གཡུང་དྲུང་བོན་གྱི་གཏེར་མ་སྐོར་གླེང་བ།

[ཟླ་ཚེས། 2020-04-27 21:20:38][རྩོམ་པ་པོ། ཁྲ་འཛུམ་དགའ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   མིའི་རིགས་ཀྱི་ཆོས་ལུགས་གང་འདྲ་ཞིག་ཡིན་རུང་དང་པོ་དར། བར་དུ་འཕེལ། མཐའ་མར་རྒུད་པའི་སར་ལྷུང་བ་ནི་འཇིག་རྟེན་ཆོས་ཉིད་ཀྱིས་གནང་བའི་བདེན་པ་དང་ཆོས་ལུགས་བྱིངས་ཀྱི་འཕེལ་འགྲིབ་དང་སྣང་ཚུལ་ཞིག་ཅི་ལ་མིན། ཆོས་ལུགས་རྩོད་རྙོག་དང་ཆབ་སྲིད་དབང་བསྒྱུར་འོག་ཏུ་མི་རིགས་གང་དེའི་ལོ་རྒྱུས་གསིག་རྡིབ། རིག་གནས་བཅོས་བསྒྱུར། སྲིད་དབང་འཁྲུགས་རྩོད། ཡུལ་སྲོལ་དབང་བསྒྱུར་སོགས་ལ་གནོན་ཤུགས་དང་ཉམ་རྒུད་བྱུང་དང་འབྱུང་སྲིད་དོ། ། བོན་གྱི་གཏེར་མ་འདི་ཆོས་ལུགས་དང་ཆབ་སྲིད་ཟུང་གི་གནོན་ཤུགས་འོག་ཏུ་འཚར་ལོངས་བྱུང་བའི་དངོས་རྫས་ཤིག་དང་དཔེ་མཚོན་ཙམ་བཞག་ཆོག ཆབ་སྲིད་ཀྱི་དབང་དུ་བྱས་ན་བོད་ཀྱི་རྒྱལ་པོ་བརྒྱད་པ་གྲི་གུམ་བཙན་པོའི་སྐབས་སུ་བོན་གཤེན་དང་རྒྱལ་པོའི་བར་དུ་སྲིད་དབང་འཕྲོག་རྩོད་བྱུང་རྐྱེན་བོན་གྱི་བཀའ་དཔེ་མང་པོ་གཏེར་ལ་སྦས་དགོས་བྱུང་བ་དང་ཆོས་ལུགས་ཀྱི་དབང་དུ་བཙན་པོ་ཁྲི་སྲོང་གི་རིང་དུ་བོན་ཆོས་གཉིས་ཀ་འཕེལ་རྒྱས་བྱུང་དེ་མངའ་རིས་གཅིག་གི་ནང་དུ་ཆོས་ལུགས་གཉིས་ཀྱི་འགལ་འདུ་དང་འཐབ་རྩོད་བར་ནས་བོན་གྱི་དཔེ་ཆ་མང་པོ་ཞིག་ཡང་བསྐྱར་གཏེར་ལ་སྦས་དགོས་འཁེལ་བ་རེད། དེ་བས་གཏེར་མ་ཞེས་པ་འདི་བསྟན་པ་ཕྱི་དར་སྐབས་སུ་གཡུང་དྲུང་བོན་དང་གསང་སྔགས་རྙིང་མ་པའི་ཆོས་ལུགས་ལོ་རྒྱུས་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་པའི་ཐ་སྙད་གཅིག་ཏུ་འདོད། ད་ནི་རང་རྩོམ་དངོས་ལ་འཇུག་སྟེ་གཡུང་དྲུང་བོན་གྱི་གཏེར་མའི་ངོ་བོ་དང་དབྱེ་བ་སོགས་ཀྱི་སྐོར་ནས་མཁས་པའི་ལོ་རྒྱུས་དང་རང་གི་རྟོག་དཔྱོད་ཟུང་དུ་འབྲེལ་དེ་རོོབ་ཙམ་གླེང་བར་བྱའོ།  །
དང་པོ། བོན་གཏེར་གྱི་ངོ་བོ།
