ཕྱྭ་རྗེའི་ཕྱག་རྟགས་བྱ་རུའི་ཡིག་ཚང་གི་སྐོར་ལ་ཟུར་ཙམ་གླེང་བ།

[ཟླ་ཚེས། 2019-09-04 17:20:36][རྩོམ་པ་པོ། ཞང་ཞུང་ཁྱུང་ལུང་དངུལ་མཁར་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  སྤྱིར་ལོ་རྒྱུས་ཁག་གི་ནང་དུ་ཁྱུང་དང་བྱ་རུའི་སྐོར་རྒྱ་ཆེན་བཞུགས་ཡོད་པས་འདིར་ལུང་འདྲེན་མང་པོ་བྱེད་རྒྱུ་མིན། འདིར་དཔེ་དཀོན་འདུར་རྒྱུད་ཕྱར་བ་ཐང་ཆེན་ལས་འཁོད་པའི་བྱ་རུའི་སྐོར་གྱི་དགོངས་པ་གཙོར་འདོན་བྱས་ཏེ་འགྲེལ་བཤད་རོབ་ཙམ་ཞུས་ན་བསམ།

དོན་ཚན་དང་པོ། ལོ་རྒྱུས་རྒྱབ་ལྗོངས་ཀྱི་སྐོར་བཤད་པ།

  ༡ ཁམས་གསུམ་་སྲིད་པའི་གྲོལ་ཕུག་ནི་བ་སྦལ་ཁྱུང་གསུམ་ལ་ཐུག་ཡོད་པའི་སྐོར་ནི། འདུར་རྒྱུད་ཕྱར་བ་ཐང་ཆེན་ལས། ད་ནི་བ་སྦལ་ཁྱུང་གསུམ་ལས། ཁྱུང་ཞེས་བྱ་བ་ནམ་མཁའི་རྩལ། མཐོ་རུ་དགུང་ཕུབ་ཁྱུང་གི་ཕུབ། སྣང་སྲིད་སྤྱི་རྒྱ་རླབས་ཀྱི་གཅོད། སྦལ་ཞེས་བྱ་བ་ས་གཞིའི་ནུས། དམའ་རུ་ས་བཏེང་སྦལ་པའི་བཏེངས། སྣང་སྲིད་ཆགས་པའི་གཞི་རྨིང་འཛིན། བ་ཞེས་བྱ་བ་སྐྱེ་འགྲོའི་ཕུགས། བར་དུ་སྲིད་བཀྲོལ་བ་ཡི་བཀྲོལ། ཡོད་ཁམས་ལྷ་མིའི་རུ་མ་སྤེལ། དེ་ལྟར་བ་སྦལ་ཁྱུང་དང་གསུམ། ཡར་ཐུག་སྲིད་པའི་རྩེ་ལ་ཐུག ཅེས་སོགས་བ་སྦལ་ཁྱུང་གསུམ་ནས་གཟུགས་མེད་སྐྱེ་མཆེད་མུ་བཞི་ནས་རིམ་བཞིན་ཁམས་གསུམ་སྲིད་པ་གྲོལ་ཚུལ་བཤད་ཡོད།

  ༢ སྲིད་པ་ཡེ་སྨོན་འཕྲུལ་གྱི་རྒྱལ་པོའི་སྐོར་ནི།དེ་ནས་སྲིད་པ་ཐོག་མའི་སྲིད་པའི་རྗེ་བོ་སྲིད་པ་ཡེ་སྨོན་རྒྱལ་པོ་ཞེས་པ་དེ་ལ། སྲིད་པ་ཡེ་སྨོན་འཕྲུལ་གྱི་རྒྱལ་པོ། སྲིད་པ་སྨོན་པའི་མི་བུ་ལུམ་ལུམ། ཐ་ཚན་ཧི་སངས་རྐྱ། ཐམས་ཅད་སྔ་བའི་རྒྱལ་པོ། གཙུག་ཁྲི་བཙན་པོ། མང་པོ་བཀུར་བའི་རྒྱལ་པོ། ཞེས་པ་རྣམས་མིང་གི་རྣམ་གྲངས་ཡིན་ཞིང་དེ་ནི་དེ་ལས། དེ་འོག་སྨོན་ཡུལ་གྲུ་བཅུ་རུ། སྨོན་རི་དབུ་བཙུན་རྩ་བ་དེར། སྲིད་པ་ཡེ་སྨོན་རྒྱལ་པོ་བཞུགས། ཡོད་ཁམས་རུ་མ་དེ་ཡི་འཛིན། སྣང་སྲིད་ཁ་ལོ་དེ་ཡི་བསྒྱུར། སྐུ་ལས་སྤྲུལ་པའི་སྲས་ཀྱང་བསྐྱེད། ཅེས་དང་། གཏོ་རི་དཔྱད་མཚོའི་འགྲམ་ཤོད་དུ། གོང་དུ་སྨོན་བ་བྱེད་པ་ལ། སྨོན་རི་སྨོན་མཚོ་སྨོན་ལམ་གྲུབ། འབྲུག་ཁྱུང་སེང་གསུམ་ལ་སོགས་པ། ཡེ་གྲུབ་ལྷ་ཡི་རྟེན་བའོ། ཞེས་སོགས་འཁོད་ཡོད།

  ༣ ཡེ་སྨོན་རྒྱལ་པོའི་སྲས་གྱི་སྐོར་ནི།དེ་ནས་སྨོན་ལམ་ཕྱི་ཏ་ལ། ཡེ་སྨོན་རང་གིས་དགྱེས་སྡེ་རུ། ཆུ་ལྕམ་རྒྱལ་མོ་སྨོན་ལས་གྲུབ། ཡེ་སྨོན་ཆུ་ལྕམ་བཤོས་པའི་སྲས། ཞེས་དང་། སྨོན་སྲས་ལྷ་མི་གྲངས་མང་ཡང་། གདུང་བརྒྱུད་ཕྱྭ་དམུ་གཙུག་གིས་བཟུང་། །ཞེས་དང་། དགུང་སྟེང་ཕྱྭ་དམུ་གཙུག་གསུམ་དེ། དཔའ་འཛང་རྗེ་གསུམ་ཀུན་གྱི་ཕུགས། ས་སྟེང་རྒྱལ་རྒྱུད་ཐམས་ཅད་དེ་ལས་གྲོལ། །ཞེས་དང་།

  ༤ ཡིག་ཚངས་ཀྱི་སྐོར་ནི། སྤྱིར་གནའ་བོའི་སྐབས་སུ་ཡིག་ཚངས་གནང་ཞེས་པ་མི་ཕར་ཆེ་བ་དེས་བྱ་དགའ་སྤྲད་པ་ལ་གོ་སྲིད་ལ་དེ་ནི་སྤུ་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་དར་བའི་ལམ་ལུགས་ཤིག་ཡིན་པར་ངོས་འཛིན་བྱེད། དོན་དུ་ཡིག་ཚངས་ཞེས་པ་ནི་དེ་ཙམ་དུ་མ་ཡིན་ཞིང་ཆེས་གནའ་བོའི་སྐབས་སུ་རི་བོ་གངས་ཅན་པའི་ལྗོངས་སུ་དར་བའི་ཐོབ་དང་གོ་གནས་སྤྲད་པའི་ཕྱག་རྟགས་གཏན་ཚིག་གི་རིང་ལུགས་ཧ་ཅང་རྩ་ཆེན་ཞིག་ཡིན། དེ་ནི་དཔེར་ན་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་སུ་ཡིག་ཚངས་སྡེ་དགུའམ་སྡེ་དྲུག་སོགས་ཡོད་པར་བཤད་པའི་སྐབས་སུ། བློན་པོ་རབ་ལ་གཡུ་དང་གསེར