སངས་རྒྱས་ཆོས་ལུགས་ཞེས་པའི་ཐ་སྙད་སྐོར་གྱི་དྲིས་ལན།

[ཟླ་ཚེས། 2016-01-07 11:21:24][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

22.jpg

    དྲི་བ། མི་འགའ་ཞིག་གིས་འདི་ལྟར་ཟེར་འདུག་ལགས། སངས་རྒྱས་ཞེས་པའི་ཐ་སྙད་ཙམ་བོན་པོའི་རིག་གཞུང་ན་ཡོད་ཀྱང་། སངས་རྒྱས་ཆོས་ལུགས་དེ་ཐུབ་པའི་ཆོས་ལུགས་ལ་གོ་དགོས་པ་རེད་ཟེར། རྒྱུ་མཚན་ཐུབ་པའི་ཆོས་དེ་བོད་ལ་དར་བ་ནས་བཟུང་སངས་རྒྱས་ཆོས་ལུགས་ཞེས་པའི་ཐ་སྙད་བྱུང་བ་དང་དེའི་ཐ་སྙད་དེ་ཐུབ་པའི་གྲུབ་མཐའ་ལ་གོ་བ་ཡིན་ཟེར། འདིའི་སྐོར་ནས་ལན་ཞིག་གནང་རོགས།


   ལན། མི་མང་པོ་ཞིག་གིས་སྤྱིར་བསྟན་པ་ཞེས་པའི་ཐ་སྙད་དེ་དུས་རབས་ནམ་ཙམ་ལ་བྱུང་བ་གསལ་བོར་བཤད་མི་ཐུབ་པར་མ་ཟད་སངས་རྒྱས་ཀྱི་བསྟན་པ་ཞེས་པའི་ཐ་སྙད་དེ་དུས་རབས་ནམ་ཙམ་བྱུང་བ་གསལ་བོར་བཤད་མི་ཐུབ་པས་སངས་རྒྱས་ཞེས་པའི་ཐ་སྙད་ཙམ་བོན་པོའི་རིག་གཞུང་ན་ཡོད་ཀྱང་། སངས་རྒྱས་ཀྱི་བསྟན་པ་དེ་ཤཱཀྱ་ཐུབ་པའི་ཆོས་ལུགས་ལ་གོ་དགོས། རྒྱུ་མཚན་ནི་ཤཱཀྱ་ཐུབ་པའི་ཆོས་དེ་བོད་ལ་དར་བ་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་དང་སངས་རྒྱས་ཀྱི་ཆོས་ལུགས་ཞེས་པའི་ཐ་སྙད་དེ་གསར་དུ་བྱུང་བ་དང་། དེའི་ཐ་སྙད་དེ་ཤཱཀྱ་ཐུབ་པའི་གྲུབ་མཐའ་ལ་གོ་དགོས་ཟེར་བ་དེ་ནི་རྒྱ་གར་སངས་རྒྱས་ཆོས་ལུགས་པའི་འདོད་སྟངས་ཁོ་ན་ཙམ་དུ་ཟད།
བོན་པོའི་ལུགས་ལ།སངས་རྒྱས་ཀྱི་ཆོས་ལུགས་ལ་སངས་རྒྱས་ཀྱི་བསྟན་པ་ཟེར།དེ་ཡང་བསྟན་པ་ལ་ཞང་ཞུང་སྐད་དུ་ཤེལ་ཞི།ཤེལ་ནི།ཅུ་ཙེ།པེའུ་ཙེ་སོགས་དང་།སངས་རྒྱས་ཀྱི་བསྟན་པ་ལ་སངས་ཀྱི་ཤེལ་ནི།ཡང་ན།སངས་ཀྱི་ཤེལ་ཞི། སངས་ཀྱི་པེའུ་ཙེ་ཞེས་སོགས་ཐ་སྙད་བྱུང་ངོ་།སངས་རྒྱས་ཀྱི་བསྟན་འཛིན་ལ་སངས་ཀྱི་ཉིལ་ཞིན་ཟེར་བའི་ཐ་སྙད་ནི་གནའ་སྔ་མོ་ནས་ཡོད་པར་ཤེས་ཐུབ་བོ། །
