དཔྱད་གཏམ་སྣང་བའི་དགའ་སྟོན།

[ཟླ་ཚེས། 2014-06-21 20:07:25][རྩོམ་པ་པོ། སྨན་རིའི་བཤད་སྒྲུབ་མཁན་པོ་ཉི་མ་དོན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

222.jpg
བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས།། མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང་།།
འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ།། ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།།

      ཞེས་རང་རེའི་ཞྭ་དཀར་རིང་ལུགས་འཛིན་པ་རྣམས་ཀྱིས་རྣམ་ཀུན་མཆོད་པའི་གནས་དང་བཀུར་བའི་ཞིང་དུ་གྱུར་པའི་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་ཏུ་བསྔགས་པ་འདི་ཉིད་ཀྱི་མཛད་བྱང་མ་གསལ་བས། སུ་ཞིག་གིས་བརྩམས་པ་ཡིན་མིན་འཐད་ཁྲུན་ཐག་བཅད་ནས་གསུང་མི་ཐུབ་པ་དང། རང་གཞན་གྱི་མཁས་གྲུབ་གང་ཞིག་གིས་ཕུལ་བ་ཡིན་མིན་གྱི་སྐོར་གསུང་སྲོལ་མི་འདྲ་བ་ཡང་སྣང་བར་བརྟེན། དངོས་བདེན་གང་ཞིག་ཡིན་མིན་གྱི་ཐད་རྟོག་དཔྱོད་ཀྱི་ལམ་ནས་འཇུག་འདོད་ཀྱི་འདུན་པ་དྲག་པོས་མདུན་ནས་བསུས་ཏེ་རེ་ཞིག་རང་གི་བསམ་ཚུལ་ཅུང་ཞིག་འཆད་པར་འདོད་པ་ལ།

དང་པོ། མཉམ་མེད་ཆེན་པོའི་རྣམ་ཐར་ཇི་ཙམ་ཞིག་བཞུགས་མིན་འཐད་དཔྱད་པ།

      ཁ་རྒྱུནཤོད་སྲོལ་གྱི་དབང་དུ་བྱས་པ་དང་གཅིག དངོས་སུ་ད་ཆ་རྒྱལ་བའི་བཀའ་བརྟེན་འགྱུར་གྱི་ཁྲོད་རྣམས་སུ་དུ་ཞིག་མཇལ་དུ་ཡོད་པ་དང་གཉིས། སྔར་ཡོད་པར་གྲགས་ཀྱང་ད་ཆ་མཇལ་དུ་མེད་པ་དང་གསུམ་དུ་ངེས་པར་སེམས། དང་པོ་ཁ་རྒྱུན་དུ་གྲགས་པ་ལྟར་ན། རྗེ་མཉམ་མེད་ཆེན་པོའི་རང་རྣམ་རྒྱས་པ་ཞིག་ཡོད་ཀྱང་སྔར་བོད་བདེ་བ་གཞུང་གིས་གཡར་པོ་བྱས་ནས། དེའི་ནང་རྗེ་མཉམ་མེད་དང་རྒྱལ་བ་ཙོང་ཁ་པ་གཉིས་རྩལ་འགྲན་བྱས་པ་དང་། རྒྱལ་བ་ཙོང་ཁ་པས་རྗེ་རིན་པོ་ཆེའི་ཆེ་བའི་ཡོན་ཏན་ལ་བསྔགས་ནས་ད་ལྟའི་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་ཀྱི་མཆོད་ཚིག་ཤོ་ལོ་ཀ་འདི་ཉིད་ཕུལ་ཡོད་པར་ཡིད་མ་རངས་ནས་ཕྱིར་སྤྲོད་མ་བྱས་པའི་ཁར་དཔེ་གཞུང་མེར་བསྲེགས་བྱས་ཚུལ་གོ་ཐོས་བྱུང་བ་ལྟར་ལགས། གཉིས་པ་དངོས་སུ་ད་