ངོ་གནོང་དགོས་པ་ཞིག

[ཟླ་ཚེས། 2016-02-11 12:28:54][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་ཡེ་ཤེས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

འཛམ་གླིང་གི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྲིད་འབྱོར་རིག་ག་གསུམ་གྱི་བང་རྩལ་འགྲན་བཞིན་པའི་དུས་རབས་ཉེར་གཅིག་པའི་ནང་ཤེས་ཡོན་དང་རིག་གནས་མཐུན་སྒྲིལ་དང་བརྟན་རླིང་དཔལ་འབྱོར་སོགས་གང་ས་ཅི་ཐད་ནས་ཆེས་དབུལ་ཞིང་རྗེས་ལུས་སུ་ཐེབས་པའི་བསིལ་ལྡན་རི་བོ་གངས་ཅན་པའི་ཡུལ་གྲུ་ཁག་ལ་མི་ཆེན་དང་བླ་ཆེན་དབུ་ལ་བཞུགས་པ་ནས། ང་ཚོའི་སྤྱི་ཚོགས་འདིའི་ཐོག་ཏུ་ད་དུང་ཡང་ངན་པ་རྒྱུན་འབྱམས་སུ་སོང་བ་འདི་ལྟར་ཆོས་རྒྱུད་པ་ཁག་ཕན་ཚུན་བར་གྱི་འཐབ་རྩོད་དང་ཆོལ་ཁ་དང་ལུང་ཚན་བར་གྱི་འཐེན་ཁྱེར། ས་མཚམས་དང་རྩྭ་ས་དབྱར་རྩྭ་དགུན་འབུ་སོགས་ཀྱི་རྩོད་སྙོགས་འདི་དག་མཚམས་འཇོག་མི་བྱེད་པར་མེ་ཐོག་ཏུ་ཤིང་བསྣན་པ་བཞིན་ལོ་སྟར་ཚབ་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་འདི་དག་ལ་གཞིག་ན་ངོ་མ་གཞན་གྱིས་མཐོང་ན་ངོ་གནོང་དགོས་པ་དང་རང་གིས་སེམས་ན་ཡིད་ཕམ་དགོས་པ་ཞིག་ཅི་ལ་མིན། མ་ཟད་དེ་དག་གི་ཆེད་དུ་མི་ཚོགས་ཀྱི་དཀྱིལ་དུ་དཔའ་ཆེ་དཔུང་སྦོམ་གྱིས་འུར་སྒྲོག་བྱེད་དེ། ལུགས་གཉིས་གང་གི་རྣམ་བཞག་དང་མི་མཐུན་པའི་ཆེས་ཐབས་སྡུག་དང་གྱ་ཉེས་པའི་ལས་སྤྱོད་ཚབ་ཆེན་མི་གསོད་ཁྲག་སྦྱོར་དང་། ཆོས་ལུགས་དང་ཆོལ་ཁ་ཡུལ་སྡེ་གྲོང་རོགས་ཕན་ཚུན་བར་གཅིག་གིས་གཅིག་ལ་རང་རྒྱལ་གཞན་ཕམ་གྱིས་ཀུན་ནས་བསླང་སྟེ་འཇིགས་སྐུལ་དང་། སྐུར་འདེབས། སྨ་འབེབས། འཕྱ་སྨོད་སོགས་གཞན་ལ་གནོད་པའི་བྱ་བ་གང་ཐུབ་སྒྲུབ་ནས། དྲང་བདེན་གྱི་ལམ་ལས་བྱོལ་ཏེ་གཡོ་རྒྱུ་དང་འགོ་སྐོར་བསླུ་བྲིད་རྐུ་ཇག་ཁྲམ་གསུམ་ཤོ་བག་མ་ཅང་ཆང་རག་སྣ་ཐ་སོགས་མ་རུང་བའི་ལས་སྤྱོད་མང་དག་ཞིག་བོད་མིའི་སྤྱི་ཚོགས་ནང་དུ་ཁྱབ་ཆེ་རུ་འགྲོ་བཞིན་པ་དང་། ད་དུང་ང་ཚོ་བོད་ཀྱི་བླ་ཆེན་དང་མི་ཆེན་དབུས་པའི་ཆེས་མི་ཉུང་བ་ཞིག་གིས་ཁ་ནས་ཆེས་སྙན་པའི་གཞན་ཕན་ལྷག་བསམ་སྙིང་རྗེ་ཞི་བདེ་བརྟན་རླིང་རིས་མེད་མཐུན་འབྲེལ་སོགས་ཆེས་སྙན་དགུ་དག་ས་གྲགས་གནམ་གྲགས་ཐོག་གཡག་ངར་ངར། འབྲུག་གྲགས་གྲགས་བྱེད་ཀྱིན་འདུག་མོད། དོན་ངོ་མ་ཁ་བཤད་ཆུ་ཡི་ལྦུ་བ་ལག་ལེན་གསེར་གྱི་ཐིག་པ་ཟེར་བའི་དཔེ་ལྟར། མ་རུང་ཁོག་བཅང་གི་བསམ་ངན་རྒྱུད་འཆང་གིས་སེམས་ལ་ཞེ་སྡང་གི་མེ་འབར། འདོད་ཆགས་ཀྱི་ཆུ་ཁོལ། གཏི་མུག་གི་མུན་གཏིབ། ང་རྒྱལ་གྱི་རི་སྙིལ། འཕྲག་དོག་གི་ས་བསྐྱེད་ནས་རང་རྒྱལ་དང་སྒེར་སེམས་ཅན་གྱི་བྱ་བ་ཁོ་ན་བསྒྲུབ་སྟེ། ལས་རྒྱུ་འབྲས་ཀྱི་རྣམ་བཞག་དག་ནེ་ཙོའི་ཆོས་བཤད་བཞིན་ཁ་ནས་ཆེས་མཁས་མཁས་དང་སྙན་སྙན་ལྷང་ལྷང་དུ་བསྒྲགས་ཀྱང་དོན་ངོ་མ་དེ་དག་མེ་ལ་བསྲེགས། ཆུ་ལ་བསྐུར་དོང་དུ་སྦས་པ་ལྟར་རྩིས་མེད་དུ་བཟོས་ནས་འཇིག་རྟེན་བོན་བརྒྱད་ཀྱིས་ཀུན་ནས་བསླང་སྟེ་འཐོབ་དང་གོ་ས་མིང་དང་སྙན་གྲགས་དཔལ་འབྱོར་ལོངས་སྤྱོད་སོགས་ཀྱི་ཆེད་དུ་དམིགས་ཏེ་ལྷ་རིག་མཁན། འདྲེ་མཐོང་མཁན། མངོན་ཤེས་མཁྱེན་མཁན་དང་གྲུབ་པ་ཐོབ་མཁན་སོགས་ཀྱི་ཚུལ་བཟུང་ནས་མི་མང་ལ་མགོ་སྐོར་གཏོང་མཁན་ལས་དྲང་བདེན་དང་ལྷག་བསམ་ཅན་ཉིན་སྐར་ཙམ་ལས་དབེན། བློ་གཟུ་བོར་གནས་པ་རེ་ཟུང་ཙམ་ཡོད་ཀྱང་དེང་སང་སྙིགས་མ་ལྔ་བདོའི་དུས་འདིར་བདེན་པས་ས་མི་ཆོད་པའི་དུས་ཀྱི་གཉེན་འཕྲང་ལ་སོང་ལྷག་བསམ་དང་དྲང་བདེན་གྱི་སྒོ་ནས་རང་ནུས་གང་ལྕོག་གི་བྱ་བ་གང་ཞིག་བསྒྲུབས་ཀྱང་ནུས་པ་དང་ལག་རྗེས་གང་ཡང་མི་ཐོན་པར་མདོ་མེད་དུ་ལུས་པ་འདི་ཧ་ཅང་སེམས་ཕམ་དགོས་པ་ཞིག་རེད། ད་དུང་སྤྱི་ཚོགས་ཐོག་ཆོས་ལུགས་དང་ཆོལ་ཁ་ལུང་ཚན་ས་མཚམས་རྩྭ་ས་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཐད་གཏོགས་ཙམ་མི་མཐུན་པའི་རིགས་བྱུང་ཚེ་ང་མ་ལན་ཁོ་ལན། ངས་མ་བྱས་ཁོས་བྱས་ཀྱིས་ལེ་འདེད་ཕག་དིར་རེར་གྱི་ངང་མེས་པོ་གོང་མས་ང་ཚོ་ལ་ཤུལ་དུ་བཞག་པའི་རི་བོ་གངས་ཅན་པའི་ཁྱད་ནོར་ཐུན་མིན་གྱི་ཆོས་དང་རིག་གཞུང་ཤེས་ཡོན་སོགས་ཀྱི་ཁུངས་དང་ལུང་ཡོད་དོ་ཅོག་གཞན་ལ་གཏུགས་ནས་རང་ཅག་བོད་གངས་ཅན་པའི་ཡུལ་འདིར་ཤེས་ཡོན་དང་རིག་གནས་སོགས་གང་ཡང་མེད་པའི་ཆེས་ཀླ་ཀློ་ཆེས་གདུག་རྩུབ་ཆེས་མུན་ནག་སོགས་ངན་དགུ་ཚང་བའི་ཡུལ་གྲུ་ཞིག་ངོས་བཟུང་སྟེ། འོད་གསལ་ལྷ་ཡི་གདུང་ལས་གྲོལ་བའི་གདོང་དམར་བོད་མི་རིགས་ཀྱི་འབྱུང་ཁུངས་ངོ་མ་དེ་བྱོལ་སོང་དུད་འགྲོའི་རིགས་ལ་ཕུག་གཏུགས་པའི་རྒྱུད་རིམ་དང་ལོ་རྒྱུས་འདི་དག་ལ་གཞིགས་ན་གཞན་ལ་ངོ་གནོང་དགོས་པ་ཞིག་དང་། རང་མགོ་ལ་ཆུ་འདྲེན་པའི་དཔེ་ལས་གཉིས་སུ་མེད་དོ། དེས་ན་ཤ་རུས་གཅིག་པའི་སྤུན་ཟླ་ཚོ་དེང་གི་འཛམ་གླིང་འདིར་མི་རྣམས་ཀྱིས་ཤེས་ཡོན་གྱི་དུས་རབས་ཞེས་པའི་མཚན་སྙན་ཅན་གྱི་དུས་རབ་ཉེར་གཅིག་པ་འདི་རང་གི་མདུན་དུ་མིག་མཐོང་ལག་ཟིན་གྱིས་གོམ་ཁ་སྒྱུར་བཞིན་པ་ལ། ད་དུང་གླེན་པས་རྡོ་སྲེག་འཆང་སྟེ་རང་གི་གྲོད་ཁོག་ཚིག་བཞིན་ཨ་ཕ་མ་སླེབ་བར་མི་གཏོང་ཞེས་པའི་དཔེ་ལྟར། འུ་ཐུག་ཐབས་སྡུག་ངང་སྤྱི་ཚོགས་རྙིང་པའི་ཀླད་རོ་ཅན་མཁྲེགས་འཛིན་ཅན་ཕྱོགས་རིས་ཅན་འཐེན་ཁྱེར་ཅན་དག་གི་རྗེས་སུ་མུ་མཐུད་དེ་ཨུ་ཚུགས་ཀྱིས་རྡོ་ལ་མིག་ཕིག་གིན་ཡོད་ན་རང་ཅག་ཁ་བ་རི་པའི་སྔོན་མའི་ཕ་མེས་གོང་མ་རྣམས་ཀྱིས་ཤུལ་དུ་བཞག་པའི་ཁྱད་ནོར་བོད་རང་ས་ནས་དར་བའི་ཆོས་དང་རིག་གཞུང་དག་ནམ་མཁའ་ལ་གཡེལ། བར་སྣང་ལ་གཏོར། ས་གཞི་ལ་གཡུག་པ་བཞིན་རྩ་མེད་འཐོར་ཞིག་དུ་མི་འགྲོ་བའི་ངེས་པ་མི་འདུག་ན་རྣམ་པ་ཚོས་བློ་གཟུ་བོར་གནས་ཏེ་བོད་གངས་ཅན་པའི་བསྟན་པ་སྤྱི་དང་ལྷག་ཏུ་བོད་མི་རིགས་ཁག་ཕན་ཚུན་བར་མཐུན་འབྲེལ་དང་ཞི་མཐུན་ཡོང་བའི་ཆེད་ལྷག་བསམ་དང་དྲང་བདེན་གྱིས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་སྐོར་བའི་དུས་ལ་བབས་འདུག་བསམ།
འོ་ན་ཕྲན་རང་ཉིད་ཀྱིས་གཞིགས་ན་དེ་དག་གི་དཀའ་རྙོག་སེལ་བའི་ཐབས་ལམ་གང་འདྲ་ཞིག་དགོས་ན་དེང་རབས་ཀྱི་ང་ཚོའི་སྤྱི་ཚོགས་ནང་ས་གྲགས་གནམ་གྲགས་ཐོག་མེ་མཆེད་མཆེད། ཆུ་ཁོལ་ཁོལ་འབྲུག་གྲགས་གྲགས་ཀྱིས་ཆེས་མཚན་སྙན་འབར་བཞིན་པའི་གྲུབ་ཐོབ་བླ་ཆེན་ཁག་དང་གཡག་འགྱིང་འགྱིང་སྟག་ངར་ངར་ཁྱུང་ལྡིང་ལྡིང་གི་མི་ཆེན་དཔོན་པོ་དག་དབུ་ལ་བཞུགས་པ་ནས་ངན་པ་རྒྱུན་འབྱམ་དུ་སོང་བའི་སྤྱི་ཚོགས་རྙིང་པའི་ཀླད་རྙིང་མཁྲེགས་བཟུང་། ཆོས་ལུགས་དང་ཆོལ་ཁ་ཕན་ཚུན་བར་གྱི་འཁོན་འགྲས་དང་སྨ་འབེབས་འཐེན་ཁྱེར་འཐབ་རྩོད་སོགས་ཀྱིས་རང་རེ་བོད་ཀྱི་ལོ་རྒྱུས་ལ་རྨ་བཟོས་ཟིན་པ་དང་བཟོ་བཞིན་པའི་ལོག་སྤྱོད་མ་རུང་བ་ཀུན་དུག་ཅན་ཧ་ལ་མེ་ལ་བསྲེག་ཆུ་ལ་བསྐུར་དོང་དུ་སྦས་པ་ལྟར་རིང་དུ་དོར་བ་དང་། ད་དུང་བོད་མིའི་སྤྱི་ཚོགས་ཁྲོད་དུ་ལྷག་བཞིན་པའི་གནས་ཚུལ་ཁག་ས་མཚམས་དང་རྩྭ་ས། དབྱར་རྩྭ་དགུན་འབུ་སོགས་ཀྱི་རྙོག་འཛིང་དང་། དེ་མ་ཟད་དེང་དུས་འཛམ་གླིང་གི་མི་དམངས་དུང་ཕྱུར་མང་པོའི་ཚེ་སྲོག་འཕྲོག་བཞིན་པའི་ཚབ་ཆེན་གྱི་རིམས་ནད་རིགས་འགོག་པའི་ཐབས་དང་། བོད་མིའི་ལུང་ཁུག་ཁག་གི་ཁྱིམ་མི་དག་ལ་ཀླད་པ་ལྗང་ཁུའི་ལམ་སྲོལ་དོར་བའི་སློབ་སྟོན་གང་ཟབ་གནང་སྟེ་ན་གཞོན་དང་ཕྲུག་གུ་དག་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་ཐབས་ལམ་སོགས་མང་ཚོགས་ལ་འཕྲད་པའི་དཀའ་ངལ་ཕྲ་རག་ཀུན་སེལ་བའི་ཐབས་ལ་འབད་དེ་དྲང་བདེན་ལྷག་བསམ་གྱིས་སྒོ་ནས་མཐུན་འབྲེལ་དང་། ཞི་བདེ་རིས་མེད་སོགས་ལ་རང་གིས་བགྱི་པ་དང་གཞན་ལ་བསྐུལ་བ་སྟེ་ཕན་ཚུན་བར་འགྲིག་འདུམ་དང་ལྷིང་འཇག་ཡོང་བའི་བསླབ་བྱ་དང་ལམ་སྟོན་གནད་ལ་ཁེལ་བ་རྒྱུད་ལ་སྨིན་པ་ཞིག་རྒྱབ་ཐུབ་ན་ད་གཟོད་དཀའ་གནད་དེ་དག་སེལ་ཐུབ་པའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་རེད་བསམ།།
འདི་ནི་མི་སྒེར་གྱིས་ང་ཚོའི་སྤྱི་ཚོགས་འདིར་མཐོང་ཐོས་མྱོང་གསུམ་གྱི་གནས་སྟངས་ལ་གཞིགས་པའི་ལྷག་བསམ་གྱིས་སྐྱོང་བའི་དྲི་མེད་ཀྱི་ཁ་བཏག་དཀར་པོ་ཞིག་ཡིན་ལ་ཆགས་སྡང་རྨོངས་གསུམ་གྱིས་ཁེངས་པའི་སྐྱོན་བརྗོད་དང་ཟུར་ཟ་ཞིག་དེ་བས་ཀྱང་མ་ཡིན་པས་གལ་ཏེ་ནོར་འཁྲུལ་ཡོད་ན་བཟོད་གསོལ་ཞུ་རྒྱུ་ཡིན།
དགེ་བཤེས་བསྟན་འཛིན་ཡེ་ཤེས་ནས་༢༡༦/༡/༢༥ཉིན་སྤོས་ངད་ལྡན་པའི་གྲོང་ནས་བྲིས། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།