   ངས་འདི་ནས་རྟོག་གེ་པའི་ལུགས་ཀྱི་མཚན་མཚོན་གྱི་རྣམ་གཞག་ལྟ་བུ་གཏེར་མ་དང་གཏེར་མའི་ངོ་བོ་གཉིས་ཡིན་ཁྱབ་མཉམ་འགྲོ་བའི་མཚན་ཉིད་ཞིག་འཇོག་བཀའ་མོད། ལོ་རྒྱུས་དང་སྙན་ངག རྩོམ་རིག་དང་སྒྱུ་རྩལ་གང་ཡིན་པོ་ཡོད་ཚད་ལ་མཚན་ཉིད་ཀྱི་ཁྱབ་འགྲིག་འཕངས་བསྡད་པ་ཡིན་ན་མཉམ་མེད་བླ་མའི་ཁ་དཔེ་ལྟར་བླུན་པོ་དགའ་བ་བསྐྱེད་ལ་མཁས་རྣམ་བཞད་བགད་སློང་བའི་ཉེན་ཁ་ཅུང་ཆེ་བས་གཟབ་དགོས། རིག་གཞུང་རང་རང་ལ་དཔྱད་ཐབས་ཀྱི་ཁྱད་ཆོས་རེ་ཡོད་པ་ཤེས་རྒྱུ་གནད་ཆེའོ། ། དེས་ན་བོན་གཏེར་ཞེས་པ་ནི་བསྟན་པ་གང་དེའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་ཆབ་སྲིད་དང་ཆོས་ལུགས་ཀྱི་རྩོད་རྙོག་དབང་གིས་བོན་བསྟན་ལ་ཉམ་རྒུད་བྱུང་རྐྱེན་བསྟན་པ་མི་ནུབ་ཡུན་གནས་ཆེད་དུ་བོན་གཤེན་རིག་འཛིན་གོང་མ་རྣམས་ཀྱིས་ཕྱིས་སུ་གང་ཟག་ལས་འཕྲོ་ཅན་དང་འཕྲད་པའི་སྨོན་ལམ་དང་ཐུགས་བསྐྱེད་བཏབ་ཅིང་གཏེར་བདག་བཀའ་སྲུང་ལ་བཅོལ་བ་དང་ས་འོག བྲག་ཕུག མཆོད་རྟེན། ཕ་བོང་སོགས་ཀྱི་འོག་ཏུ་སྦས་པའི་སྐུ་གསུང་ཐུགས་རྟེན་གྱི་དངོས་རྫས་དང་བོན་དཔེ་སོགས་ལ་ཟེར་ན་འགྲིག
 གཉིས་པ། བོན་གཏེར་གྱི་དབྱེ་བ།
   བོན་གྱི་གཏེར་མའི་ལོ་རྒྱུས་སྐོར་ཅུང་རྒྱས་པ་བཤད་ཡོད་པའི་ཡིག་ཆ་སྔ་ཤོས་ནི་དུས་རབས་བཅོ་ལྔའི་དུས་སུ་སྤ་ལ་ཕུག་ཏུ་སྐུ་འཁྲུངས་པའི་སྤ་བསྟན་རྒྱལ་བཟང་པོས་མཛད་པའི་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན》ད་དུང་ཤར་རྫ་པས་མཛད་པའི་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད་པའི་《བསྟན་འབྱུང་རིག་པའི་ཤན་འབྱེད》མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་《བསྟན་འབྱུང་ལེགས་བཤད་སྐལ་བཟང་མགྲིན་རྒྱན》སོགས་འདུག དེ་ཡང་དར་རྒྱས་གསལ་སྒྲོན་ནང་དུ་བོན་གཏེར་འདི་ལ་རིགས་ལྔ་ཙམ་ཕྱེས་ཡོད་དེ་བྱང་གཏེར། དབུས་གཏེར། ལྷོ་གཏེར། ཁམས་གཏེར། གཏེར་གསར་བཅས་གཏེར་མ་ལ་ཁག་ལྔ་ཙམ་བཤད་འདུག་པས་དེ་དག་གང་ཡིན་པ་རེ་རེ་ནས་ཅུང་ཙམ་རྒྱས་པར་བཤད་དོ། །
   བྱང་གཏེར།
གཅིག སྨད་མཐའ་བཞིའི་བརྒྱུད་པ།
   ལས་འཕྲོ་གཏེར་བརྒྱུད་ཀྱི་མི་ཐོག་མ་དང་གཏེར་སྟོན་པ་སྔ་ཤོས་ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་སྟེ་དཀོན་མཆོག་གྲགས་པ། ཉང་མི་མགོན་པོ། སད་ཀུ་རད་ན་གསུམ་གྱིས་བྲག་དམར་བསམ་ཡས་ནས་ཁྲོ་ཆུ་རྒྱས་བཏབ་པའི་སྟག་སྒྲོ་གཟིག་སྒྲོ་དོམ་སྒྲོ་གསུམ་གསེར་ཡིན་པར་སྙམ་སྟེ་ཉན་མོར་གབ་མཚན་མོ་བྲོས་ནས་ངན་ལམ་གྱི་ལུང་པ་སྲི་ཞེས་པའི་ས་ཆ་དེའི་བོན་པོ་མཐའ་བཞི་འཁྲུལ་གསས་དང་མཇལ། ཨ་ཙ་ར་མི་གསུམ་རྒྱག་ཆད་དེ་སྒྲོ་བ་གསུམ་ལས་དོམ་སྒྲོ་བོན་པོ་མཐའ་བཞི་ལས་ཟས་དང་བརྗེས། བླ་མ་མཐའ་བཞིའི་མདུན་ནས་རྒྱ་སྟོན་ཁྲོ་འཕེན་གྱིས་ཞུས། དེར་ཡར་འབྲོག་གི་གཟུགས་ར་འཕེན་གྱིས་ཞུས། དེར་ཤང་གི་ར་སྟོན་ཀླུ་བཙན། ར་སྟོན་ལྷ་རྗེ། བྲུ་ནམ་མཁའ་གཡུང་དྲུང་སོགས་ཀྱིས་རིམ་པར་ཞུས་ཏེ་དར་བས་བྱང་གཏེར་སྨད་མཐའ་བཞིའི་བརྒྱུད་པ་ཞེས་གྲགས་སོ། །
 གཉིས། སྟོད་གཟེ་བོན་བརྒྱུད་པ།
   ཨ་ཙ་ར་མི་གསུམ་གྱིས་དེ་འཕྲོ་སྟག་སྒྲོ་དང་གཟིག་སྒྲོ་གཉིས་ཁྱེར་ཏེ་སྟོད་ལུང་ནས་བྱང་གི་ནམ་གོང་འགྲིམ་སྐབས་བན་དེའི་ཆོས་གཏེར་འཚོལ་བའི་མི་གསུམ། འདར་བན་ཤཀྱ་མུ་ནེ། འཆིམ་ཤཀྱ་བྲ་བ། འོ་མ་བྱང་ཆུབ་སེང་གེ་གསུམ་དང་འཕྲད་དེ་བྱང་འབྲོག་རུ་ཐོག་ཅེས་པའི་ས་ཆ་གཅིག་ཏུ་ནུབ་མོ་མཉམ་དུ་བསྡད། ཨ་ཙ་ར་མི་གསུམ་གྱིས་ཁྱེད་གསུམ་གར་འགྲོ་དྲིས་པས་བན་དེ་མི་གསུམ་གྱིས་ཆོས་གཏེར་འཚོལ་དུ་འགྲོ་ཟེར། ངེད་ལ་ཆོས་གཏེར་ཡོད་ཟེར་ཏེ་གཏེར་སྒྲོ་ནོར་ལ་བརྗེས་ཏེ་སྒྲོ་བ་བན་དེ་མི་གསུམ་ལ་བྱིན། དེ་གསུམ་ཡུལ་ལ་སྟོད་དུ་གཟི་བོན་ཤེས་རབ་རྒྱལ་མཚན་གྱི་ཁྱིམ་དུ་བསྡད། ནུབ་མོར་བན་དེ་མི་གསུམ་གྱིས་བལྟས་པས་བོན་གཏེར་ཡིན་པར་ཤེས་ཏེ་མེ་ལ་སྲེག་པར་བྱས་གཟེ་བོན་ཤེས་རྒྱལ་གྱིས་མཐོང་ནས་བོན་རྣམས་ཁོང་གི་ཚ་བོ་གཟེ་སྒུར་ལ་བྱིན་ན་ང་ཚོ་ལ་ནོར་མང་པོ་སྦྱིན་ཡོང་ཟེར་ནས་ཁོང་ལ་བྱིན་ཏོ། ། བླ་མ་གཟེ་བོན་ལས་ས་སྟོང་འབྲུག་ལྷ། གཙང་བ། ན་རོ། སྙེལ་བྱེད་ནེ་གུ་བཅས་བཀའ་བབ་མི་བཞིས་ཞུས། སྙེལ་བྱེད་ནེ་གུ་ལས་ཞང་གི་ལྷ་སྒོམ། དེར་རྨེའུ་རོག་དབལ་བོན་གྱིས་ཞུས། དེས་རྨེའུ་ལྷ་རི་གཉེན་པོ་ལ་བརྒྱུད་དེ་དར། ས་སྟོང་འབྲུག་ལྷ་ལས་ཞུ་དྲང་ར་བོན་པོས་ཞུས། དེར་ཞུ་གཡས་ལེགས་པོས་ཞུས། དེ་ནས་སྐྱིད་སེ་དང་སྐྱིད་པོ་གཉིས་ནས་བརྒྱུད་དེ་དར། ལེགས་པོ་ལས་ཡར་འབྲོག་ཟུག་བོན་ར་འཕེན་གྱིས་ཞུས། ཁོང་ནི་བྱང་གཏེར་སྟོད་སྨད་གཉིས་ལ་ཐུག་པའི་བོན་པོ་ཞིག་སྟེ་ཟུག་བོན་ར་འཕེན་ཕུར་པའི་མཁས་གྲུབ་ཆེ”ཞེས་པའི་མཚན་སྙན་ཁྱབ། ཨ་ཙ་ར་མི་གསུམ་གྱིས་ལྷོ་ཕྱོགས་བསམ་ཡས་ནས་གཏེར་རྙེད་དེ་བྱང་གི་ནམ་གོང་དང་ལ་སྟོད་བྱང་གི་བརྒྱུད་ནས་དར་བས་བྱང་གཏེར་ཞེས་སུ་གྲགས།
ལྷོ་གཏེར།
