཛད།བོན་གྱི་བཀའ་བསྟན་རིག་གནས་འཚོལ་བསྡུ་དང་ཞིབ་འཇུག་ཐད་ནས་བཀའ་དྲིན་མི་ཉུང་བ་གནང་།སྤྱི་ལོ་༡༨༡༣ལོ་མཁན་ཆེན་ཉི་མ་བསྟན་འཛིན་བྱོན་ནས་བོན་གྱི་བཀའ་བསྟན་དཀར་ཆག་རྒྱས་པར་མཛད།སྤྱི་ལོ་༡༨༦༤ལོ་ཉག་གཏེར་གསང་སྔགས་གླིང་པས་ཧོར་ཁྱུང་ཕྱོགས་ནས་བོན་གྱི་འགྱུར་ཆེན་པོ་གདན་འདྲེན་ཞུས་ཤིང་སུ་ལ་རིན་པོ་ཆེས་དེ་ལ་དཀར་ཆག་དང་བརྒྱུད་རིམ་སོགས་རྒྱས་པ་མཛད།དེ་ནི་ད་ལྟ་ང་ཚོའི་མཐོང་བཞིན་ཡོད་པའི་བཀའ་འགྱུར་དེ་རེད།དེར་ཉག་རོང་ཡེ་ཤེས་དགོན་གྱི་བླ་མ་ཨ་གཡུང་དང་རྔ་བ་རྟོགས་ལྡན་དགོན་གྱི་བླ་མ་ནམ་མཁའ་བསྟན་འཛིན།ལྷག་པར་དུ་སྨོན་རྒྱལ་ལྷ་སྲས་ཀུན་གྲོལ་ཚོགས་གཉིས་རྒྱ་མཚོ་སོགས་ཀྱིས་སྔ་ཕྱི་པར་ཐེངས་གསུམ་ཙམ་བྱས་པས་རྒྱལ་ཕྱི་ནང་ཀུན་ཏུ་ཁྱབ་བསྒྲགས་རྒྱ་ཆེན་པོར་སོང་།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།