་གྱི་ཡི་གེ་ཆེ་ཆུང་། བློན་པོ་འབྲིང་ལ་དངུལ་དང་ཕྲ་མེན་གྱི་ཡི་གེ་ཆེ་ཆུང་། བློན་པོ་ཐ་མ་ལ་ཟངས་དང་ལྕགས་ཀྱི་ཡི་གེ་ཆེ་ཆུང་བཅས་སྤྲོད་སྲོལ་ཡོད་པ་ལྟ་བུ་ཡིན། དེ་ལ་ཡི་གེའམ་ཡིག་ཚངས་ཞེས་བཤད་མོད་དོན་དུ་ཡིག་ཚངས་ཞེས་ཚང་མ་ཡི་གེ་ཡིན་པའི་ངེས་པ་མེད་ཅིང་ལོ་རྒྱུས་ཐོག་ཏུ་ཐོབ་དང་གོ་གནས་རྒྱུན་འཇག་ཏུ་གནས་པའི་མཚོན་བྱེད་དུ་་ཕྱག་རྟགས་སྤྲད་པ་ཞིག་ཡིན། དེའང་གཉའ་ཁྲི་བཙན་པོ་སྤུ་རྒྱལ་བཙན་པོར་གཏོང་བའི་སྐབས་སུ། ཡབ་ཀྱིས་སྐུ་བླ་རི་རྫི་དང་། སྐུ་སྲུང་ལྷེའུ་རིན་ཆེན་བདུན། ལྷེའུ་གླང་རུ་དཀར་སོགས་ཕྱྭ་བརྒྱུད་དང་འབྲེལ་བའི་རིགས་ཀྱི་སྐུ་སྐལ་ཡིག་ཚངས་གནང་བ་དང་། ཞང་པོས་དམུ་ཁྲབ་ཤོལ་མོ་དང་། དམུ་རྨོག་དམུ་ལུགས། དམུ་མདུང་ཟངས་ཡག དམུ་ཞག་གམ་དམུ་འབྲེང་། དམུ་སྐས་ཐེམ་དགུ་སོགས་དམུ་ཡི་ནོར་སྐལ་ཡིག་ཚངས་གནང་བ་བཅས་དེ་ཚོའི་རིགས་ལ་ཡིག་ཚངས་ཞེས་བརྗོད་པ་མ་ཟད། དེ་ནས་སྤུ་རྒྱལ་རིམ་བྱོན་ལ་ཡིག་ཚངས་དེ་དག་སུ་ལ་གནང་བའམ་ཐོབ་པ་ཡིན་ན་སྤུ་རྒྱལ་བཙན་པོའི་གོ་གནས་དེ་ལ་ངེས་པ་ཡིན། ཡིན་ནའང་གྲི་གུམ་བཙན་པོའི་སྐབས་སུ་ཞང་པོ་དམུའི་ཡིག་ཚངས་ཀྱི་གྲལ་དུ་དམུ་འབྲེང་ངམ་དམུ་ཐག་སོ་སོའི་རག་གྲིས་བཅད་པས་དེ་ནས་བཟུང་སྤུ་རྒྱལ་བཙན་པོའི་སྤུར་ས་ལ་ལུས་པའི་བཤད་སྲོལ་ཡོད་པ་ལྟར། སྤུ་རྒྱལ་རིམ་བྱོན་རྣམས་ལ་གོང་དུ་ཡབ་ཡུམ་གྱི་གནང་པའི་ཡིག་ཚངས་རྣམས་སྤུ་རྒྱལ་བཙན་པོ་ཚང་མ་ཐོབ་ཡོད་པའི་ངེས་པ་མེད། མདོར་ན་གནའ་བོའི་སྐབས་སུ་ཕྱག་རྟགས་སམ་ཡིག་ཚངས་ཞེས་པ་ནི་རྩ་ཆེན་པོ་དེ་ལྟར་རྩི་སྲོལ་བྱུང་ཡོད་པར་ཤེས་ཤིང་གོ་བའང་དེ་ལྟར་ཞིག་ལེན་ཐུབ་པ་དགོས།


དོན་ཚན་གཉིས་པ། ཡེ་སྨོན་གྱིས་ཕྱྭ་རྗེ་ལ་གནང་བའི་བྱ་རུའི་སྐོར།

