བོན་པོའི་ཡིག་རྙིང་ཁག་མྱུར་སྐྱོབ་བྱེད་རྒྱུའི་རེ་འབོད།

[ཟླ་ཚེས། 2015-12-02 16:01:19][རྩོམ་པ་པོ། རྩོམ་པ་པོ་མི་གསལ། མཚོ་མོས་བསྒྱུར།][རྩོམ་ཁུངས། ཀྲུང་གོ་སྤྱི་ཚོགས་ཚན་རིག་དྲ་བ།][ཀློག་གྲངས། ]

094444zlgyekjm9g5y85zw.jpg

བོན་པོའི་ཡིག་རྙིང་ཁག་མྱུར་སྐྱོབ་བྱེད་རྒྱུའི་རེ་འབོད།

     བོན་ཆོས་རིག་གནས་ནི་བོད་མི་རིགས་ཀྱི་གནའ་བོའི་རིག་གནས་གསོན་པོ་ཞིག་ཡིན་ཞིང་། དེང་སྐབས་བོན་གྱི་ཆོ་ག་དང་ཡིག་ཆའི་ནང་དོན་ལ་བྱང་ཆ་ལྡན་པའི་དམངས་ཁྲོད་ཀྱི་དབོན་ནམ་ལེའུའི་དགུང་ལོ་མཐོ་བའི་དབང་གིས། ཡིག་ཆ་དང་ཆོ་གའི་རྒྱུད་འཛིན་གྱི་ཐད་ནས་རབས་ཆད་པའི་ཉེན་གནས་སུ་གྱུར་ཡོད་པས། ཡིག་རྙིང་དང་ཆོ་ག་འདི་དག་མྱུར་སྐྱོབ་རང་བཞིན་གྱིས་བསྔོག་འདོན་དང་ལེགས་སྒྲིག་ཞིབ་འཇུག་བྱ་རྒྱུ་ནི་རྒྱལ་ནང་གི་བོད་རིག་པའི་གར་སྟེགས་ཀྱི་རིག་གཞུང་གི་ལས་འགན་ཆེན་པོ་ཞིག་ཏུ་གྱུར་ཡོད།
     བོན་ཆོས་རིག་གནས་ནི་བོད་སྤྱི་ཚོགས་ཀྱི་གཟུགས་འདས་རིག་གནས་འགངས་ཆེན་གྲས་ཀྱི་གཅིག་ཡིན་ཞིང་། དེ་ནི་བོད་མི་རིགས་ཀྱི་གནའ་བོའི་ཤེས་རིག་གི་རིག་གནས་གསོན་པོ་ཞིག་ཡིན་ལ། བོད་ཀྱི་གནའ་དུས་ཀྱི་ཆོས་ལུགས་དང་། སྐད་བརྡ་རིག་གནས། འཚོ་བའི་གོམས་སྲོལ་སོགས་འདུས་པའི་རིག་གནས་ཀྱི་མ་ལག་གཅིག་ཀྱང་ཡིན་པས། དེས་བོད་བརྒྱུད་ནང་བསྟན་དང་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།
     བོན་ཆོས་རིག་གནས་ནི་ལྷ་འདྲེའི་རིག་གནས་དང་། སྔགས་པས་བོན་གྱི་དགོངས་པ་དང་ཆོ་གའི་གོ་རིམ་མང་པོ་བརྒྱུད་དེ་མི་དང་ལྷ་འདྲེར་འབྲེལ་འདྲིས་བྱས་ནས་མང་ཚོགས་ལ་ལྷར་མཆོད་པའི་སྣེ་ཁྲིད་དེ་རང་བྱུང་ཁམས་དང་དམངས་ཁྲོད་ཀྱི་སྤྱི་ཚོགས་འཆམ་མཐུན་སྒོས་འཕེལ་རྒྱས་བྱུང་བའི་དམིགས་ཡུལ་དུ་སླེབས་པར་འཇུག་པ་ཡིན། དུས་ཡུན་རིང་པོའི་ནང་བོན་པོའི་ཡིག་ཆ་མང་ཆེ་བ་ཞིག་ཁྱིམ་ཉར་གྱི་རྣམ་པས་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་ཡོད་ཅིང་། དེ་དག་ནི་བོད་ཀྱི་བརྡ་རྙིང་གི་རྣམ་པས་དམངས་ཁྲོད་ཀྱི་བོན་པོའི་ལེའུའམ་དབོན་གྱིས་ཡིག་ཆ་དང་ཆོ་ག་མཉམ་འདྲེས་ཀྱིས་ངག་བརྒྱུད་དང་སྙན་བརྒྱུད་ཀྱིས་བྱེད་ཐབས་སྤྱད་ནས་བརྒྱུད་བསྒྲགས་བྱེད་པར་མ་ཟད། བོད་མི་གང་དགར་གནས་སྤོར་བྱས་ཏེ་ཡུལ་གང་སར་ཁྱབ་ཡོད་པས་མཐོང་དཀའ་བ་ཡིན། དེང་སྐབས་བོན་གྱི་ཆོ་ག་དང་ཡིག་ཆའི་ནང་དོན་ལ་བྱང་ཆ་ལྡན་པའི་དམངས་ཁྲོད་ཀྱི་དབོན་ནམ་ལེའུའི་དགུང་ལོ་མཐོ་བའི་དབང་གིས་ཡིག་ཆ་དང་ཆོ་གའི་རྒྱུད་འཛིན་གྱི་ཐད་ནས་རབས་ཆད་པའི་ཉེན་གནས་སུ་གྱུར་ཡོད་པས། ཡིག་རྙིང་དང་ཆོ་ག་འདི་དག་མྱུར་སྐྱོབ་རང་བཞིན་གྱིས་བསྔོག་འདོན་དང་ལེགས་སྒྲིག་ཞིབ་འཇུག་བྱ་རྒྱུ་ནི་རྒྱལ་ནང་གི་བོད་རིག་པའི་གར་སྟེགས་ཀྱི་རིག་གཞུང་གི་ལས་འགན་ཆེན་པོ་ཞིག་ཏུ་གྱུར་ཡོད།

094443sdoroxznh2xi28of.jpg
ཉར་ཚགས་བྱས་པའི་གནས་བབས་མི་ལེགས་པ།

    དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བན་སྤེལ་བོན་བསྣུབས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་བོན་པོའི་ཡིག་ཆ་མང་པོ་མེད་བརླགས་སུ་བཟོས་པའི་གནོད་འཚེ་ཐེབས་ཏེ་ལ་ལ་ཆུར་བསྐུར་བ་དང་། ལ་ལ་མེར་བསྲེགས་པའམ་ཡང་ན་གཏེར་མའི་རྣམ་པས་མཆོད་རྟེན་དང་། བྲག་རྡོའི་སྲུབས། མཆོད་རྟེན་གྱི་འོག་ཏུ་སྦས་ཤིང་། དེ་ལས་ཉུང་ཤས་ཤིག་དམངས་ཁྲོད་དུ་ཁྱབ་པ་ཡིན། དུས་རབས་བཅུ་གཅིག་པའི་བསྟན་པ་ཕྱི་དར་གྱི་དུས་སུ། མི་རྣམས་ཀྱིས་བཙན་པོའི་དུས་སྐབས་ཀྱི་ཤུལ་ལྷག་བྱུང་བའི་བོན་པོའི་དཔེ་རྙིང་དང་བྲིས་མར་ཁ་སྣོན་པ་དང་གསུབ་པ་སོགས་བཅོས་འབྲི་བྱས་ཏེ་ཡིག་ཆ་མི་ཉུང་བ་ཞིག་གཏེར་མའི་རྣམ་པས་བཙན་པོའི་ཡིག་རྙིང་དུ་བྱས། དུས་རབས་བཅུ་གཅིག་པའི་རྗེས་སུ། བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་ལས་ནང་ཆོས་ཀྱི་བྲིས་མ་ཕྱིར་ཁྱབ་པས། མཁས་པ་རྣམས་ཀྱིས་བོན་པོའི་ལོ་རྒྱུས་ཀྱི་ཡིག་ཆའི་བྲིས་མ་རྣམས་བོད་ཡུལ་དུ་རྩ་བ་ནས་མེད་པའི་ཐག་བཅད།
     བོན་ཆོས་རིག་གནས་དང་ཡིག་ཆ་བརྒྱུད་བསྒྲགས་བྱེད་པའི་ཐབས་ཤེས་གཅིག་ནི་བཙན་པོའི་རྒྱལ་རབས་ཀྱི་དམག་དོན་རྒྱ་བསྐྱེད་པའི་བྱེད་ལས་ཁ་གཡར་ཏེ་ཤར་ནས་རིམ་གྱིས་ཨ་མདོ་ས་ཁུལ་དུ་སྤེལ་བ་དེ་ཡིན། ཡོན་རྒྱལ་རབས་ནས་མིང་དང་ཆིན་རྒྱལ་རབས་ཀྱི་དུས་སུ། བོད་བརྒྱུད་ནང་བསྟན་ལ་སྔར་མེད་ཀྱི་འཕེལ་རྒྱས་བྱུང་བའི་གོ་སྐབས་བྱུང་སྟེ། བོན་པོ་རྣམས་ཀྱིས་འཚོ་གནས་བྱེད་ཆེད་བཙན་ཚུགས་ཀྱིས་ནང་ཆོས་ཀྱི་སྟོབས་ཤུགས་ཅུང་གཉོམ་པའམ་ཡང་ན་ཤུགས་རྐྱེན་ཅུང་ཞན་པའི་མཐའ་འཁོབ་ཀྱི་ས་ཁུལ་དུ་ཡིབ་སྦས་བྱས་ཤིང་། མཐའ་འཁོབ་ས་ཁུལ་དུ་ཆེས་ཐག་ཉེ་བའི་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་གྱི་ས་ཁུལ་འགའ་ཤས་ནི་བོན་ཆོས་ཀྱི་རིག་གནས་དང་ལེན་བྱེད་པའི་གནས་ཤིག་ཏུ་གྱུར་པ་དང་། དེང་སྐབས་