བོན་པོའི་ལུགས་ལ་སངས་རྒྱས་ཀྱི་བསྟན་པ་ཞེས་པའི་ཐ་སྙད་དེ་ཞང་ཞུང་སྐད་སངས་ཀྱི་ཤེལ་ཞི་སོགས་སྒྲ་དོན་བསྒྱུར་བ་ལས་བྱུང་བ་དང་སྤྱི་ལོ་ཡར་སྔོན་མི་ལོ་སུམ་སྟོང་ཡན་ནས་ཡོད་པར་འདོད་དེ།སྟོན་པ་གཤེན་རབ་མི་བོ་ཆེས་བསྟན་པ་རྗེས་བཞག་སྐབས་ནས་ཡོད་པ་ནི་སངས་རྒྱས་བསྟན་པ་རྗེས་བཞག་གི་མདོ་སོགས་གསུངས་ཚུལ་ལ་བརྟགས་ན་ཤེས་སླའོ། །གཞན་ཡང་མདོ་དྲི་མེད་གཟི་བརྗིད་སོགས་ལས་གསུངས་པའི་པེའུ་ཙེ་རྣམ་གསུམ་ཞེས་པ་ནི་སངས་རྒྱས་ཀྱི་བསྟན་པ་རྣམ་གསུམ་ལ་གོ། སངས་རྒྱས་ཀྱི་བསྟན་པ་རྣམ་གསུམ་ནི།སྐུ་ཡི་བསྟན་པ་སྐུ་གཟུགས་སྤྱན་ཅན།གསུང་གི་བསྟན་པ་གསུང་རབ་གླེགས་བམ། ཐུགས་ཀྱི་བསྟན་པ་སྐུ་གདུང་མཆོད་རྟེན་དང་གསུམ། འདིར་བཤད་པའི་སྐུ་གཟུགས་སྤྱན་ཅན་ནི་སངས་རྒྱས་ཀྱི་སྐུ་འདྲ།གསུང་རབ་གླེགས་བམ་ནི་སངས་རྒྱས་གསུངས་པའི་བོན་ནམ་ཆོས་གཞུང་། སྐུ་གདུང་མཆོད་རྟེན་ནི་སངས་རྒྱས་ཀྱི་སྐུ་གདུང་མཆོད་རྟེན་ལ་གོ།རྒྱུ་མཚན་དེ་དག་ལ་བརྟག་ན། སངས་རྒྱས་ཀྱི་བསྟན་པ་དང་དེའི་ཐ་སྙད་དེ་ཤཱཀྱ་ཐུབ་པའི་གྲུབ་མཐའ་ཁོ་ན་ལ་གོ་དགོས་པའི་ངེས་པར་མེད་པ་ཤེས་ཐུབ་བོ། །
སངས་རྒྱས་ཀྱི་བསྟན་པ་ཞེས་པའི་ཐ་སྙད་དེ་སྤྱི་ལོ་སྔོན་དུ་མི་ལོ་༡༡༣༦ཡན་མན་ལ་བོད་ཡུལ་དུ་བྱུང་བ་མ་ཟད།སངས་རྒྱས་ཀྱི་བསྟན་པ་དེ་ཡང་བོད་ཡུལ་དུ་དར་ཡོད།རྒྱུ་མཚན་ནི་གཡུང་དྲུང་གི་བོན་རིན་པོ་ཆེ་དར་ཡོད།བོན་པོ་རང་གི་ལུགས་ལ་གཡུང་དྲུང་གི་བོན་དང་སངས་རྒྱས་ཀྱི་བསྟན་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་ཁས་ལེན་གིན་ཡོད།རྒྱུ་མཚན་ནི།སངས་རྒྱས་གྱི་བསྟན་པ་ནི་སུས་སྤྱད་ན་སྒྲིབ་པ་ཟད་པ་དང་།བདེ་བ་དང་འཕྲད་པའི་ཐབས་སུ་གྱུར་བའི་རྣམ་དཀར་གྱི་ཡོན་ཏན་ལ་གོ།གཡུང་དྲུང་བོན་གྱི་ངོ་བོ་ནི་སྤྱད་ཅིང་ཉམས་སུ་ལེན་པ་ལ་བརྟེན་ནས་ལུས་ཅན་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་བའི་རྣམ་དཀར་གྱི་ཡོན་ཏན་ཡིན་པར་ཤེར་ཕྱིན་མཐར་དཔྱད་སོགས་ལས་གསུངས་པས་དེའི་ཕྱིར་ན་གཡུང་དྲུང་བོན་དང་སངས་རྒྱས་བསྟན་པ་གཉིས་དོན་གཅིག་ཡིན་པར་ཤེས་སླའོ། །
དེས་ན་སངས་རྒྱས་ཀྱི་བསྟན་པ་དེ་ཤཱཀྱ་ཐུབ་པའི་ཆོས་དེ་བོད་ལ་མ་དར་བའི་གོང་ནས་བོད་ཡུལ་ལ་སངས་རྒྱས་ཀྱི་བསྟན་པ་ཡོད་པ་ནི་མངོན་སུམ་ཚད་མའི་ཡུལ་དུ་གྱུར།སྤྱིར་སྟངས་བཤད་ན་སངས་རྒྱས་ཀྱི་བསྟན་པ་ཡིན་ན་ངེས་ཅན་དུ་ཤཱཀྱ་ཐུབ་པའི་བསྟན་པ་དང་གཤེན་རབ་མི་བོ་ཆེའི་བསྟན་པ་གང་རུང་ཞིག་ཡིན་དགོས་པའི་ངེས་པར་གཏན་ནས་མེད་དེ།ཁོང་གཉིས་ལས་གཞན་པའི་སངས་རྒྱས་མང་དུ་བྱོན་མྱོང་བ་དང་སངས་རྒྱས་ཀྱི་བསྟན་པ་ཡང་མང་དུ་དར་ཡོད་པ་ནི་སངས་རྒྱས་ཀྱི་གསུང་རབ་ལས་གསལ་ལོ། །
སངས་རྒྱས་ཀྱི་བསྟན་པ་ལ་སངས་རྒྱས་ཀྱི་ཆོས་ལུགས་ཟེར་སྲོལ་བྱུང་བ་ལ་ཅུང་ཙམ་དཔྱད་ན།སྤྱིར་ཆོས་ལུགས་ཞེས་པའི་གོ་དོན་ནི་ཆོས་ཀྱི་གྲུབ་མཐའ་འམ་ལུགས་སྲོལ་ལ་གོ།ཆོས་ལུགས་ཞེས་པའི་ཆོས་དེ་རྒྱ་གར་སངས་རྒྱས་ཀྱི་ཆོས་ལ་མི་གོ། ཆོས་ཞེས་པ་ནི་འཆོས་པའི་སྐུལ་ཚིག་ཡིན་པ་དང་།རང་གི་ངོ་བོ་འཛིན་པའི་དོན་ནོ། །རྒྱ་གར་སྐད་དུ་དྷརྨ་ཞེས་དོན་བཅུ་ལ་འཇུག་པ།འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཞེས་པ་ལྟ་བུ་ཤེས་བྱ་ལ་འཇུག་པ་དང་།ལམ་བདེན་གྱི་ཆོས་ཞེས་པ་ལྟ་བུའམ།འགོག་བདེན་གྱི་ཆོས་ཞེས་པ་ལྟ་བུ་མྱང་འདས།ཆོས་ཀྱི་སྐྱེ་མཆེད་ཅེས་པ་ལྟ་བུ་ཡིད་ཀྱི་ཡུལ།བཙུན་མོའི་འཁོར་དང་གཞོན་ནུ་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད་ཅེས་པ་ལྟ་བུ་བསོད་ནམས།བྱིས་པ་ནི་མཐོང་བའི་ཆོས་ལ་གཅེས་པར་འཛིན་པ་ཞེས་པ་ལྟ་བུ་ཚེ།ཆོས་འདུལ་བ་ཞེས་པ་ལྟ་བུ་གསུང་རབ།ལུས་འདི་རྒ་བའི་ཆོས་ཡིན་ནོ་ཞེས་པ་ལྟ་བུ་འབྱུང་འགྱུར།དགེ་སྦྱོང་གི་ཆོས་བཞི་ཞེས་པ་ལྟ་བུ་ངེས་པ།ལྷ་ཆོས་དང་མི་ཆོས་ཞེས་པ་ལྟ་བུ་ལུགས་ལ་འཇུག་པ་བཅས་བཅུ་ཡོད་པར་རྣམ་བཤད་རིག་པ་ལས་གསུངས་ཤིང་།ད་ལྟ་ཡོངས་གྲགས་སུ་ལུགས་དང་།གསུང་རབ་དང་།ཤེས་བྱ་བཅས་གསུམ་ལ་སྐབས་ཐོབ་ཀྱི་འཇུག་པ་གཙོ་ཆེ་བའོ། །མདོར་བསྡུ་ན། ཤེས་བྱའམ་དངོས་པོ་ཡོད་དོ་ཅོག་ལ་ཆོས་ཟེར། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ལུགས་ཞེས་པ་དེ་རྒྱ་གར་ཤཱཀྱ་ཐུབ་པས་སྲོལ་གཏོད་པའི་སངས་རྒྱས་ཀྱི་ཆོས་རྐྱང་བ་ལ་མི་གོ། ཞང་ཞུང་སྟོན་པ་གཤེན་རབ་མི་བོ་ཆེས་སྲོལ་གཏོད་པའི་གཡུང་དྲུང་བོན་དེ་སངས་རྒྱས་ཀྱི་བསྟན་པ་ཡིན་པ་གོང་དུ་བཤད་ཟིན་པ་ཡིན་པས་འདིར་བསྐྱར་ཟློས་མི་བྱེད།གཡུང་དྲུང་བོན་དེ་ཡང་རང་གི་ངོ་བོ་འཛིན་པ་ཡིན་པས་ཆོས་ཀྱི་དོན་དང་ལྡན།དེའི་ཕྱིར་ན་གཡུང་དྲུང་བོན་དེའང་སངས་རྒྱས་ཆོས་ལུགས་ཀྱི་ཁྱད་ཆོས་ཐམས་ཅད་དང་ལྡན་ནའང་བོན་པོའི་ལུགས་ལ་སངས་རྒྱས་གཡུང་དྲུང་བོན་ནམ་སངས་རྒྱས་ཀྱི་བསྟན་པ་ཞེས་པ་ལས་སངས་རྒྱས་ཀྱི་ཆོས་ལུགས་ཞེས་འབོད་སྲོལ་མེད་པ་ཆགས་ཡོད།རྒྱུ་མཚན་ནི། ཆོས་ལུགས་ཞེས་པའི་ཐ་སྙད་དེ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཤད་སྟངས་དེ་ཤར་ཕྱོགས་རྒྱལ་ཁབ་ལ་ཚུར་ཆགས་པ་དང་།ང་ཚོ་བོད་རིགས་དེ་ཡང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཤད་སྟངས་ལ་ཤན་ཞུགས་པ་ཞིག་རེད་སྙམ།ཆོས་ལུགས་ཞེས་པའི་ཐ་སྙད་དེ་དུས་རབས་བཅུ་པ་རྗེས་ནས་བོད་ཡུལ་དུ་བྱུང་བའི་ཐ་སྙད་གསར་བ་ཞིག་ཡིན་པ་ནི་ལོ་རྒྱུས་དག་ལས་གསལ།སངས་རྒྱས་ཀྱི་ཆོས་ཞེས་པའི་ཐ་སྙད་དེ་དུས་རབས་བཅུ་པ་ཡན་ནས་ཡོད་ཀྱང་།སངས་རྒྱས་ཀྱི་ཆོས་ལུགས་ཞེས་པའི་ཐ་སྙད་དེ་ཕྱིས་སུ་བྱུང་བའི་ཐ་སྙད་གསར་བ་ཞིག་རེད།དེའི་ཕྱིར་བོན་པོ་དག་གིས་ཆོས་ལུགས་ཞེས་པའི་ཐ་སྙད་དེ་ལ་ལོངས་སུ་སྤྱོད་པའི་མོས་པ་དེ་ཙམ་མེད།བོན་པོ་ལུགས་ལ།སངས་རྒྱས་ཀྱི་ཆོས་ལུགས་ལ་དུས་རབས་འགྱུར་ལྡོག་དབང་གིས་ཐ་སྙད་མི་འདྲ་བ་འགའ་ཞིག་བྱུང་སྟེ།དཔེར་ན།བོད་ཡུལ་ལ་ཐོག་མ་སངས་རྒྱས་ཀྱི་ཆོས་ལུགས་ལ་གཤེན་གྱི་བསྟན་པ་ཟེར་སྲོལ་བྱུང་། དེ་ནས་གཡུང་དྲུང་བོན་གྱི་བསྟན་པ་ཟེར། དེ་ནས་ནང་པའི་བསྟན་པ་ཟེར།དེ་ནས་ནང་པའི་གྲུབ་མཐའ་ཟེར།དེ་ནས་སངས་རྒྱས་ཀྱི་བསྟན་པ་ཟེར་སྲོལ་བྱུང་བ་མངོན།རྒྱ་གར་ཤཱཀྱ་ཐུབ་པའི་བསྟན་པ་དེ་བོད་ཡུལ་ལ་དར་ནས་བཟུང་སངས་རྒྱས་ཀྱི་ཆོས་ལུགས་ལ་རིགས་གཉིས་སུ་གྱེར་ཏེ། ཞང་ཞུང་ནས་དར་བའི་སངས་རྒྱས་ཀྱི་ཆོས་ལུགས་སམ་གཡུང་དྲུང་བོན་ལ་བོན་པོ་ཟེར་བ་དང་།རྒྱ་གར་ནས་དར་བའི་སངས་རྒྱས་ཀྱི་ཆོས་ལུགས་སམ་དམ་པའི་ཆོས་ལ་བན་དྷེ་ཞེས་ཟེར་སྲོལ་བྱུང་བ་ནི་ཀུན་གྱིས་ཤེས་སླའོ། །སྤྱིར་བོན་པོ་ཞེས་པའི་ཐ་སྙད་ནི་ཆེས་སྔ་བའི་ཐ་སྙད་ཞིག་ཡིན་པ་མ་ཟད་དོན་རྒྱ་ཆེ་བསྟན་པའི་ཐ་སྙད་ཅིག་ཀྱང་ཡིན།བོན་པོ་ཞེས་པ་ནི་བོན་པོའི་གྲུབ་མཐའ་འམ་བོན་པོའི་ལུགས་སྲོལ།ཡང་ན་དེང་སང་གི་ཐ་སྙད་གསར་བ་ལྟར་བོན་པོའི་ཆོས་ལུགས་སོགས་ལ་གཏན་ནས་མི་གོ།
ཡིན་ནའང་།ཤཱག་ཐུབ་བསྟན་པ་དེ་བོད་ཡུལ་ལ་དར་བ་ནས་བཟུང་བོན་པོའི་ཐ་སྙད་དེ་གྲུབ་མཐའ་ཞིག་ལ་ངོས་འཛིན་སྟངས་ཞིག་གསར་དུ་སྲོལ་ཆགས་སོ། །
སངས་རྒྱས་ཆོས་ལུགས་དེ་ཐུབ་པའི་ཆོས་ལུགས་ལ་གོ་དགོས་པའི་ངེས་པ་གཏན་ནས་མེད་དེ་ང་ཚོས་སྔ་རབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་ཡང་དག་ཞིག་བཏང་ཚེ་ཀུན་གྱིས་ཤེས་གསལ་ལྟར་ན།རྒྱ་གར་ཤཱཀྱ་ཐུབ་པའི་བསྟན་པ་དེ་བོད་ཡུལ་ལ་དར་ནས་མི་ལོ་མང་པོ་ཞིག་ལ་དམ་པའི་ཆོས་ཞེས་ཟེར་བ་ལས་སངས་རྒྱས་ཀྱི་ཆོས་ལུགས་ཞེས་འབོད་སྲོལ་བྱུང་མེད་པ་འདྲ།རྒྱུ་མཚན་ནི་ང་རང་གི་མཐོང་མྱོང་ཡོད་པའི་བན་བོན་གནའ་རབས་ཀྱི་ཡིག་རྙིང་དག་ལས་སངས་རྒྱས་ཀྱི་བསྟན་པ་དང་།ནང་བསྟན།ནང་པའི་གྲུབ་མཐའ།སངས་རྒྱས་ཀྱི་ཆོས།གཡུང་དྲུང་བོན།དམ་པའི་ཆོས་ཞེས་པ་ལས་སངས་རྒྱས་ཀྱི་ཆོས་ལུགས་ཞེས་པའི་ཐ་སྙད་གསལ་བོ་མཐོང་མྱོང་མ་བྱུང་།གལ་སྲིད་རང་ཉིད་གཡག་རྒན་ཞ་ར་ལྟ་བུའི་མཐོང་རྒྱ་མེད་པ་ཡིན་ནའང་ཐང་།རོང་སྟོན་ཤེས་བྱ་ཀུན་རིགས་ཀྱི་གསུངས་པའི་བོན་ཆོས་རྣམ་འབྱེད་ལས་གཤེན་རབ་གསུངས་པའི་ཆོས་མེད།ཐུབ་པས་གསུངས་པའི་བོན་མེད་ཟེར་ལ་ལྟར་ན།གཤེན་རབ་མི་བོ་དང་དེའི་རྗེས་འབྲངས་ཀུན་གྱིས་བོན་ཞེས་པའི་ཐ་སྙད་ལས་ཆོས་ཞེས་པའི་ཐ་སྙད་ལ་ལོངས་སུ་མི་སྤྱོད་པ་དང་།ཤཱཀྱ་མུ་ནེའམ་ཤཱཀྱ་ཐུབ་པ་དང་དེའི་རྗེས་འབྲངས་ཀུན་གྱིས་ཆོས་ཞེས་པའི་ཐ་སྙད་ལས་བོན་ཞེས་པའི་ཐ་སྙད་ལ་ལོངས་སུ་མི་སྤྱོད་པ་མཚོན་པ་ཙམ་ལས། གཤེན་རབ་མི་བོ་ཆེའི་གསུངས་པའི་བོན་ཐམས་ཅད་ནི་ཆོས་མིན་པ་མ་གསུངས། བོན་བསྟན་དེའང་ཆོས་ཡིན་ཏེ་རང་གི་ངོ་བོ་འཛིན་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཤཱཀྱ་མུ་ནེའམ་ཤཱཀྱ་ཐུབ་པའི་གསུངས་པའི་ཆོས་ཐམས་ཅད་དེ་བོན་མིན་པ་མ་གསུངས།དམ་པའི་ཆོས་དེའང་བོན་ཡིན་ཏེ་རང་གི་མཚན་ཉིད་འཛིན་པ་ཡིན་པའི་ཕྱིར་རོ། །གཞན་དུ་བོན་པོའི་ལུགས་ལ་ཤཱཀྱ་ཐུབ་པའི་སྲོལ་གཏོད་པའི་དམ་ཆོས་དེ་བོན་ཡིན་པ་མ་ཟད་གཡུང་དྲུང་གི་བོན་ཡིན་ཏེ།མདོ་ལས།སྤྲུལ་པའི་སྲས་བཞི་གཡུང་དྲུང་བོན་དུ་ངེས།།ཞེས་གསུངས་ཡོད་ལ། བོན་པོའི་ལུགས་ལ་ཤཱཀྱ་མུ་ནེའམ་ཤཱཀྱ་ཐུབ་པ་དེ་སྤྲུལ་པའི་སྲས་བཞིའི་ནང་ཚན་ཡིན་པར་འདོད། མདོར་བསྡུས་ན།སངས་རྒྱས་ཀྱི་ཆོས་ལུགས་ཟེར་བ་དེ་ནི་སངས་རྒྱས་ཀྱི་བསྟན་པ་དང་།ནང་པའི་གྲུབ་མཐའ།ནང་པའི་བསྟན་པ་ལ་གོ།དེས་ན་སངས་རྒྱས་ཀྱི་བསྟན་པ་དང་།ནང་པའི་གྲུབ་མཐའ།ནང་པའི་བསྟན་པ་དེ་དག་གི་ཐ་སྙད་ནི་ཤཱཀྱ་ཐུབ་པ་བསྟན་པ་བོད་ཡུལ་མ་དར་བའི་སྔོན་ནས་བོད་ལ་འབོད་སྲོལ་ཡོད་པ་དང་།ཤཱཀྱ་ཐུབ་པའི་བསྟན་པ་མ་དར་སྔ་རོལ་ན་སངས་རྒྱས་ཀྱི་བསྟན་པ་ཡོད་དེ།ཤཱཀྱ་ཐུབ་པ་མ་བྱོན་གོང་དུ་དཀོན་མཆོག་གསུམ་ཡོད་པའི་ཕྱིར།རྒྱུ་མཚན་ནི།ཤཱཀྱ་ཐུབ་པ་ནི་ནང་པ་བ་ཡིན་དགོས་ལ།ཕྱི་རོལ་དང་ནང་པའི་ཁྱད་པ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མི་འགྲོ་ཕྱེ་དགོས།དེས་ན་ཤཱཀྱ་ཐུབ་པས་སྐྱབས་སུ་འགྲོ་བའི་ཡུལ་སངས་རྒྱས་དཀོན་མཆོག་དང་།ཆོས་དཀོན་མཆོག།དགེ་འདུན་དཀོན་མཆོག་སྟེ་མཆོག་གསུམ་དེ་ཤཱཀྱ་ཐུབ་པས་སངས་རྒྱས་བསྟན་པའི་སྒོར་འཇུག་པའི་སྐབས་ནས་ཡོད་དགོས་པ་སོགས་མངོན་རྗེས་ཚད་མ་གཉིས་ལ་བསྟེན་ནས་ཤེས་སླའོ། །དེ་མ་ཟད་ལོ་རྒྱུས་ལ་ལས་ཤཱཀྱ་ཐུབ་པ་མ་འཁྲུངས་གོང་ཡབ་དང་ཡུམ་གཉིས་ཀྱིས་ཡར་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་ཟེར་བ་སོགས་ལ་བརྟགས་ན་སངས་རྒྱས་བསྟན་པ་དེ་ཤཱཀྱ་ཐུབ་པའི་ཡར་སྔོན་ནས་ཡོད་པར་རྟོགས་ཐུབ།དེ་ལས་གཞན་པའི་རྒྱ་གར་སངས་ཆོས་ལྟར་ན་ཤཱཀྱ་ཐུབ་པའི་སྔ་རོལ་དུ་སངས་རྒྱས་རབས་བཞི་བྱོན་པ་འདོད་པ་དེ་དག་གི་བསྟན་པ་ཡང་སངས་རྒྱས་ཀྱི་བསྟན་པ་དང་།སངས་རྒྱས་ཀྱི་ཆོས་ལུགས་ཡིན་རྒྱུ་རེད་བསམ།སངས་རྒྱས་ཀྱི་ཆོས་ལུགས་ཞེས་པའི་ཐ་སྙད་དེ་ཤཱཀྱ་ཐུབ་པའི་བསྟན་པ་དེ་བོད་ལ་དར་བ་ནས་གསར་དུ་བྱུང་བ་ཡིན་ནའང་གཡུང་དྲུང་བོན་དེ་ནང་པའི་བསྟན་པ་མིན་པའི་འགལ་རྐྱེན་དང་གནོད་བྱེད་རིག་པ་ཅི་ཡང་མེད།དཔེར་ན།དེང་སང་དུས་རབས་ཉེར་གཅིག་པའི་སྐབས་སུ་ཡང་ཐ་སྙད་གསར་བ་འགའ་ཞིག་བྱུང་དང་འབྱུང་བཞིན་པ་ནི་བོན་པོའི་གྲུབ་མཐའ་ལ་བོན་པོའི་ཆོས་དང་།བོན་པོའི་ཆོས་ལུགས།བོན་ཆོས་ཞེས་སོགས་ཟེར་སྲོལ་གསར་བ་བྱུང་ནའང་ཐ་སྙད་དེ་དག་གིས་བོན་པོའི་བསྟན་པ་དེ་དུས་རབས་ཉེར་གཅིག་པའི་སྐབས་གསར་དུ་དར་བ་མི་བསྟན་པ་བཞིན།གལ་སྲིད་སངས་རྒྱས་ཀྱི་ཆོས་ལུགས་ཞེས་པའི་ཐ་སྙད་དེ་ཐུབ་པའི་ཆོས་དེ་བོད་ལ་དར་བ་ནས་བཟུང་གསར་དུ་བྱུང་བ་ཡིན་ནའང་སངས་རྒྱས་ཀྱི་ཆོས་ལུགས་དེའི་དུས་སུ་གསར་དུ་དར་དགོས་པའི་ངེས་པར་མེད།ཐ་སྙད་དེ་ཐུབ་པའི་གྲུབ་མཐའ་ལ་གོ་དགོས་པའི་ངེས་པ་ཡང་མེད།

༼དགེ་བཤེས་ཁྱུང་སྲས་ཀུན་བཟང་རྣམ་རྒྱལ་གྱི་དྲི་བ༽
༼ ཞུ་དག་པ་རིན་སྤུངས་ཚུལ་བསྟན།༽

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།