  ༡ སྨོན་སྲས་ཕྱྭ་རྗེ་ལ་ཕྱག་རྟགས་བྱ་རུ་གནང་བའི་སྐོར་ནི། འདུར་རྒྱུད་ཕྱར་བ་ཐང་ཆེན་ལས། མི་རྒྱུད་འཛིན་པ་གསུམ་ཙམ་བསྐོས། ཕྱྭ་དམུ་གཙུག་གསུམ་དེ་ལ་ཟེར། སྨྲ་རྒྱལ་ཆེ་གསུམ་ཞེས་ཀྱང་བྱ། དེ་གསུམ་མི་རྒྱུད་འཛིན་དགོས་པ། གང་དུ་གཉན་བའི་ལྷ་རེ་གནང་། ཁ་ལོ་བསྒྱུར་བའི་གཤེན་རེ་བསྐོས། རྗེ་རྒྱལ་ཡིག་ཚང་རྟགས་རེ་བྱིན། འདུལ་བའི་ཞིང་ཁམས་ཡུལ་རེ་བགོས། རྒྱལ་གྱིས་ཆ་རྐྱེན་དཀོར་མཛོད་རེ། རྒྱལ་སྲིད་འཛིན་བའི་ཁབ་རེ་བཞེད། ཞེས་དང་། ཡང་མི་རྒྱལ་རྗེ་ཡི་ཕྱག་རྟགས་ནི། རིན་ཆེན་གསེར་རྟགས་རྒྱལ་མཚན་ལ། བྱ་རུ་བུམ་པ་ཞལ་སྤྲོད་ཅན། ཕྱྭ་ཡི་རྒྱལ་པོ་དེ་ལ་བྱིན། ཞེས་དང་། ཕྱག་རྟགས་དེ་གསུམ་ཡོན་ཏན་གྱིས། ཕྱྭ་དམུ་གཙུག་དང་གསུམ་བོ་ལས། བུ་རྒྱུད་རྟགས་ཅན་གྲངས་སུ་བྱུང་། ཞེས་གསུངས་པས་སྲིད་པ་ཡེ་སྨོན་རྒྱལ་པོའི་རྒྱལ་པོའི་གདུང་འཛིན་སྨོན་སྲས་ཕྱྭ་དམུ་གཙུག་གསུམ་ལ་ཡུལ་ཀྱི་སྐལ་པ་རེ་སོགས་རྒྱལ་གཞིས་གནང་བགོས་བྱས་པའི་སྐབས་སུ་སྨོན་སྲས་ཕྱྭ་རྗེ་ལ་གསེར་ལས་གྲུབ་པའི་མི་ནུབ་རྟགས་ཀྱི་མཚོན་པའི་རྒྱལ་མཚན་དང་། སྲིད་པའི་རྗེ་བོའི་མཚོན་བྱེད་དུ་བྱ་རུ། ཕྱྭ་ཡི་རིགས་ནི་ཕྱྭ་ཚེའི་དང་གཡང་གི་འབྱུང་གནས་སམ་རུ་མའི་བདག་པོ་ཡིན་པའི་མཚོན་བྱེད་དུ་བུམ་པ་བཅུད་ལྡན་དང་། ཐོད་པ་ཞལ་སྤྲོད་དུ་གནང་བས་ཕྱྭ་ཡི་བྱིན་རླབས་ཀྱི་ནུས་པ་དང་ཆེ་བའི་ཡོན་ཏན་ལོ་རྒྱུས་ཀྱི་གཏན་ཚིག་ནི་དུས་དེ་ནས་འགོ་བཟུང་ཏེ་བྱུང་བ་ཞིག་ཡིན་ངེས།