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་དང་། མདའ་ཚང་རྫོང་། འབྲུག་ཆུ་རྫོང་དང་ཝིན་རྫོང་། མཚོ་སྔོན་ཞིང་ཆེན་གྱི་ཐུན་རིན་རྫོང་དང་། སི་ཁྲོན་ཞིང་ཆེན་གྱི་ཕིང་ཝུའུ་དང་། གཟི་ཚ་སྡེ་དགུ་སོགས་ཀྱི་གྲོང་ཚོའི་ནང་དུ་སྔར་བཞིན་དམངས་ཁྲོད་ཀྱི་བོན་པོའི་ཁྱིམ་ཚང་དུ་གོད་ཆག་བྱུང་རྗེས་སུ་ལུས་པའི་བོན་གྱི་ཡིག་ཆ་ངེས་ཅན་ཉར་ཚགས་བྱས་ཡོད། དམངས་ཁྲོད་ཀྱི་བོན་པོ་རྣམས་ནི་བོད་ཀྱི་ཤར་རྒྱུད་ནས་བཙན་པོའི་དམག་མིའི་ཁྲོད་ནས་བོན་པོའི་ཆོ་གར་ཆ་རྒྱུས་དང་གོམས་སྲོལ་དུ་གྱུར་ཡོད་མཁན་རྣམས་ཡིན། ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་དུ་བོན་ཆོས་སྤེལ་བའི་བོད་ཁུལ་དུ་གྲོང་ཚོ་རེར་དབོན་ནམ་ལེའུ་གཉིས་ནས་གསུམ་ཡོད་ཅིང་། ཁོ་ཚོས་ལོ་ཧྲིལ་བོར་དུས་ཆེན་ཉི་ཤུ་ལྷག་ཡོད་པའི་ཆོ་གའི་བྱ་འགུལ་དང་དམངས་ཁྲོད་ཀྱི་ཉིན་རྒྱུན་གྱི་མི་ཚེའི་ཆོ་གར་མདོ་འཛིན་བྱེད་ཀྱི་ཡོད་པར་མ་ཟད། དེ་དག་གི་ནང་དོན་དང་རིགས་སོ་སོར་གོ་རིམ་ཧ་ཅང་གཟབ་ནན་ཆེ་བའི་ཕྱིའི་རྣམ་པ་ཡོད། ཆོ་ག་རིགས་སོ་སོ་དང་འབྲེལ་བའི་བོན་པོའི་ཡིག་ཆ་ཚང་མ་ལེའུའམ་དབོན་ཕ་བུ་དང་སློབ་བུའི་རྣམ་པས་མི་རབས་ནས་མི་རབས་བར་བརྒྱུད་ཀྱི་ཡོད། ཡིག་ཆ་འདི་དག་གི་ནང་དོན་མང་ཆེ་བ་སྔ་དུས་ཀྱི་སྲིད་པ་རྒྱུད་ཀྱི་བོན་པོའི་ཡིག་ཆ་ཡིན་ཞིང་། རིགས་བགར་ན་བསྟོད་གླུ་དང་། མཆོད་གླུ། གསོལ་འདེབས། མེ་མཆོད་ཀྱི་ཡིག་ཆ། གྲིབ་སེལ་གནོད་འགོག ཕྱྭ་གཡང་འགུག་པ། ལམ་སྣ་འདྲེན་པ། བླ་འབོད་སོགས་ཀྱི་ནང་དོན་འདུས། བོད་ཀྱི་དམངས་ཁྲོད་ཀྱི་བོན་པོའི་ཁྱིམ་ཚང་ནས་བྱུང་བའི་བོན་པོའི་ཡིག་ཆ་འདི་དག་གི་ནང་དོན་དང་བྲིས་ལུགས་ཀྱི་རྣམ་པ་དེ་དག་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་དང་། བོད་ལྗོངས་གཏམ་ཤུལ་ནས་ཐོན་པའི་ཡིག་རྙིང་དབར་འདྲ་བའི་ཆ་ཡོད་ཅིང་། གནའ་ཡིག་གི་ཐ་སྙད་དང་སྐུང་ཡིག སྐད་གསར་བཅད་མ་བྱས་སྔོན་གྱི་བོད་ཀྱི་བྲིས་ལུགས་མང་པོ་ཡོད་པར་མ་ཟད། དེའི་ཁྲོད་དུ་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་ས་ཁུལ་སོ་སོའི་ཁ་སྐད་ཀྱང་མང་པོ་འདུས་ཡོད། མིག་སྔར་ཡིག་ཆ་འདི་དག་དམངས་ཁྲོད་དུ་ཁ་འཐོར་དུ་གནས་ཡོད་པས། རང་བྱུང་ཁོར་ཡུག་གི་འགྱུར་ལྡོག་(དཔེར་ན་༢༠༡༠ལོར་འབྲུག་ཆུར་བྱུང་བའི་ཤྭ་འོད་ཀྱི་གནོད་འཚེ་ཐེབས་པ་ལྟ་བུ)དང་། སྤྱི་ཚོགས་འདུ་ཤེས་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་བ་འབྱུང་ངེས་པས། གལ་ཏེ་དུས་སྔ་མོ་ནས་དེ་དག་ལ་མྱུར་སྐྱོབ་རང་བཞིན་གྱིས་སྲུང་སྐྱོབ་མ་བྱས་ན། མཇུག་འབྲས་མི་ལེགས་འབྱུང་སྲིད།

750783180060872221.jpg
ལེགས་སྒྲིག་དང་ཞིབ་འཇུག་བསྟུད་མར་བྱུང་བ།

     རྒྱལ་སྤྱིའི་བོད་རིག་པའི་ཁྲོད་དུ་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་། སྐད་བརྡ་རིག་གནས། ཆོས་ལུགས་དད་མོས་ལ་ཞིབ་འཇུག་བྱ་བ་ཞིག་ཡིན་ཕྱིན་བོན་ཆོས་ཞེས་པའི་ཐ་སྙད་དང་གཡོལ་ཐབས་མེད་དེ། དབྱིན་ཇིའི་ཁཱ་ཏི་ཧྥུ་སློབ་ཆེན་(卡迪夫大学)གྱི་ཆོས་ལུགས་རིག་པའི་མཁས་པ་ཇེ་ཧྥུར་སཱ་མའོ་(Geoffrey Samuel)ཡིས། བོད་ཀྱི་ཆོས་ལུགས་ཀྱི་དམིགས་བསལ་རང་བཞིན་དེ་རྒྱུན་པར་བོན་ཆོས་ཀྱིས་ཤུགས་རྐྱེན་ཐེབས་པའི་ངོས་ཐད་ནས་འཚོལ་ཞིབ་དང་འགྲེལ་བཤད་རྒྱག་དགོས་ཞེས་བསྟན་མྱོང་། ཕྱི་རྒྱལ་མཁས་པས་བོན་ཆོས་ལ་ཞིབ་འཇུག་བྱེད་དུས་རྒྱུན་པར་གནད་དོན་གཉིས་ལ་དོ་སྣང་བྱེད་པ་སྟེ། གཅིག་ནི་སྔ་དུས་ཀྱི་བོན་པོའི་རྣམ་པས་རྗེས་ཀྱི་བོད་ཀྱི་ཆོས་ལུགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་ཡོད་པ་སྟེ། དཔེར་ན་ནོར་ཝེའི་སྦིར་ཀིན་སློབ་གྲྭ་ཆེན་མོའི་(卑尔根大学)མིང་དུ་གྲགས་པའི་བོད་རིག་པ་མཁས་ཅན་དང་། ཆོས་ལུགས་དང་ལོ་རྒྱུས་རིག་པ་བ་ཕིར་ཁི་ཝེ་ནེས་(Per Kvaerne)སྔ་དུས་ཀྱི་བོན་ཆོས་རྩ་འཛུགས་ཀྱི་རྣམ་པ་དང་ནང་ཆོས་བར་གྱི་འབྲེལ་བར་དཔྱད་གླེང་བྱས་ཡོད། གཉིས་ནི་བོན་ཆོས་རང་ཉིད་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། ལྟ་དགོངས་ཀྱི་བསྟན་བཅོས་སོགས་ཡིན་ཏེ། དཔེར་ན་ཕིར་ཁི་ཝེ་ནེས་མི་རྣམས་ཀྱིས་མཐོང་ཐོས་སུ་གྱུར་པའི་བོན་པོའི་དཔེ་རྙིང་ལ་དབྱེ་ཞིབ་བྱེད་པ་དང་། ལོན་ཏུན་སློབ་གྲྭ་ཆེན་མོའི་བོད་རིག་པ་མཁས་ཅན་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཕྱོགས་མང་པོའི་ངོས་ཐད་ནས་བོན་པོའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་དཔེར་ན། བོན་ཆོས་ཀྱི་པར་སྐྲུན་དངོས་པོའི་རིགས་དང་། བོན་པོའི་དགོན་པ། བོན་གྱི་དཔེ་རྙིང་ལག་བྲིས་མ་སོགས་ཡོད་པ་ལྟ་བུའོ། །
     ཕྱི་རྒྱལ་དུ་ཉར་བའི་བོད་ཀྱི་གནའ་བོའི་ཡིག་རྙིང་གི་སྐོར་དེ་རིགས་དུས་རབས་གོང་མའི་ལོ་རབས་བཞི་བཅུ་པ་ནས་བཟུང་བསྟུད་མར་ལེགས་སྒྲིག་དང་པར་སྐྲུན་བྱས་ཤིང་། ༡༩༤༠ལོ་ནས་བཟུང་ཧྥ་རན་སིའི་བོད་རིག་པ་མཁས་ཅན་ལ་ལུའུ་དང་། དབྱིན་ཇིའི་བོད་རིག་པ་མཁས་ཅན་ཐོ་མཱ་སིས་སྔ་ཕྱིར་དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་སུ་ཉར་ཚགས་བྱས་ཡོད་པའི་ཏུན་ཧོང་ཡིག་རྙིང་ཁག་སྟོང་ལྔ་ལྷག་ལ་ཉེ་བ་དེ་དག་གི་དཀར་ཆག་དང་། ལ་ཏིང་ཡི་གེར་བསྒྱུར་བ་དང་སྒྱུར་ཡིག་ཁག་གཅིག་པར་སྐྲུན་བྱས་ཤིང་། ༡༩༧༧ལོ་ནས་༡༩༨༨ལོའི་བར། འཇར་པན་ཤར་ཕྱོགས་རིག་མཛོད་ཀྱིས《སི་ཐན་དབྱིན་གྱིས་འཚོལ་བསྡུ་བྱས་པའི་བོད་ཀྱི་ཡིག་རྙིང་གསལ་འགྲེལ་གྱི་དཀར་ཆག》ཅེས་པའི་དེབ་ཕྲེང་བཅུ་གཉིས་པར་སྐྲུན་བྱས་པ་དང་། དུས་རབས་ཉི་ཤུ་པའི་དུས་དཀྱིལ་དང་དུས་མཇུག་ནས་བཟུང་། བོན་གྱི་ཡིག་རྙིང་གཙོ་བྱས་པའི་བོད་ཀྱི་གནའ་ཡིག་བསྔོག་འདོན་ལེགས་སྒྲིག་དང་ཞིབ་འཇུག་བྱ་རྒྱུ་དེ་རྒྱལ་སྤྱིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཏུ་གྱུར་ཞིང་། དབྱིན་ཇིའི་ཨོ་ཁི་སི་སློབ་གྲྭ་ཆེན་མོས༢༠༠༣ལོའི་ཟླ༩པའི་ཚེས༦ཉིན་བསྡུས་པའི་སྐབས་བཅུ་པའི་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུའི་སྟེང་། བོད་ཀྱི་ཡིག་རྙིང་སྔོག་འདོན་དང་མྱུར་སྐྱོབ། ལེགས་སྒྲིག་བྱ་རྒྱུ་དེ་གྲོས་བསྡུར་གྱི་གཙོ་གནད་ཅིག་ཏུ་བཞག

829804177034905401.jpg


    རྒྱལ་ནང་གི་བོད་རིག་པའི་སྡེ་ཁག་གིས་བོན་པོའི་ཡིག་རྙིང་ལེགས་སྒྲིག་དང་ཞིབ་འཇུག་དེ་རྒྱལ་སྤྱིའི་ལས་གྲོགས་རྣམས་གས་ཅུང་འཕྱི་བ་སྟེ། ༢༠༠༧ལོར། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་སའོ་ཡི་པ་སངས་དབང་འདུས་ཀྱིས་གཙོ་འཛིན་གནང་སྟེ་ལེགས་སྒྲིག་པར་སྐྲུན་བྱས་པའི《གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་བོན་གྱི་ཡིག་རྙིང་བདམས་སྒྲིག》(བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང)དེར་བོན་པོའི་ཆོ་གའི་ཡིག་ཆ་ཁག་གསུམ་དང་སྨན་དཔྱད་ཀྱི་ཡིག་ཁག་གཅིག་ཡོད། རྒྱལ་སྤྱིའི་བོད་རིག་པའི་ཚོགས་པའི་ཀྲུའུ་ཞི་སྔ་མ་དང་། མིང་དུ་གྲགས་པའི་བོན་ཆོས་ཞིབ་འཇུག་གི་མཁས་པ་མཁར་རྨེའུ་བསམ་གཏན་ལགས་ཀྱིས། “དཔེ་ཆ་འདི་པར་སྐྲུན་བྱས་པ་དེས་བོན་ཆོས་ཞིབ་འཇུག་ལ་དོན་སྙིང་ཐུན་མོང་མ་ཡིན་པ་ཞིག་ལྡན་ཞིང་། དེ་ནི་སྔར་བུད་མ་མྱོང་བའི་ཡིག་ཆ་རྩ་ཆེན་ཁག་གཅིག་ཡིན”ཞེས་བཤད། ༢༠༡༡ལོར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒན་ཚེ་རིང་ཐར་ལགས་ཀྱིས་གཙོ་སྒྲིག་གནང་བའི《གངས་ཏི་སེའི་བོན་གཞུང་དཔེ་ཚོགས》(མི་རིགས་དཔེ་སྐྲུན་ཁང)སུ་བོན་པོའི་དཔེ་རྙིང་བྲིས་མ་དང་ཤིང་དཔར་བརྒྱ་ལྷག་བསྡུ་བསྒྲིགས་བྱས་ཡོད་ཅིང་། དེར་བོད་མི་རིགས་ཀྱི་བསམ་བློ་དང་། ལོ་རྒྱུས། ཆོས་ལུགས། སྐར་རྩིས། གནམ་དཔྱད། ས་ཁམས། སྨན་བཅོས། རྩོམ་རིག སྒྱུ་རྩལ་སོགས་ཀྱི་ནང་དོན་འདུས་ཡོད་པར་མ་ཟད། བོད་མི་རིགས་དང་མཐའ་འཁོར་མི་རིགས་ཀྱི་ཆབ་སྲིད་དང་། ཆོས་ལུགས། རིག་གནས། དཔལ་འབྱོར་སོགས་ཐད་ཀྱི་ལོ་རྒྱུས་ཀྱི་འབྲེལ་འདྲིས་དང་སྲོལ་རྒྱུན་གྱི་མཛའ་བརྩེའང་བཀོད་ཡོད།
     ཀན་སུའུ་དང་མཚོ་སྔོན། སི་ཁྲོན་གྱི་དམངས་ཁྲོད་ཀྱི་སྔགས་པའམ་ལེའུའི་ཁྱིམ་དུ་ཉར་བའི་བོན་པོའི་ཡིག་རྙིང་རིགས་དེ་དག་ནི་གསོན་རྣམ་གྱི་རྒྱུད་འཛིན་རྣམ་པས་སོར་གནས་བྱུང་བའི་བོད་བཙན་པོའི་དུས་སྐབས་ཀྱི་བོད་ཀྱི་རིག་གནས་ཀྱི་ཤུལ་ལྷག་ཡིན་ཞིང་། ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་གྱི་བོན་པོའི་ཡིག་རྙིང་ལ་རྟོག་ཞིབ་བྱེད་པ་དེ་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་ནས་མགོ་བརྩམས། ངག་དབང་རྒྱ་མཚོས་སྤྱི་ལོ༡༩༩༢ལོ་ནས་བཟུང་འབྲུག་དཀར་གཙང་པོའི་སྟོད་དང་བར་རྒྱུད་དང་། ཡའོ་ཧོ་གཙང་པོའི་རྒྱུད། འཕན་ཆུའི་འབབ་རྒྱུད། མིན་ཅང་གཙང་བོའི་སྟོད་རྒྱུད་ཀྱི་བོན་ལ་དད་པའི་གྲོང་སྡེ་ཁག་ཏུ་བཅར་འདྲི་བྱེད་པར་སོང་ཞིང་། ཁོ་རང་དམངས་ཁྲོད་དུ་ཁ་འཐོར་དུ་ལུས་པའི་བོན་པོའི་དཔེ་རྙིང་རྣམས་ལ་ས་གནས་དངོས་སུ་རྟོག་ཞིབ་བྱེད་པར་སོང་ནས་སྔ་ཕྱིར་ཆོས་དཔེའི་མ་ཡིག་བམ་པོ་ལྔ་བཅུ་དང་ཁག་༡༤༧ལྷག་དང་། ཤོག་ལྷེ་སྟོང་དྲུག་ལྷག་ལ་ཉེ་བ་བྱུང་། རྒྱ་བོད་ཤན་སྦྱར་གྱི་དཀར་ཆག་དང་། ལྡེབ་གྲངས་ལེགས་སྒྲིག་བྱས་ཏེ་རིགས་བགར་ཡོད་ཅིང་། དེ་ཐོག་མར་ལྷ་གསོལ་གྱི་རིགས་དང་། ཆོ་གའི་རིགས། གྲིབ་སེལ་གྱི་རིགས། མོ་པྲའི་རིགས། བླ་འགུག་སོགས་རིགས་དྲུག་ཏུ་བགར་ཡོད། མིན་ཝིན་དབྱིས་དང་། དབྱང་ཧྲི་ཧུང་སོགས་ཀྱིས་ཀན་ལྷོ་འབྲུག་ཆུ་དང་། ཐེ་བོ། མདའ་ཚང་ནས་རྙེད་པའི་བོན་པོའི་ཡིག་རྙིང་བམ་པོ་བརྒྱད་ཅུ་ལྷག་གི་ནང་དོན་དང་། ཐ་སྙད་དང་བརྡ་རྟགས། ལྷག་པར་དུ་ཡིག་ཕྲེང་གི་ཁྱད་ཆོས་སོགས་དང་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་བོན་པོའི་ཡིག་ཆ་གཉིས་གཤིབ་བསྡུར་བྱས་ཏེ་མཚུངས་ཆོས་མང་པོ་ཞིག་རྙེད་པ་སྟེ། ལོ་རྒྱུས་ཀྱིས་བཞག་པའི་དམིགས་བསལ་གྱི་བརྡ་ཆད་དང་། དཔེ་རྟགས་སོགས་དང་ཏུན་ཧོང་ཡིག་རྙིང་དུ་རྒྱུན་པར་མཐོང་བའི་བརྡ་རྟགས་ཕན་ཚུན་མཚུངས་པ་དང་། ཡིག་རྙིང་ཁྲོད་ཀྱི་དམིགས་བསལ་གྱི་བརྡ་རྟགས་དེ་རིགས་ཏུན་ཧོང་ཡིག་རྙིང་ཁྲོད་ནས་ད་གཟོད་དེ་མཚུངས་ཀྱི་དཔེར་བརྗོད་རྙེད་པ་དང་། ཡིག་རྙིང་ཁྲོད་ཀྱི་བར་བཅུག་རི་མོ་དང་། བྲིས་པའི་རི་མོའི་སྲོལ་དེ་དག་ཏུན་ཧོང་ཡིག་རྙིང་དང་ཉེ་མཚུངས་ཡིན་པའི་ཁྱད་ཆོས་སོགས་རྙེད།
     ༢༠༡༡ལོར། ལན་གྲུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱིས《ཀན་སུའུ་མདའ་ཚང་ཡུལ་ནས་རྙེད་པའི་བོན་གྱི་ཡིག་རྙིང》དེབ་ཕྲེང་སུམ་ཅུ་པར་སྐྲུན་བྱས་ཤིང་། དེར་ཀན་སུའུ་མདའ་ཚང་རྫོང་ནས་རྙེད་པའི་དམངས་ཁྲོད་ཀྱི་བོན་ཆོས་ཀྱི་ལེའུའི་ཁྱིམ་གྱི་ཡིག་རྙིང་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཡོད། ༢༠༡༢ལོར། ཁོ་ཚོས་ཡང་བསྐྱར《ཀན་ལྷོ་དང་། མཚོ་སྔོན། སི་ཁྲོན་གྱི་ཁྱིམ་ནས་རྙེད་པའི་བོན་པོའི་ཡིག་རྙིང》ཞེས་པ་པར་སྐྲུན་བྱས་ཤིང་། དེ་ནི་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་གྱི་བོད་ཀྱི་བོན་པོའི་རིག་གནས་ཀྱི་རྫོང་མཐུག་པའི་དཔེར་མཚོན་གྱི་ས་ཁུལ་ཏེ། ཀན་སུའུ་ཡི་ཀན་ལྷོ་དང་། མཚོ་སྔོན་གྱི་རྨ་ལྷོ། སི་ཁྲོན་ནུབ་བྱང་གི་གྲོང་ཚོ་ཁག་གཅིག་གི་དམངས་ཁྲོད་ཀྱི་བོན་པོའི་ཡིག་ཆར་ལེགས་སྒྲིག་དང་འཚོལ་བསྡུའི་གཞི་རྒྱ་ཅུང་ཆེ་བའི་ཐེངས་ཤིག་ཡིན།

258348259135373909.jpg
སྲུང་སྐྱོབ་ཀྱི་མཐོང་སྣེའི་ཁྲོད་ཀྱི་བསམ་གཞིགས།

     མིག་སྔར་རིག་གཞུང་གར་སྟེགས་སུ་བོན་པོའི་ཡིག་ཆ་དང་། ལྷག་པར་དུ་དམངས་ཁྲོད་ཀྱི་བོན་པོའི་ཡིག་ཆར་ལེགས་སྒྲིག་དང་ཞིབ་འཇུག་བྱ་བར་ད་རུང་ཚད་བཀག་ངེས་ཅན་ཞིག་ལྡན་ཏེ། གཅིག དོ་སྣང་བྱ་ཡུལ་མང་ཆེ་ཤོས་ནི་ཏུན་ཧོང་ཡིག་རྙིང་ལས་བོན་པོའི་ཡིག་རྙིང་དང་། སུང་དང་ཡོན་ཚུན་ཆད་ཀྱི་བན་བོན་འདྲེས་མའི་ཚད་ཅུང་མཐོ་བའི་གཡུང་དྲུང་བོན་གྱི་ཡིག་ཆ་ཡིན་པ་ལས། བཙན་པོའི་དུས་སྐབས་སུ་གཏོགས་པའི་དམངས་ཁྲོད་དུ་ཤུལ་ལྷག་བྱུང་བའི་གསོན་རྣམ་གྱིས་རྒྱུད་འཛིན་བྱས་པའི་བོན་པའི་ཡིག་ཆར་དོ་སྣང་བྱས་པ་ཅུང་ཉུང་བ། གཉིས་ནས་ནང་དོན་གྱི་ཐད་ནས་ཡིག་ཆའི་མ་ཡིག་གཙོར་འཛིན་པ་ལས། འཇིག་ཉེན་དུ་གནས་པའི་བོན་པོའི་ལེའུའམ་དབོན་དང་། བོན་པའི་ཆོ་གའི་ལེགས་སྒྲིག་ལ་ཞིབ་འཇུག་བྱེད་པའི་ཤེད་ཅུང་གཉོམ་པ་དང་། བོན་པོའི་ཡིག་ཆ་དང་། ལེའུ། བོན་པོའི་ཆོ་ག་ནི་བོན་ཆོས་རིག་གནས་མ་ལག་ཁྲོད་ཀྱི་སྐྱེ་ལྡན་གྱི་འབྲེལ་བ་དང་གསོན་རྣམ་རྒྱུད་འཛིན་གྱི་དངོས་གསུམ་ཕུང་པོ་གཅིག་འདུས་ཤིག་ཡིན་པས། ཡིག་ཆ་འགངས་ཆེན་འགའ་ཤས་ཀྱི་ཁོངས་གཏོགས་དེ་ཡིག་ཆ་དང་། ཆོ་གའི་གྱེར་འདོན་སོགས་ཀྱི་ཕན་ཚུན་ར་སྤྲོད་ཀྱིས་ཞིབ་འཇུག་བྱས་ན་ད་གཟོད་ཐག་གཅོད་བྱེད་ཐུབ་པ་ཡིན། གསུམ་ནས་ལེགས་སྒྲིག་དང་ཞིབ་འཇུག་བྱ་བའི་ཐད་ནས་སྔར་བཞིན་སྲོལ་རྒྱུན་གྱི་ཤོག་བུའི་པར་སྐྲུན་གྱི་རྣམ་པར་ལུས་ཤིང་། བོན་པོའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཆ་འཕྲིན་ཅན་གྱི་སྲུང་སྐྱོབ་ལེགས་སྒྲིག་གི་རྣམ་པ་དང་ལག་རྩལ་ཐབས་ལམ་གྱི་བཀོལ་སྤྱོད་ཐད་ནས་སྔར་བཞིན་སྟོང་པར་ལུས་ཡོད་པས། བོན་པོའི་ཡིག་རྙིང་དང་། ཁྱད་པར་དུ་རྣམ་མང་གི་བོན་པོའི་ཡིག་རྙིང་ཕྱོགས་གཅིག་ཏུ་དོ་དམ་དང་བརྒྱུད་བསྒྲགས་བཀོལ་སྤྱོད་བྱ་བར་མི་ཕན། 

475153943536574262.jpg

     མ་འོངས་པར་བོད་མི་རིགས་ཀྱི་དམངས་ཁྲོད་ཀྱི་བོན་པོའི་ཡིག་རྙིང་དག་བསྒྲིགས་དང་ཞིབ་འཇུག་བྱ་བར་རིག་གཞུང་མཁས་ཅན་གྱིས་གཤམ་གྱི་ཕྱོགས་འགའ་ནས་འབད་བརྩོན་བྱེད་དགོས་ཏེ། གཅིག དམངས་ཁྲོད་ཀྱི་བོན་པོའི་ཡིག་རྙིང་དང་། བོན་པོའི་ལེའུའམ་དབོན། བོན་པོའི་ཆོ་གར་དངོས་གསུམ་གཅིག་འདུས་ཀྱིས་མྱུར་སྐྱོབ་རང་བཞིན་གྱིས་སྔོག་འདོན་དང་ལེགས་སྒྲིག་བྱེད་པ་དང་། ལྷག་པར་དུ་དགུང་ལོ་མཐོ་བའི་དབོན་ནམ་ལེའུ་དང་དེས་མགོ་འཛིན་བྱེད་པའི་བོན་པོའི་གྱེར་དོན་དང་། ཆོ་གར་མྱུར་སྐྱོབ་རང་བཞིན་གྱིས་སྲུང་སྐྱོབ་བྱེད་པ། གཉིས། སྔོག་འདོན་བྱས་ཟིན་པའི་བོན་པོའི་ཡིག་ཆར་མཆན་འགྲེལ་དང་། ཤར་སྦྱར། ནོར་ཆར་དག་བཅོས་བྱེད་པ། པར་གཞི་སོགས་ཀྱི་ཐད་ནས་རིག་གཞུང་རང་བཞིན་གྱིས་ལེགས་སྒྲིག་དང་ཞིབ་འཇུག་བྱས་ཏེ་སྙིགས་དོར་བཅུད་ལེན་རིགས་བགར་བ། གསུམ། གྲངས་ཀའི་ཐབས་ལམ་སྤྱད་ནས་བོན་པོའི་ཡིག་ཆ་དང་། བོན་པོའི་ལེའུའམ་དབོན། བོན་པོའི་ཆོ་ག་འདུས་པའི་བོད་ཀྱི་དམངས་ཁྲོད་ཀྱི་བོན་པོའི་ཡིག་ཆ་དང་། སྐད་གདངས་བརྙན་ལེན་གྱི་གྲངས་མཛོད་བཙུགས་ཏེ་བོད་ཀྱི་བོན་པོའི་རིག་གནས་དང་། བོད་ཀྱི་གནའ་ཡིག་སྲུང་སྐྱོབ་དང་ཞིབ་འཇུག་བྱ་བར་ཆེས་ཐོག་མའི་ཁེ་དབང་ལྡན་པའི་རྨང་གཞིའི་རྒྱུ་ཆ་མཁོ་སྤྲོད་བྱས་ཏེ་བོད་རིག་པའི་ཞིབ་འཇུག་རིག་གཞུང་གི་རྒྱུ་ཆ་བཀོལ་སྤྱོད་བྱེད་པའི་རྣམ་པ་དང་ཞིབ་འཇུག་ཐབས་ལམ་གྱི་སྟོང་ཆ་སྐོང་དགོས་པ་དེའོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།