ཆ་རྣམ་ཐར་ཡིག་ཐོག་ཏུ་འཁོད་པ་རང་གིས་མཇལ་ཐུབ་པ་བྱུང་བ་ནི། ཕྱི་ལོའི་དུས་རབས་༡༤པའི་ནང་འཁྲུངས་པའི་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱིས་དངོས་སློབ་བཙུན་པ་གྲགས་པ་རྒྱལ་མཚན་གྱིས་ཡི་གེར་བཀོད་པ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ངོ་མཚར་ཕྲེང་བ་ཞེས་བྱ་བ་དེ་ཉིད་ཡིན་ལ། རྣམ་ཐར་དེ་ནི་ཆེས་སྔ་བའི་རྗེ་མཉམ་མེད་ཆེན་པོའི་རྣམ་ཐར་ཁུངས་བཙན་པ་ཞིག་ཏུ་སྣང། ཡང་ཕྱི་ལོའི་དུས་རབས་བཅུ་དགུ་པར་འཁྲུངས་པའི་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོར་འབོད་པས་བརྩམས་གནང་བའི་རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པད་མོ་སྟོང་ལྡན་ཞེས་པ་ཞིག་དང་། གཞན་ཡང་ ད་ལྟ་བརྟེན་འགྱུར་གྱི་ཁྲོད་དུ་བཞུགས་ཀྱང་མཛད་བྱང་མི་གསལ་པ་སྐུ་མདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་ཞེས་པ། ད་དུང་ཡང་རྗེ་ཡི་རྣམ་ཐར་ཤིན་དུ་བསྡུས་པ་ཞིག་ནི་ཕྱི་ལོའི་དུས་རབས་བཅུ་དགུ་པའི་ཁོངས་སུ་བྱོན་པའི་སྨྲ་སེང་སེར་པོའི་རྣམ་རོལ་དུ་བསྔགས་པའི་མཁས་གྲུབ་ཆེན་པོ་གཡུང་དྲུང་ཉི་རྒྱལ་གྱིས་མཛད་པའི་རྗེ་བླ་མའི་ནང་སྒྲུབ་ནང་གསལ་བའི་བདག་ཉིད་ཆེན་པོའི་རྣམ་ཐར་དང་གསོལ་འདེབས་གཅིག་ཆོག་དུ་འདུག་པ་དེ་ཉིད་ཡིན། གསུམ་པ་སྔར་ཡོད་པར་གྲགས་ཀྱང་ཕྱིས་མཇལ་དུ་མེད་པ་ནི། རྗེ་མཉམ་མེད་ཆེན་པོའི་རང་རྣམ་རྒྱས་པ་་དེ་ཉིད་ཡིན། ཀུན་མཁྱེན་ཉི་མས་མཛད་པའི་རྗེ་རིན་པོ་ཆེ་ཡི་རྣམ་ཐར་ནང། རྗེ་ཡི་རྣམ་ཐར་གསུམ་ལ་སོགས་ལུང་རིགས་མཐའ་དག་ནས་བཏུས་ཏེ་སྒྲིགས་པ་ཞེས་འཁོད་འདུག་པ་ལྟར་ན། ཀུན་མཁྱེན་ཉི་མས་བདག་ཉིད་ཆེན་པོའི་རྣམ་ཐར་མཛད་པའི་དཔེ་ཁུངས་རྗེ་ཡི་རྣམ་ཐར་གསུམ་ལ་ཁུངས་གཏུགས་ཚུལ་གསུངས། ཁོང་གིས་རྣམ་ཐར་རིགས་མི་འདྲ་བ་གསུམ་མཇལ་ཡོད་པར་སྣང་ལ། རྣམ་ཐར་དེ་དག་གང་ཞིག་ཡིན་མིན་དང། ད་ཆ་དེ་དག་བཞུགས་ཡོད་མིན་ནི་ཁ་ཚོན་གཅོད་པར་དཀའོ། །

གཉིས་པ། བསྟོད་ཕྱག་འདི་ཉིད་ཙོང་ཁ་པས་ཕུལ་གསུངས་པའི་སྐོར་དཔྱད་པ།

      རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱི་དངོས་སློབ་བཙུན་པ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྗེ་ཡི་རྣམ་ཐར་ངོ་མཚར་པད་མོའི་ཕྲེང་བའི་ནང། དེ་ནས་དཔོན་སློབ་གཉིས་སོགས་ཡར་ལ་བྱོན་པའི་ལམ་དུ། ཆོས་རྗེ་བློ་བཟང་གྲགས་པ་མཆོག་དང་ཞལ་མཇལ་ཞུ་གནང་སྐབས། བན་བོན་གྱི་འདུལ་བརྒྱུད་གཅིག་ཅིང། འདུལ་བའི་བསྟན་པ་རྟགས་ཙམ་འཛིན་པའི་དུས་བབ་ཀྱི། གསོ་དགོས་ཚུལ་གྱི་ཞལ་ཏ་བཟང་པོ་གནང་ནས་ཕེབས་ཞེས་པ་ཙམ་ལས། བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་འདི་ཉིད་ཕུལ་བའི་སྐོར་གསལ་ཁ་གང་ཡང་མི་འདུག། མཛད་བྱང་མི་གསལ་བའི་རྗེ་ཡི་རྣམ་ཐར་གནའ་བོའི་ཞལ་ལུང་ནང་རྩོང་ཁ་པ་དང་འབྲེལ་བ་བྱུང་ཚུལ་སོགས་ཀྱི་སྐོར་ཟུར་ཙམ་ཡང་གསལ་ཁ་མི་འདུག། འོན་ཀྱང་ཕྱི་ལོའི་དུས་རབས་བཅུ་དགུ་པའི་ནང་བྱོན་པའི་ཀུན་མཁྱེན་ཉི་མས་མཛད་པའི་རྗེ་ཡི་རྣམ་ཐར་བསྡུས་པ་ངོ་མཚར་པད་མ་སྟོང་ལྡན་ནང། དེ་ནས་མ་མཆོག་སྲིད་རྒྱལ་གྱིས། ལུང་བསྟན་བྱུང་ཞིང་གྲྭ་ས་རུ། འབྱོན་པར་དགོངས་ཏེ་ཡབ་ཡུམ་ལ། ལན་གཅིག་མཇལ་བའི་ཞལ་བཞེས་ནས། དགོངས་པ་ནན་གྱིས་བཀྲོལ་ཏེ་བྱོན། མདོ་སྨད་འབྲི་ཆུ་གསེར་ལྡན་ཁར། རྗེ་བཙུན་བློ་བཟང་གྲགས་པ་ཡིས། ཆོས་གོས་བཀབ་སྟེ་རྟེན་འབྲེལ་བརྟག། དེ་ཚེ་རྗེ་ཉིད་དེར་བྱོན་ནས། ཐུགས་བསྐྱེད་གཟབ་པས་ཅུང་མ་ཁེབས། མཁའ་ནས་བོན་སྐྱོང་ཚོགས་རྣམས་ཀྱིས། དགྱེས་ཤིང་ལེགས་པའི་གད་མོ་བཞད། བོན་དང་ས་དཀར་སྙིང་མ་ཡི། འདུལ་ཞིང་ཕྲན་ཙམ་ཡོད་པར་ཤར། དེ་ཡང་རྗེ་འདིའི་བཀའ་དྲིན་ནམ། བསྟོད་ཚིག་ཤོ་ལོ་ཀ་རེ་རེ། ཕན་ཚུན་ཕུལ་ནས་ནམ་ཞིག་བར། གཅིག་བསྟན་གཅིག་གྲོགས་བྱེད་པར་ཆད། ཅེས་གསལ། མཁས་གྲུབ་གཡུང་དྲུང་ཉི་རྒྱལ་གྱིས་མཛད་པའི་བདག་ཉིད་ཆེན་པོའི་གསོལ་འདེབས་ནང། ཁམས་ནས་བྱོན་དུས་ཆུ་བོ་གསེར་ལྡན་ཁར། ཙོང་ཀ་པ་དང་རྫུ་འཕྲུལ་རྩལ་འགྲན་དུས། ནམ་ཞིག་གཅིག་བསྟན་གཅིག་གིས་བསྟོད་པར་འཆད། ཅེས་གསལ། དེ་ལྟ་བུའི་གསུང་སྲོལ་དེ་ནི་སྔར་ཡོད་མེད་ཁ་ཚོན་བཅད་དེ་ཤོད་པར་དཀའ་ན་ཡང། སྐབས་དེ་མཚམས་ནས་འབྲེལ་བ་ངེས་ཅན་ཞིག་ཡོད་པ་གསལ་པོར་རྟོགས་ཐུབ་པ་འདུག

གསུམ་པ། བསྟོད་ཕྱག་དམིགས་བརྩེ་མའི་སྐོར་རོབ་ཙམ་དཔྱད་པ།

      རང་ཅག་བོན་ལུགས་སུ་ཁོ་བོས་ཚོད་འཛིན་ལྟར་ན། བསྟོད་ཕྱག་དམིགས་བརྩེ་མ་འདི་ཉིད། རྒྱལ་བ་མཉམ་མེད་ཆེན་པོས་རྗེ་ཙོང་ཁ་པའི་ཆེ་བའི་ཡོན་ཏན་ལ་བསྔགས་ནས་ཕུལ་བ་དང། བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་འདི་ཉིད། རྗེ་ཙོང་པས་བདག་ཉིད་ཆེན་པོ་མཉམ་མེད་ཀྱི་ཆེ་བའི་ཡོན་ཏན་ལ་བསྔགས་ནས་ཕུལ་བ་དུས་ཕྱིས་དུས་རབས་བཅུ་དགུ་པའི་མཚམས་ནས་བོན་གྱི་མཁས་དབང་་འགའ་ཞིག་གིས་དེ་ལྟར་ངོས་འཛིན་གནང་འདུག་ཀྱང། རི་བོ་དགེ་ལྡན་པའི་ངོས་ནས་འདི་ལ་འགྲེལ་བརྗོད་གནང་སྟངས་ཇི་ལྟར་འདུག་ཅེ་ན། ཕྱི་ལོའི་དུས་རབས་བཅུ་དགུ་པའི་ཁོང་བྱོན་པའི་རི་བོ་དགེ་ལྡན་པའི་མཁས་གྲུབ་རྒྱལ་དབང་ཆོས་རྗེ་རིན་པོ་ཆེས་མཛད་པའི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་དེབ་གཟུགས་ཤོག་གྲངས་༢༧༥ནང། དེའི་སྐབས་ཤིག་རྗེ་ཙོང་ཁ་པས་རྗེ་བཙུན་རེད་མདའ་བ་ཆེན་པོ་ལ། དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། ཚད་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ། གཞོན་ནུ་བློ་གྲོས་ཞབས་ཀྱི་པད་མོར་འདུལ། ཐར་འདོད་བུང་བ་བདག་ཀྱང་བསྐྱབ་ཏུ་གསོལ། ཞེས་བསྟོད་པ་ཕུལ་བས། རྗེ་རེད་མདའ་བས། དེ་ལ་ཚིག་ཟུར་སྤོས་ཏེ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། ཞེས་གསུངས་ཚུལ་ལྟར་ན། རི་བོ་དགེ་ལྡན་པའི་ངོས་ནས་ཙོང་ཁ་པའི་ཡོངས་འཛིན་ས་སྐྱའི་མཁས་གྲུབ་རེད་མདའ་བས་རྒྱལ་བ་ཙོང་ཁ་པར་དམིགས་བརྩེ་མའི་གསོལ་འདེབས་འདི་ཉིད་ཕུལ་བ་ཡིན་པར་གསལ་འདུག

བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་ཀྱི་སྐོར་རང་གི་བསམ་ཚུལ་གླེང་བ།

      ཕྱི་ལོའི་དུས་རབས་བཅུ་བཞི་པའི་སྐབས་མཚམས། རང་ཅག་བོན་འབངས་རྣམས་ལ་བཀའ་དྲིན་གཞལ་ཟླ་བྲལ་བ། གཡུང་དྲུང་གཙུག་གཤེན་རྒྱལ་བའི་རྣམ་རོལ་དུ་སྒོ་ཀུན་ནས་བསྔགས་ཤིང་རང་གཞན་གཞུང་ལུགས་རྒྱ་མཚོར་མཁྱེན་རབ་ཀྱི་འོད་སྣང་མཆོག་ཏུ་རྒྱས་པའི་རྒྱུད་གསུམ་བསྟན་པའི་མངའ་བདག་རྒྱལ་བ་མཉམ་མེད་ཆེན་པོ་མཆོག་དང། དངོས་ཀྱི་རྒྱལ་ཚབ་རིན་ཆིན་རྒྱལ་མཚན། དངོས་སློབ་མངའ་རིས་བསོད་ནམས་རྒྱལ་མཚན། རང་གཞུང་དཀྱིལ་འཁོར་སྟོང་དང་དྲུག་བརྒྱའི་མངའ་བདག་གསང་མཆོག་རྒྱལ་པོའི་རྣམ་རོལ་དམུ་རིགས་གཤེན་གྱི་གདུང་འཛིན་དམུ་རྒྱལ་རྣལ་འབྱོར་ཉི་མའི་དབང་པོ་རྣམ་དུས་དང་སྐབས་མཚུངས་ཤིང། ཐུགས་ཉིད་གཅིག་ཏུ་འདྲེས་པ་ཙམ་དུ་མ་ཟད་བོན་གྱིས་སྡོང་གྲོགས་བོན་གྱིས་བྱེད་པའི་སངས་རྒྱས་མི་ཡི་རྣམ་རོལ། རང་ཅག་བོན་འབངས་རྣམས་ཀྱིས་མིག་ལྟོས་སུ་འོས་པ་། བསྟན་པ་སྤྱི་ཡི་དབང་དུ་བྱས་ན་བཀའ་དྲིན་གྱི་ཕུང་པོ་སྟོང་གསུམ་རིན་ཆེན་གསེར་གྱིས་བཀང་ནས་ཕུལ་ཡང་ བསབས་ཐབས ་བྲལ་བ་ཞིག་ཡིན་པ་རང་གཞན་ཀུན་གྱིས་མྱོང་བས་གྲུབ། དེའི་ནང་ནས་ཀྱང་རྗེ་མཉམ་མེད་ཆེན་པོ་དང། དམུ་རྒྱལ་ཉི་མའི་དབང་པོ་འདི་གཉིས་ཀྱི་རྣམ་ཐར་ཕལ་མོ་ཆེ་ཡི་ནང་བསྟན་དང་འགྲོ་བའི་དོན་དང་ཕྱི་རབས་རྗེས་འཇུག་རྣམས་ལ་དཔེར་སྟོན་མཛད་དེ། སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་པ་དང། སྒོ་ཀུན་ནས་བོན་འབངས་རྣམས་གོང་བུའི་ནུས་པ་གཅིག་འགྱུར་ཡོངས་སླད། རྒྱལ་བ་མཉམ་མེད་ཆེན་པོའི་ཆེ་བའི་ཡོན་ཏན་འདོན་ཕྱིར་རྩལ་འགྲན་དང་གྲུབ་རྟགས་སོགས་མང་དུ་མཛད་པ་རྣམ་ཐར་རྣམས་སུ་གསལ་བ་ལྟར་ཡིན། ཁྱད་པར་དུ་དམུ་གཤེན་ཆེན་པོ་དེ་ཉིད་དག་པ་མཁའ་སྤྱོད་ཀྱི་གནས་སུ་རྫུ་འཕྲུལ་གྱི་རྩལ་གྱིས་ཕེབས་ནས། རིག་འཛིན་མཁའ་འགྲོ་རྣམས་ཀྱིས་སྙན་དུ་བརྒྱུད་པའི་སངས་རྒྱས་མཁན་པོ་སྨན་རི་བ་མཉམ་མེད་ཀྱི་བསྟོད་པ་རྣམ་རྒྱལ་ཁང་བཟང་ཡི་གེར་ཕབས་གནང་མཛད་པ་དེའི་ནང། འཛམ་བུ་གླིང་དུ་གསེར་གྱི་ཉི་ཤར་བཞིན། དུས་ངན་ལྔ་བརྒྱ་མཐའ་མའི་སྙིགས་མ་ལ། འཕྲུལ་ངག་བོན་གྱི་ཆུ་ཆེན་རབ་འབྲུག་ནས། རྗེས་འབྲང་ཉོན་མོངས་མ་ལུས་རྩད་ནས་བཀྲུ། སྡེ་གསུམ་ཤེས་རབ་རྒྱས་པའི་ང་རོ་ཅན། མ་རིག་གྲུབ་མཐའ་འདྲ་མིན་ཀླད་པ་འགེམས། མི་ཡི་སེང་གེ་གཟི་བརྗིད་སྨན་རི་བ། གཙུག་རྒྱན་མཁན་པོ་ཁྱེད་ལ་ཕྱག་འཚལ་ལོ། ཞེས་དང། བདེར་གཤེགས་དགོངས་རྒྱུད་བླ་མ་ཆེ་དྲུག་དང། གདུང་རྒྱུད་བཅུ་གསུམ་མཁས་པ་མི་བཞི་དང། ལོ་པཎ་གཤེན་བརྒྱད་གཤེན་གྱེར་རྨ་དབྱིལ་དང། བྲུ་ཞུ་སྤ་རྨེའི་གཙུག་རྒྱན་རིན་པོ་ཆེ། ཞེས་གསུངས་པའི་རིག་འཛིན་མཁའ་འགྲོའི་སྙན་བརྒྱུད་དང་། དམུ་རྒྱལ་ཆེན་པོས་སྙན་བརྒྱུད་ཡི་གེར་ཕབས་པ་དེ་དག་ལ་ལེགས་པར་གཞིགས་ན། བསྟན་པ་སྔ་དར་གྱི་བདེར་གཤེགས་དགོངས་བརྒྱུད་དགུ་དང། བླ་མ་ཆེ་དྲུག གདུང་རྒྱུད་བཅུ་གསུམ། མཁས་པ་མི་བཞི། ལོ་པཎ་གཤེན་བརྒྱད། དེ་བཞིན་བསྟན་པ་ཕྱི་དར་གྱི་དབང་དུ་བྱས་ན། གཤེན་གྱེར་རྨ་དབྱིལ་གྱིས་མཚོན། རྒྱལ་བ་བྲུ། དབང་ལྡན་ཞུ། གྲུབ་ཐོབ་སྤ། མཁས་པ་རྨེའུ་དང་བཅས་པའི་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་ཡོངས་རྫོགས་ཀྱི་གཙུག་རྒྱན་རྒྱལ་བ་སྨན་རི་བ་ཡིན་པའི་མངའ་གསོལ་མཛད་ཅིང་མཚན་གྱི་ཅོད་པཎ་འདོགས་པའི་བྱེད་པོ་ནི། རིགས་འཛིན་མཁའ་འགྲོའི་ཚོགས་དང་དམུ་གཤེན་ཆེན་པོ་འདི་ཉིད་ཡིན་པར་གསལ་ལ། ལྷག་དོན་དུ་བསྟོད་པ་རྣམ་རྒྱལ་ཁང་བཟང་དང་། བསྟོད་ཕྱག་སྐུ་གསུམ་སྐུ་གསུམ་ལྷུན་གྲུབ་བསྡུས་པ། རྒྱལ་ཚབ་ཀྱིས་མཛད་པའི་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་རྒྱས་པ་དང། མངའ་རིས་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་འགྲོ་བའི་མགོན་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་བསྟོད་པ་རྣམས་ཀྱི་ཚིག་གི་འགྲོས་དང། དོན་གྱི་བབ་དང། རྩོམ་ཀྱི་ཉམས་བཅས་གུང་སྒྲིག་སྟེ་བསྡུར་ན། རྒྱལ་བ་མཉམ་མེད་ཆེན་པའི་གསོལ་འདེབས་འདི་ཉིད། དམུ་རྒྱལ་རྣལ་འབྱོར་ཉི་མའི་དབང་པོ་དང། རྒྱལ་ཚབ་རིན་ཆེན་རྒྱལ་མཚན། མངའ་རིས་བསོད་ནམས་རྒྱལ་མཚན་གསུམ་པོ་གང་རུང་གིས་མཛད་པ་ཞིག་ཡིན་པར་ཐག་གཅོད་ཐུབ་པ་འདུག། དཔེར་ན། བོན་ཉིད་ཆེན་པོ་སྤྲོས་པའི་མཐའ་དང་བྲལ། ཞེས་པ་འདི་དང། བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས། ཞེས་པ་འདི་གཉིས་ལ་ཚིག་རྐང་མང་ཉུང་ཀྱང་མཐུན་ལ་དོན་གྱི་བབ་ཀྱང་མཐུན་པར་སྣང། མི་བརྗེད་གཟུང་ལྡན་ཤེས་རབ་སྨྲ་བའི་སེང་། ཞེས་པ་འདི་དང། རྫོགས་སྐུ་ཆེན་པོ་གཟི་བརྗིད་མདངས་དང་ལྡན། ཞེས་པ་འདི་གཉིས་ཀྱང་དོན་གྱི་བབ་དང་ཚིག་རྐང་གྱི་མང་ཉུང་རྩོམ་གྱི་ཉམས་སོགས་ཀྱང་མཐུན། འཛིན་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ། ཤེས་རབ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས་། ཞེས་པ་འདི་དང། བྲུ་ཞུ་སྤ་རྨེའུ་གཙུག་རྒྱན་རིན་པོ་ཆེ། གཙུག་རྒྱན་མཁན་པོ་ཁྱེད་ལ་ཕྱག་འཚལ་ལོ། ཐེག་པ་རིམ་རྫོགས་སྤྱི་རྗེ་སྨན་རི་བ། ཞེས་པ་དེ་རྣམས་དང། ཡང་རྒྱལ་ཚབ་ཀྱིས་རྗེ་བླ་མར་བསྟོད་པ། བདེ་ཆེན་ལྷུན་གྲུབ་བོན་སྐུའི་ངང་ཉིད་ལས། ཞེས་པ་འདི་དང། བདེ་ཆེན་རྒྱལ་པོ་ཀུན་བཟང་རྒྱལ་བ་འདུས་ཞེས་པ་འདི་གཉིས་དང། མི་བརྗེད་གཟུངས་ལྡན་ཤེས་རབ་སྨྲ་བའི་སེང་། ཞེས་པ་འདི་དང། མ་འགག་རོལ་པ་ལོངས་སྐུའི་འོད་ཟེར་གསལ་། ཞེས་པ་འདི་གཉིས་དང། མངའ་རིས་བསོད་ནམས་རྒྱལ་མཚན་གྱིས་རྗེ་མཉམ་མེད་ཆེན་པོར་བསྟོད་པ་། སྐྱབས་མཆོག་དམ་པ་མཉམ་མེད་འགྲོ་བའི་མགོན། མཁས་གྲུབ་དུ་མའི་གཙུག་རྒྱན་རིན་པོ་ཆེ། ཞེས་པ་འདི་དང། འཛམ་གླིང་བོན་གྱི་གཙུག་རྒྱན་མཉམ་མེད་པ། ཞེས་པ་དེ་རྣམས་ཚིག་རྐང་མང་ཉུང་དང། རྩོམ་ཉམས་ཀྱི་འགྲོས་དང། ཚིག་དོན་སོགས་གང་ཅིའི་འཐད་ནས་དམུ་རྒྱལ་ཉི་མའི་དབང་པོ་དང། དངོས་ཀྱི་ཐུགས་སྲས་རྣམ་གཉིས་བཅས་མདོར་ན་མཁས་གྲུབ་དེ་གསུམ་གང་རུང་གི་རྩོམ་གྱི་འགྲོས་དང་ཆེས་མཐུན་ཞིང་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ་ཞིག་སྣང་བར་བརྟེན། ཁོ་བོས་འདོད་ཚུལ་ལམ་བསམ་ཚུལ་བྱས་ན། རང་ཅག་བོན་ལུགས་སུ་བསྟོད་ཕྱག་སྐུ་གསུམ་ལྷུན་གྲུབ་ཀྱི་མཆོད་བསྟོད་འདི་ཉིད། མཁས་གྲུབ་དེ་གསུམ་པོ་གང་རུང་ཞིག་གིས་ཕུལ་བར་ཐག་གཅོད་ཐུབ་པར་འདུག། འོན་ཀྱང་མཁས་གྲུབ་ཆེན་པོ་དེ་གསུམ་གྱི་ནང་ནས་་ཀྱང་སུ་ཞིག་གིས་མཛད་ཅེས་ད་དུང་ངོས་འཛིན་གནང་དཀའ་བ་ནི། རྩོམ་གྱི་ཆ་ནས་གསུམ་ཀ་འདྲ་མཚུངས་སུ་གནས་ལ། བསྟན་པའི་གཙུག་རྒྱན་དུ་གསུམ་ཀས་མཆོད་ཅིང་བསྟོད་པ་གཅིག་མཚུངས་ལྟ་བུར་སྣང། གཞན་སྡེའི་ཆོས་བརྒྱུད་འཛིན་པས་མ་ཕུལ་བ་ནི་རྒྱུ་མཚན་སྣ་མང་ཞིག་གི་སྟེང་ནས་ངེས་ཤེས་རྙེད་ཐུབ་པ་འདུག། འདི་ནི་དཔྱད་པའི་སྒོ་ཕྱེས་པ་ཙམ་ལས་མཐའ་གཅོད་ཀྱི་སྡོམ་ཚིག་སོགས་གང་ཡང་མ་ཡིན་ལ། རང་གིས་ལོ་རྒྱུས་ཁག་ལ་དཔྱད་ནས་བསམ་ཚུལ་ཙམ་བརྗོད་པ་ཡིན།

སྨན་རིའི་བཤད་སྒྲུབ་མཁན་མིང་འཛིན་པ་ཉི་མ་དོན་གྲུབ་ཏུ་འབོད་པས་ཕྱི་ལོ་༢༠༡༤ཕྱི་ཟླ་༠༦པའི་ཚེས་༢༠ཉིན་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།