  ༢ བྱ་རུའི་ཕྱག་རྟགས་ནི་སྲིད་པའི་རྗེ་བོའི་གོ་གནས་ཀྱི་མཚོན་བྱེད་ཡིན་པའི་སྐོར་ནི། འོ་ན་དེ་ལྟར་ན་བྱ་རུ་ནི་སྲིད་པའི་རྗེ་བོ་རུ་གོ་བའི་སྒྲུབ་བྱེད་ག་རེ་ཡོད་དམ་ཞེ་ན། དེའང་ཇི་སྐད་དུ། སྲིད་པ་གསུམ་གྱི་རྩེ་མོ་ན། སྤྱི་རྗེ་ཁྱུང་ཆེན་སྐུ་བཞུགས་པ། ཞེས་དང་། འགྲན་ཟླ་བྲལ་བ་སྤྱི་རྗེ་ཁྱུང་གི་སྲས། གནམ་གྱི་བསྐོས་པ་འཁོར་ལོ་དབང་བསྒྱུར་རྒྱུད། ཞེས་དང་། ཁྱུང་ནི་སྲིད་གསུམ་རྗེ་བོ་སྟེ། སྲིད་རྗེ་འབྲང་དཀར་ཉིད་དང་སྦྱར། ཞེས་སྲིད་པ་གསུམ་ཞེས་ཡེ་སྲིད་དང། བྱེད་བྱས་། རྒྱུ་མཐུན་བཅས་གསུམ་དང་དེ་ལྟར་ཁྱུང་ནི་སྲིད་པ་གསུམ་གྱི་སྤྱི་རྗེ་རུ་ངོས་འཛིན་བྱས་པ་ལྟར་དང་། སྲིད་པ་ཡེ་སྨོན་རྒྱལ་པོའི་སྲས་སུ་སྨོན་སྲས་ཕྱྭ་རྗེ་ལ། མིང་གི་རྣམ་གྲངས་སུ་ཕྱྭ་རྗེ་སྒམ་པོ། སྲིད་རྗེ་འབྲིང་དཀར། ཕྱྭ་རྗེ་རིང་དཀར། ལྷ་བུ་སྤྱི་གཙུག་རྒྱལ་བ། ཕྱྭ་རྗེ་འོད་དཀར། སྲིད་བུ་འདོད་ཙམ། འཕྲུལ་སྲས་དབང་ལྡན་ཞེས་བརྗོད་ཅིང་། ཁྱུང་ནི་སྲིད་རྗེ་འབྲིང་དཀར་ལ་སྦྱར་པ་ལྟར། མདོར་ན་སྲིད་པ་ཐོག་མའི་རྒྱལ་རྒྱུད་འདི་ནས་བཟུང་ཧོས་རྗེ་ཁྲི་ཝེར་སོགས་ཞང་རྒྱལ་རིམ་བྱོན་རྣམས་ཀྱི་མཚན་གྱི་ཆེ་བར་ལིག་མི་རྐྱའམ་སྲིད་པའི་རྗེ་བོ་ཞེས་འབོད་ཅིང། གསེར་གྱི་བྱ་རུ་ཅན་སོགས་དབུ་རྨོག་ཏུ་བྱ་རུའི་རྒྱན་སྲོལ་དང་། འཛམ་གླིང་ཡུལ་ཆེན་དང་ཡུལ་ཕྲན་རྣམས་ཀྱི་སྤྱི་རྗེ་ནི་རི་བོ་གངས་ཅན་པའི་རྗེ་བོ་ལ་ངོས་འཛིན་བྱས་ཡོད་པའི་ལོ་རྒྱུས་མི་ཉུང་བ་བྱུང་འདུག་པ་འདི་རྒྱུ་མཚན་ངེས་ཅན་ཞིག་ལ་བསྟེན་ཏེ་བྱུང་བ་ཞིག་ཡིན། དེས་ན་ཕ་གཞིས་སུ་བུ་ཆེ་བས་འཛིན་དགོས་པའི་ལོ་རྒྱུས་ཡོད་པ་བཞིན་སྨོན་སྲས་ཕྱྭ་དམུ་གཙུག་གསུམ་གྱི་ནང་ནས་ཕ་གཞིས་གཙོ་བོ་ནི་ཕྱྭ་ཡིས་འཛིན་ཡོད་པར་ངེས། དེ་ལྟར་སྲིད་པ་ཐོག་མའི་སྐབས་སུ་མཐོ་སྒང་གངས་ཅན་བསིལ་མོའི་ལྗོངས་སུ་ཆབ་སྲིད་ཀྱི་ཐོག་ནས་ཕྱྭ་ཡི་རིགས་སུ་གྲགས་ཆེ་བར་མངོན་ཞིང་། དེ་ནས་ཕྱིས་སུ་དམུ་རིགས་རྒྱལ་པོ་སྟོན་པ་གཤེན་རབ་མི་བོ་བྱོན་པ་དུས་མཚུངས་དམུ་ཡི་རྗེ་རྒྱལ་རིགས་རྣམས་ལ་གྲགས་ཆེ་བ་བྱུང་བས། སྔོན་གྱི་ལོ་རྒྱུས་རྣམས་སུ་ལྟར་ནས་གངས་རི་མཚོ་གསུམ་ནི་ས་ཚིགས་ཀྱི་ཡུལ་དབུས་དང་། ཞང་ཞུང་ཕུགས་པ་སྟག་གཟིག་འོལ་མོ་ལུང་རིང་ལ་བོན་ཚིགས་ཀྱི་ཡུལ་དབུས་ཞེས་རིགས་གཉིས་སུ་དབྱེ་སྲོལ་བྱུང་འདུག་པས། དེ་ནི་ས་ཚིགས་ཀྱི་ཡུལ་དབུས་ཞེས་པ་ནི་རྒྱལ་ཁམས་དེའི་ཆབ་དཔལ་རིག་འབྱོར་གྱི་ལྟེ་བའི་ས་གནས་ཞིག་དང་། བོན་ཚིགས་ཀྱི་ཡུལ་དབུས་ཞེས་པ་ནི་གཡུང་དྲུང་བོན་ཐོག་མར་དར་སའི་ལྟེ་བ་དེ་ཡིན་པ་ཧ་གོ་དགོས། གཞན་དུ་ན་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་སྐོར་བཤད་ཡོང་དུས་དེ་ནི་རྒྱབ་ཁབ་ཅིག་གམ། ཡང་ན་གཡུང་དྲུང་བོན་བསྟན་དར་གནས་ཀྱི་ཁྱབ་ཡུལ་ཞིག་གམ། ཡང་ན་ས་ཚིགས་དང་བོན་ཚིགས་གཉིས་པོར་གཙོ་བོ་ག་རེ་ཡིན་མིན་དང་དབྱེ་བ་གསལ་པོར་འབྱེད་མི་ཤེས་པ་གྱུར་བཞིན་ཡོད་པ་ནི་འདི་ལ་ཐུག་ཡོད་པར་ངེས་སོ།།

  མཆོད་རྟེན་དབུ་རྩེར་བྱ་རུ། ༣ བྱ་རུའི་སྤྱོད་སྒོའི་སྐོར། གོང་དུ་བཤད་པའི་བྱ་རུ་ནི་ཁྱུང་གི་ར་ལ་གོ་དགོས་ཤིང་དེ་ལྟར་ཁྱུང་གི་ར་ལ་བྱ་རུ་ཞེས་བརྗོད་པ་དང་ཁྱུང་རུ་དབྱིབས་མཚུངས་པའི་ར་ལ་ཁྱུང་རུ་ཞེས་འབོད་པའི་ཚུལ་གསུངས་ཡོད། གང་ལྟར་བྱ་རུ་ནི་སྲིད་པའི་རྗེ་བོའི་མཚན་ཐོབ་པའི་རྒྱལ་པོ་རྣམས་ཀྱི་དབུ་རྨོག་ཏུ་བྱ་རུའི་རྒྱན་སྲོལ་ཡོད་པ་མ་ཟད། བྱ་རུ་ཐོབ་པའི་གཤེན་བརྒྱད། ཅེས་བོན་གཤེན་རྩ་ཆེན་དག་གི་དབུ་ལ་བྱ་རུ་གསོལ་སྲོལ་ཡོད་པ་དང་། ཁྲོ་བོ་དབང་ཆེན་གྱི་གཞུང་ལས། དབུ་ལ་བྱ་རུ་ཁྱུང་རུ་གསོལ། ཞེས་ཡི་དམ་ལྷ་ཡི་དབུ་ལ་བྱ་རུ་གསོལ་སྲོལ་ཡོད། ལྷག་ཏུ་གཡུང་དྲུང་བོན་ལུགས་སུ་ཅི་ཡང་སྤྲུལ་པའི་མཆོད་རྟེན་བརྒྱ་དང་ཉི་ཤུ་དང་།གསས་ཁང་།གཞལ་ཡས་ཁང་སོགས་ཕར་ཆེ་བའི་དབུ་རྩེར་བྱ་རུ་དང་བྱ་གྲིའི་བརྒྱན་པ་ཡིན། ད་དུང་ཡ་མཚན་པ་ཞིག་ལ་མངའ་རིས་ཁུལ་འདིར་དགའ་སྟོན་རྟེན་འབྲེལ་གྱི་སྐབས་སུ་ཆང་ཕོར་དང་སྡེར་མ་སོགས་ཀྱི་ཁ་ལ་མར་གྱིས་སྲུང་བཙུགས་པའི་མར་རྒྱན་ལ་ཡར་དགའ་ཟེར་ཞིང་། དེ་ནི་ཆང་ཅན་དང་ཆང་ཕོར་སོགས་ཀྱི་ཁ་ལ་བརྒྱན་པའི་ཡར་དགའ་འམ་མར་རྒྱན་དེའི་དབྱིབས་ནི་བོན་གྱི་མཆོད་རྟེན་རྙིང་པའི་དབུ་རྩེའི་བྱ་རུ་དང་ཆ་མཚུངས་པ་ཞིག་རེད། དེའི་མིང་དུ་ད་ལྟ་མངའ་རི་བས་བྱ་རུ་ཞེས་པའི་སྒྲ་ཅི་བཞིན་འབོད་བཞིན་པ་ཡིན། དེ་ནི་ད་ལྟ་སྤུ་རོང་། རྩ་མདའ། སྒར་སོགས་མངའ་རིས་སུ་ལུགས་དེ་མ་ཉམས་པར་གནས། དེ་བཞིན་པ་ཀི་སི་ཐན་གྱི་བྲུ་ཤ་ནས་ནས་བཟུང་བོད་ཡུལ་སྟོད་སྨད་ཀྱི་རྡོ་བརྐོས་རི་མོའི་ཁྲོད་དུ་བྱ་རུའི་རི་མོ་ཡོད་པའི་མཆོད་རྟེན་མང་དག་ཅིག་འདུག་པ་འདི་དག་ནི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ལོས་ཀྱང་ཡིན། ང་ཚོ་མཐོ་སྒང་བསིལ་མོ་ལྗོངས་རི་བོ་གངས་ཅན་པ་གནའ་བོའི་མེས་པོ་ཚོས་གཡུང་དྲུང་དང་བྱ་རུ་སོགས་ཕྱག་རྟགས་སམ་ཡིག་ཚངས་ཀྱི་སྐོར་ལ་ཞིབ་འཇུག་ཡང་དག་ཅིག་བྱེད་ཐུབ་ནས་ལོ་རྒྱུས་ཀྱི་རྒྱ་མདུད་གལ་ཆེན་ཞིག་དགྲོལ་ཐུབ་ངེས་སུ་ཡིན་ནོ།།

  ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ལ་ཉིན་ཤས་གོང་དུ་ཚོར་བ་རྣོན་པོ་ཞིག་གིས་བསྐུལ་མོད་ད་བར་དུ་མ་ཁོམ་པ་ལུས་སོང་པས་དེ་རིང་ལུང་འདྲེན་མང་པོའི་སྤྲོས་པ་སྐྱུང་ཞིང་ཉིན་ཐོའི་ཚུལ་དུ་ནར་མར་བྲིས་ཏེ་སྤེལ་བའོ། །༢༠༡༩-༩-༣ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།