གཅིག ལྷོ་འབྲིག་མཚམས་མཐའ་དཀར།
   ཡབ་མེས་བཀྲ་གསལ་རྒྱལ་པོའི་གདུང་རྒྱུད་དཔལ་མགོན་གསས་ལ་བུ་གསུམ་ཡོད་པས་ཆེ་བ་གཤེན་ཆེན་ཀླུ་དགའ་དགོངས་ལོ་བཅུ་གསུམ་ཐོག་སྤུན་ཆུང་བ་གེ་ཁོད་གཉིས་ཕས་རི་ལ་སྤྲ་བ་འཐུ་རུ་མངགས། ཀླུ་དགའ་ལུང་པའི་མདའ་རུ་ཕྱིན་པའི་སྐབས་དེར་གཤེན་ཀླུ་དགའ་བོན་གྱི་དངོས་གྲུབ་སྟེར་ཟེེར་བའི་བར་སྣང་ནས་གཟུགས་མེད་ཀྱི་སྒྲ་ཞིག་ཐོས། ཕར་བལྟས་པས་ཕ་བོང་མར་ཁུས་བཀང་ཡོད་པ་མཐོང་ཀླུ་དགས་དངོས་གྲུབ་ཏུ་སེམས་ཏེ་གཞན་ལ་གསང་ངོ་། ། དེ་རྗེས་ཞུ་གཡས་དང་གཙང་གཉིས་དམག་འཐབ་པས་ཀླུ་རྩེགས་ལ་བར་མདའ་ཕོག་པས་སྐུ་གྲོངས། དགུང་ལོ་བཅོ་བརྒྱད་ཐོག་སྣ་ནམ་ཡེ་མཁྱེན་དང་རྩལ་འགྲན་ནས་རྐེད་ཚིགས་བུད་དེ་བཅོས་པས་མ་ཕན་པར་དེ་ནས་བཟུང་གཤེན་སྒུར་ཀླུ་དགའ་ཞེས་གྲགས། བྲག་མར་ཁུས་གང་བའི་སྟེང་དུ་འདུག་བསམ་ཡང་ལོ་དེར་ཡབ་གྲོངས་པ་དང་གནའ་མ་ན་ག་བཟའ་དཔལ་སྒྲོན་བླངས་པས་ལོ་འགའ་ཤས་ལ་འགྱང་། གཤེན་ཀླུ་དགའ་ལ་ཡ་མཚན་གྱི་རྟགས་གོང་བཞིན་བྱུང་ནས་སྤྱི་ལོ་༡༠༡༧ལོར་དགུན་ཟླ་འབྲིང་པོའི་ཚེས་ཉེར་བཞི་སྐར་མ་ཁྲ་ཡི་ཉིན་མོར་བོན་གཏེར་མང་དུ་བཞེས། གཤེན་སྒུར་བླ་མའི་མཚན་སྙན་ཕྱོགས་བཞིར་ཁྱབ་སྟེ་བོན་ཞུ་མཁན་སྔ་ཤོས་མེ་ཉག་ནེ་གུ་བྱུང་། དེ་ནས་ཞུ་གཡས་ལེགས་པོ། ཅོ་ལ་གཡུ་སྐྱིད། མཚེ་མི་ཤག་འབར་བཞིས་ཞུས་ཏེ་ཁོང་བཞི་ལ་ཉང་སྟོད་ཀྱི་དཔོན་བཞི་གྲགས། ད་དུང་ཉང་སྨད་ཀྱི་ཀ་བ་བརྒྱད། སྲིད་པའི་མི་ལྔ། རྒྱལ་མཚན་ཐོབ་པའི་མི་བཞི་སོགས་སློབ་མ་ཤིན་ཏུ་མང་པོ་ཡོད་ཀྱང་ཕྱི་རབས་སུ་གྲགས་ཆེ་བ་བཀའ་བབ་ཀྱི་སློབ་བུ་བཞི་སྟེ་མཚན་ཉིད་ཀྱི་བཀའ་བྲུ་ནམ་མཁའ་གཡུང་དྲུང་ལ་གནང་ནས་ཁོང་གི་སྲས་བྲུ་ཁྱུང་གི་རྒྱལ་མཚན་གཉིས་ཀྱིས་སྲིད་པའི་མཛོད་ཕུགས་སོགས་མཚན་ཉིད་ཀྱི་འགྲེལ་མང་དུ་མཛད་དེ་བཤད་ཉན་གྱི་སྲོལ་གཏོད། དེ་རྗེས་བྲུ་རྗེ་གཡུང་དྲུང་བླ་མས་༡༠༧༩ལོར་གཡས་རུ་དབེན་ས་ཁ་དགོན་པ་ཕྱག་བཏབ་ནས་གདན་ས་དེ་རུ་བོན་གྱི་མདོ་སྔགས་གཞུང་ལུགས་ཀུན་ལ་བརྒལ་བརྟག་དཔྱིས་ཕྱིན་པའི་མཁས་གྲུབ་གཡས་རུ་སྟོན་པ་བཅོ་བརྒྱད་བྱུང་བའོ། ། སེམས་ཕྱོགས་ཀྱི་བཀའ་རྣམས་ཞུ་གཡས་ལེགས་པོ་ལ་བབ་སྟེ་ཁོང་གི་སྲས་སྐྱིད་པོས་བྱང་སེམས་གབ་པ་སོགས་སེམས་ཕྱོགས་ཀྱི་བཤད་སྲོལ་གཏོད། གསང་སྔགས་ཀྱི་བཀའ་མེ་ཉག་ནེ་གུ་དང་འཛི་སྟོན་དབང་གི་རྒྱལ་མཚན་གཉིས་ཀྱིས་བླ་མ་གཤེན་ཆེན་པོའི་མདུན་ནས་དངོས་སུ་ཞུས། སྤ་སྟོན་དཔལ་མཆོག་གྱིས་དངོས་སུ་གཤེན་ཆེན་ཀླུ་དགའི་མདུན་ནས་བོན་གཏེར་མ་ཞུས་ཀྱང་མེ་ཉག་དང་འཛི་སྟོན་དྲུང་ནས་གསང་སྔགས་ཀྱི་བཀའ་མང་དུ་གསན། ཁོང་གིས་ཐིག་ལེ་དབྱིངས་འཆད་ལ་ཏི་ཀ་བཏབ་སྟེ་གསང་སྔགས་ཀྱི་བཀའ་རྒྱལ་སྲས་སྤ་ཚང་དུ་བབ་ཞེས་གྲགས། ཁོང་གི་ཞལ་སློབ་གཤེན་དམ་པ་རྒྱལ་མཚན། རྨེའུ་ལྷ་རི་གཉེན་པོ། དམ་པ་རི་ཁྲོད་པ། སྤ་སྟོན་དར་མ་བཅས་སྤ་ཚང་ལ་བརྒྱུད་པ་དང་གསུང་རབ་འབུམ་ཁམས་ཆེན་རྣམས་ཅོག་ལ་གཡུ་སྐྱིད་མགོན་ལ་གནང་སྟེ་དེས་གཡུ་སྒྲ་ལེགས་པོ། རྨེའུ་ལྷ་རི་གཉེན་པོ། རྨེའུ་དམ་པ་རི་ཁྲོད་སོགས་ལ་རིམ་གྱིས་བརྒྱུད་པའོ། །
གཉིས། ལྷོ་སྤ་གྲོ་ཕུག་གཅལ།
   བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་བསྣུབས་སྐབས་དྲན་པ་ནམ་མཁས་བསམ་ཡས་ཕོ་བྲང་བསེ་སྒོ་ཅན་དུ་སྦས། དེ་རྗེས་ལྷ་སྲས་མུ་དུག་བཙན་པོ་དང་ཁྱུང་པོ་གྱེར་ཆེན་ཟླ་མེད་གཉིས་ཀྱིས་བཏོན་སྟེ་ཕ་བོང་སྡིག་རུ་ཅན་གྱི་འོག་ཏུ་རྒྱས་པར་སྦས་ཏེ་ཡར་ལྷ་ཤམ་པོ་སོགས་ལ་གཉེར་དུ་གཏད། ཕྱིས་སུ་རྟ་ནག་གི་བཙད་པོ་ཞིག་བསམ་ཡས་སུ་ཕྱག་བསྐོར་འགྲོ་བའི་ལམ་ཁར་ཉང་རོ་སྟག་ཚལ་གྱི་ས་ཆ་ཁུ་ཡེ་བྱ་བའི་དུད་ཚང་ཞིག་ཏུ་ལོ་འགའ་ཤས་བསྡད་དེ་ཁོང་དང་ཁུ་ཡེ་བུ་མོ་གཉིས་འཚོས་པས་ཁུ་ཚ་ཟླ་འོད་འབར་སྐུ་འཁྲུངས། ཡབ་ཀྱིས་བསམ་ཡས་ནས་གཏེར་གྱི་ཐེམ་བྱང་ཞིག་རྙེད་དེ་ཁུ་ཚ་ལ་གནང་། ཁུ་ཚ་དང་ཁོང་གི་གྲོགས་པོ་བན་དེ་མི་གཉིས་ཀྱིས་ཁྱེད་ལ་གཏེར་གྱི་ཐེམ་བྱང་འདུག་ངེད་གཉིས་གཏེར་འདོན་དུ་འགྲོ། ཆོས་རྙེད་ན་ང་དང་བོན་རྙེད་ན་ཁྱོད། ནོར་རྙེད་ན་ཕྱེེད་ཕྱེད་བགོ་ལབ་སྟེ་ལོ་གསུམ་ཙམ་རིང་གཏེར་འཚོལ། གཏེར་མ་རྙེད་ནས་བན་དེ་ཡིད་ཆད་དེ་ཕྱིར་ལོག ཁུ་ཚས་ཕ་བོང་ཞིག་ལ་གཟན་དམར་ཐོགས་ཡོད་པ་ཞིག་མཐོང་ནས་གཏེར་ཡོད་པར་སེམས་ཏེ་ས་བྲུས་ནས་འོག་ཏུ་བལྟས། དེར་སྒོ་བཞི་ཡོད་པས་གཤང་བཏགས་པ་ལས་བོན། དྲིལ་བུ་བཏགས་པ་ལས་ཆོས། གབ་ཙེ་ལས་རྩིས། གཙག་བུ་ལས་སྨན་སོགས་ཕ་བོང་སྡིག་རུ་ནས་གཏེར་མང་དུ་བཞེས། ཁུ་ཚ་ཟླ་འོད་མདུན་ནས་བར་སྒོམ་ཡེ་ཤེས་རྒྱལ་མཚན་དང་མགར་ནག་འབུམ་ཆུང་གཉིས་ཀྱིས་བོན་འགའ་ཞུས། མགར་ནག་གིས་ཁོང་གི་སྲས་མགར་སྟོན་ཁྲོ་རྒྱལ་ལ་གཏེར་སྒྲོ་རྣམས་བཅོལ། དེ་ནས་ཁུ་ཚ་ཟླ་འོད་སྐུ་གཤེགས་པའི་རྗེས་སུ་མགར་སྟོན་གྱིས་སྒྲོ་བ་ཁ་ཕྱེས་ཏེ་བལྟས་པས་བོན་གྱི་དངོས་གྲུབ་མགར་སྟོན་ཁྲོ་རྒྱལ་ལ་བབ། མགར་སྟོན་ཡབ་སྲས་ནས་ཁོང་གཉིས་ཀྱི་སློབ་མ་མདོ་གམ་ཇོ་སྟོན་ཤེས་རབ་ལ་སོགས་ལ་བརྒྱུད་པའོ། །
གསུམ། ལྷོ་ཤེལ་བྲག་མ།
   ལྡེ་གྱིམ་ཚ་རྨ་ཆུང་གིས་ཉང་ཡུལ་ནུབ་གླིང་ཤེལ་བྲག་ཅེས་པའི་ས་ཆ་རུ་གཏེར་སྲུང་ལྡོང་བཙན་དཀར་པོ་ལ་གཉེར་དུ་གཏད་དེ་སྦས། ཡུལ་གཉའ་ལུང་བྲག་ར་ནས་གཉེན་སྟོན་ཤེས་རབ་རྡོ་རྗེ་རྐང་པ་མཐིང་བས་མཉེན་འཐིང་ཞེས་ཀྱང་ཟེར། ཁོང་ཉིན་ཞིག་ར་ལུག་རྫི་བོར་ཕྱིན་པས་ཁོང་གི་གམ་དུ་འོད་གཅིག་ཕོག་དེ་དེད་ནས་སོང་བའི་བྲག་སྒོ་ཁུང་དོད་པ་ཞིག་མཐོང་དེར་བལྟས་པས་ཤི་འདུར། གསོན་འདུར། གཤེད་འདུར། གཏོ་ཡི་སྐོར། སྨྲང་གི་སྐོར་དང་ཕྱྭ་སྣང་འཕྲུལ་སྲིད་སོགས་སྲིད་པའི་བོན་སྡེ་མང་དུ་རྙེད། གཉེན་སྟོན་ཤེས་རབ་རྡོ་རྗེས་ར་སྒོམ་གཡུང་དྲུང་འོད་ཟེར། དེས་བྲུ་རྗེ་གཡུང་དྲུང་། དེ་ནས་བྲུ་སྟོན་ཉི་རྒྱལ། ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་སོགས་རིམ་གྱིས་བྲུ་ཚང་གི་བླ་རབས་ལ་བརྒྱུད་དེ་གཙོ་བོ་དར་རོ། །
བཞི། ལྷོ་བྲག་ཁོམ་མཐིང་མ།
   རྒྱལ་པོ་ཁྲི་སྲོང་རིང་བསྟན་པ་དར་ནུབ་སྐབས་སྙ་ཆེན་ལི་ཤུ་སྟག་རིང་གིས་ཁོམ་མཐིང་ལྷོ་ཁང་དུ་གཏེར་དུ་སྦས། ཡུལ་ལྷོ་བྲག་སྨན་ཐང་དུ་ཡབ་བཞེད་སྟོན་ལྷ་ཐོ་དང་ཤཀྱ་ལྕམ་གཉིས་ཀྱི་སྲས་བཞེད་སྟོན་དངོས་གྲུབ་གྲགས་པ་ཞུ་བ་ཁོང་གིས་གཏེར་བདག་གི་ལུང་ལྟར་ལྷོ་བྲག་ཁོམ་མཐིང་ནས་ཁྲི་སྲོང་གི་གསེར་སྒ་སེང་ལྡིང་། གསེར་སྲབ། གཡུ་མཐུར་དང་བོན་སྡེ་བསྒྲགས་པ་སྐོར་གསུམ་སོགས་གཏེར་མང་དུ་བཞེས། ཁོང་ཆུང་དུས་སྐྱི་མཁར་རི་ཞིང་དུ་ཞུ་བླ་མང་པོ་མདུན་ནས་སློབ་གཉེར་ཚུལ་བཞིན་བསྐྱངས་ཏེ་མཁས་པའི་སྙན་པ་འབར་བ་བྱུང་། དེ་རྗེས་མཁར་ཆུ་བྲག་ལ་དགོན་པ་བཏབ་སྟེ་གྲྭ་པ་འགའ་ཤས་ལ་བོན་འཆད་ཉན་བཟོས་ཏེ་བཞུགས། གཏེར་སློབ་གཙོ་བོ་ལ་ཐུགས་སྲས་བཞི་དང་མཁས་བཙུན་བཞི་སོགས་བྱུང་། དེ་དག་ནང་ནས་སློབ་མ་གྲགས་ཆེ་བ་རྒྱ་སྟོན་ཇོ་ལྡེ་བྱ་བ་ཡིན། དེར་བླ་མ་གནམ་ལྕགས་ཀྱིས་ཞུས། དེར་གཡོ་སྟོན་ལྷུན་འགྲུབ་དཔལ་གྱིས་ཞུས་ཏེ་དར་རོ། །
དབུས་གཏེར།
གཅིག ལྷ་སའི་ཡར་རྫོང་མ།
   རྒྱལ་ཁྲི་སྲོང་གི་དུས་སྐབས་སུ་དག་པོ་དྲན་པ་ནམ་མཁའ་དང་བེ་རོ་ཙ་ན་གཉིས་ཀྱིས་རྒྱ་གར་བོན་སྐོར་མང་པོ་བསྟན་པ་མི་ནུབ་པའི་ཕྱིར་དུ་ལྷ་ས་བྲག་ཡེར་པའི་རྫོང་ལ་གཏེར་སྲུང་བསམ་ཡས་བྲག་བཙན་དམར་པོ། དུར་བདག་ནག་པོ། ཀླུ་མོ་དཀར་མོ་གསུམ་ལ་གཉེར་དུ་གཏད་དེ་སྦས། ཕྱིས་སུ་གཙང་གི་བན་དེ་སུམ་པ་དབང་ཚུལ། འབྲེ་ཚུལ་སེང་། གཅེར་བུ་དབང་ཕྱུག་གསུམ་བསམ་ཡས་སུ་ཆོས་གཏེར་འཚོལ་དུ་ཕྱིན་པས་མ་རྙེད། ལྷ་ས་ཡེར་པའི་རྫོང་ལ་བཙལ་བས་བོན་གཏེར་རྙེད་ཀྱང་མ་འདོད་པར་བླ་མ་ལུང་སྟོན་ལྷ་འབར་ལ་ཕུལ། 《དར་རྒྱས་གསལ་སྒྲོན》ནང་(བན་དེ་མི་གསུམ་གྱིས་གཏེར་བདག་མ་མཆོད་པར་གཏེར་སྒོ་ཕྱེས་པས་བཙན་གཟེར་གྱིས་གྲོངས་ཏེ་གཏེར་ཤོག་རྣམས་བླ་མ་ལུང་སྟོང་ལ་བབ་ཞེས་འཁོད།) གཏེར་བོན་གཙོ་བོ། བོན་ཉིད་སྙིང་པོ་བདལ་པའི་འབུམ་དུམ་པ་བརྒྱད། མངོན་རྟོགས་རིག་པའི་རྩེ་མོ་འབུམ་དུམ་པ་བཅུ། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་རྩ་འགྲེལ་བཅས་མང་ངོ་། ། བླ་མ་ལུང་སྟོན་ལྷ་འབར་ལ་གྱེར་དབང་གྲུབ་ཀྱིས་ཞུས། དེར་གྱེར་སྟོན་ནམ་གཡུང་གིས་ཞུས། དེར་ལུང་བོན་ལྷ་གཉེན་གྱིས་ཞུས་ཏེ་དར་རོ།  །
གཉིས། བསམ་ཡས་ཅ་ཏི་མ།
   སྙ་ལི་ཤུ་སྟག་རིང་དང་བ་གོར་བེ་རོ་གཉིས་ཀྱིས་བསམ་ཡས་ལྷོ་ནུབ་ཁྲི་དང་དུར་ཁྲོད་གླིང་སྲིན་པོའི་ཁ་གནོན་ཅ་ཏི་སྒོ་མང་མཆོད་རྟེན་འོག་ཏུ་གཏེར་བདག་པོམ་ར་ལ་བཅོལ་དེ་སྦས། ཐོན་ལུགས་ནི་མཆོད་རྟེན་ཞིག་གསོ་བྱེད་སྐབས་སོ་ཕག་གོག་ནས་བོན་གྱི་ཤོག་དྲིལ་འགའ་ཤས་དོན་པས་མ་འདོད་པར་མེ་ལ་སྲེག་གྲབས་བྱས་ཀྱང་མ་རུང་པའི་ལྟས་མང་དུ་ཤར་ནས་མ་སྲེག་པར་ལྷ་ཁང་གི་རྒྱབ་ཕྱོགས་སུ་སྦས། རྗེས་སུ་ཏྲི་རྒྱ་ར་ཙ་དང་སད་ཀུ་རིན་ཆེན་གྲགས་གཉིས་ཀྱིས་རྙེད་དེ་ནུབ་མོ་རྟ་ལ་བཀལ་ནས་རྐོང་པོ་བརྒྱུད་དེ་ཁམས་ཀྱི་ལྷོར་ཕྱིན་ནས་གླང་གི་སུམ་པ་གཏོ་སྟོན་དང་འཕྲད་ནས་བཟའ་རྒྱུ་དང་བརྗེས་ཏེ་གཏེར་སྒྲོམ་ཁོང་ལ་ཕུལ་ནས་རིམ་གྱིས་དར་བའི་བོན་རྣམས་སོ།  །ད་དུང་དབུས་གཏེར་གྱི་ཁོངས་གཏོགས་ལ་དྲང་རྗེ་བཙུན་པས་བསམ་ཡས་ཧས་པོ་རི་འདབས་ཀྱི་དུར་ཁྲོད་ནས་བཏོན་པའི་མདོ་གཟེར་མིག་ལ་སོགས་དང་བསམ་ཡས་བཀའ་ཁོལ་ནས་བླ་མ་དབྱིབས་སྒུར་པས་ཐོན་པའི་བོན་སྡེ་སོགས་ཡོད།
ཁམས་གཏེར།
   འབྲུག་རི་ཁྱུང་མགོ་ནས་མཁས་པ་བན་ཆུང་གིས་གཏེར་བཞེས་པའི་བོན་སྡེ་དང་བྱ་རྒོད་བྲག་དཀར་ནས་སྤྲུལ་སྐུ་སྤྱང་འཕགས་ཀྱིས་ལེན་ཏེ་ཤར་པ་རྣམ་འབྱོར་ལ་བརྒྱུད་པའི་བོན་གཏེར། པོམ་ར་ནས་དྲང་སྒོམ་གཏིང་གསས་ཀྱིས་ཐོན་པའི་བོན་གཏེར་སོགས་འདུག  འདི་དག་ཞིབ་ཕྲ་འཁོད་པའི་ཡིག་ཆ་ལག་སོན་མ་བྱུང་བས་འདི་ཙམ་གྱིས་འཐུས་པར་བྱའོ། །
གཏེར་གསར།
གཏེར་གསར་གྱི་ཁོངས་སུ་དྭང་ར་ཁྱུང་རྫོང་བྲག་ནས་གྱེར་མི་ཉི་འོད་ཀྱིས་ལུང་བསྟན་བཞིན་རྨ་སྟོན་སྲིད་འཛིན་གྱིས་བཏོན་པའི་བོན་གཏེར་དང་ད་དུང་ཞལ་བཟང་བྲག་རྩ་དང་ཟང་ཟང་ལྷ་བྲག་ནས་ཡབ་དབྱིལ་བོན་རྡོ་རྗེ་སེང་གེ་དང་ཡུམ་རྒྱ་གར་གསལ་སྒྲོན་གཉིས་ཀྱི་སྲས་དབྱིལ་ཁྱུང་རྒོད་རྩལ་གྱིས་གཏེར་ནས་བཞེས་པའི་བོན་སྡེ་སོགས་ཡོད། དབྱིལ་སྟོན་ཁོང་ལ་སློབ་མ་ཧ་ཅང་མང་ཡང་སྨད་དུ་དར་བར་བྱེད་པ་འ་ཞ་བློ་གྲོས་རྒྱལ་མཚན་དང་བྲུ་འདུལ་བ་རྒྱལ་མཚན་གཉིས། སྟོད་དུ་དར་བར་བྱེད་པ་སྤ་མཁན་གཡུང་དྲུང་སེང་གེ་དང་སྤ་སྟོན་རྒྱལ་བ་ཤེས་རབ་གཉིས་ཏེ་བྲུ་དང་སྤ་ལ་གཙོ་བོ་བརྒྱུད་དེ་དར་འདུག ད་དུང་ཡར་ལྷ་ཤམ་པོ་ནས་རྨ་སྟོན་ཤེས་རབ་སེང་གེ་དང་རྟ་ནག་དུང་ཕུར་ནས་གཏེར་སྟོན་གུ་རུ་རྣོན་རྩེས་གཏེར་ནས་བཞེས་པའི་བོན་སྡེ་སོགས་ཡོད།
 མཇུག་གཏམ།
   བོན་བསྟན་ཕྱི་དར་སྐབས་གཏེར་སྟོན་ཐོག་མ་ཨ་ཙ་ར་མི་གསུམ་གྱིས་བོན་གཏེར་རྙེད་པ་ནས་བཟུང་གཏེར་མ་ཞེས་པ་གང་སར་དར་ཁྱབ་ཆེན་པོ་བྱུང་ནས་གཏེར་སྟོན་པ་བསམ་གྱིས་མི་ཁྱབ་པ་བྱོན་རུང་དེའི་ནང་ནས་བསྟན་པ་ལ་མཛད་རྗེས་ཆེ་ཤོས་དང་བག་ཆགས་ཟབ་ཤོས་ནི་གཤེན་གྱེར་རྨ་དབྱིལ་དང་ཁུ་གཉེན་བཞད་གསུམ་སོགས་ཡིན། རྩོམ་པ་པོ་རང་གིས་རང་འདོད་དང་རྟོག་བཟོའི་རྡུལ་ཙམ་ཡང་མ་བསླད་པར་གཏེར་མ་སྐོར་གང་འཁོད་པའི་ལོ་རྒྱུས་ལ་གཞི་བཟུང་དེ་རང་གིས་ཤེས་པ་དག་དངུལ་བུམ་ཆུས་བཀང་བ་བཞིན་གསལ་བར་བཤད་ཡོད། ད་དུང་འདིའི་སྐོར་མ་འཁོད་པའི་བོན་གཏེར་ཡན་ལག་ལོ་རྒྱུས་ཧ་ཅང་མང་པོ་འདུག་པས་ཡིག་ཚོགས་མང་བར་དོགས་ནས་འདི་ཙམ་གྱིས་མཇུག་བསྡུ་བའོ།  །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།