དུས་རབས༧-༩པའི་བར་གྱི་རྒྱལ་བློན་ཁྱིམ་རྒྱུད་ཁག་གི་རུས་མིང་གི་བྱུང་འཕེལ་ལ་ཅུང་ཙམ་དཔྱད་པ།

[ཟླ་ཚེས། 2020-04-26 21:17:09][རྩོམ་པ་པོ། པད་མ་དོན་གྲུབ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

(Pelliot Tibetan1287སྟེང་གྲི་གུམ་བཙན་པོར་མཚན་བཏགས་ལུགས།)

  【གནད་བསྡུས།】དཔྱད་རྩོམ་འདིར་བོད་མིའི་བླའི་འདུ་ཤེས་ཁྲོད་རུས་དང་མིང་གི་བྱུང་འཕེལ་བརྗོད་པ་དང་། ལྷར་ཡང་རུས་དང་མིང་དེ་ཚོ་བ་ག་གེ་མོ་ནས་མི་སྒེར་གྱི་མིང་དུ་གྱུར་ཚུལ། སྒོས་སུ་དུས་རབས་བདུན་པ་ནས་དགུ་པའི་བར་གྱི་བོད་བཙན་པོའི་རྒྱལ་བློན་བཙུན་མོ་དག་གི་མིང་འདོགས་སྟངས་དང་། སྐབས་དེར་དགོས་པ་ག་འདྲ་ཞིག་གི་འོག་ཞང་ཞུང་སྐད་ཀྱི་མཚན་གསོལ་ཚུལ་སོགས་ལ་དཔྱད་པ་ཕྲན་ཙམ་བཏང་ཡོད།

  【གནད་ཚིག】 བླ། རུས། མིང་། ཞང་སྐད།

དང་པོ། བོད་གནའ་རབས་དུས་ཀྱི་རུས་མིང་གི་བྱུང་འཕེལ།

  མིའི་ཤེས་རིག་གོང་དུ་འཕེལ་བ་ལས་ཚོ་བ་དང་ཚོགས་པ་ལ་བརྟེན་ཏེ་རང་བྱུང་ཁམས་ཀྱི་འཇིག་པ་ལས་བགྲོད་བར་ཐུན་མོང་གི་སྟོབས་ཤུགས་འོག་རང་སྐྱ་འཕེལ་བའི་འཚོ་བ་རོལ་མགོ་བརྩམས། དེ་ནས་སོ་སོར་ངོས་འཛིན་གྱི་མིང་རེ་བྱུང་ཞིང་དེ་ནི་རྒྱུ་མཚན་མེད་པར་འདོད་རྒྱལ་ཙམ་མ་ཡིན་པར་མིང་དེ་དག་གི་ཁྲོད་མི་རྣམས་ཀྱིས་རང་བྱུང་ཁམས་ལ་བཟུང་པའི་འདུ་ཤེས་ཟབ་མོ་མཚོན་ཡོད། དེ་ཡང་བླའི་འདུ་ཤེས་ནི་འཛམ་གླིང་གི་མི་རིགས་མང་པོའི་གདོད་མའི་དད་མོས་ཀྱི་ཕྱི་མོ་ཡིན་ཞེས་རིག་པ་སྨྲ་བ་ཀུན་ཁ་མཐུན་ཞིང་། བླ་ནི་བོད་མིའི་རུས་མིང་གི་བྱུང་འཕེལ་དང་འབྲེལ་བ་ཟབ་མོ་ཡོད་དེ། “གཉེན་ཉེ་དང་མེས་པོ། སྲུང་མ། རུས་རྟགས་བཅས་ཀྱི་བདག་ཉིད་ཅན” (1) ཡིན་ཞེས་ཤར་ནུབ་མི་རིགས་ཀུན་གྱི་རིག་གནས་ལས་མཐོང་ཐུབ། ལྷག་ཏུ་བོད་ལ་མཚོན་ན་སྔ་མོའི་དུས་ནས་བྱུང་ཡོད་པ་མ་ཟད། བླའི་མིང་དེ་རུས་རྒྱུད་ཚོ་བའམ་མིའི་མིང་དུ་འདོགས་པའི་སྲོལ་ཡང་བྱུང་ཡོད་བས་འདིར་བོད་མིའི་རུས་མིང་བྱུང་འཕེལ་ཏེ་དུས་རིམ་མི་འདྲ་བ་དུ་མར་དགར་ནས་ཅུང་ཙམ་སྤྲོས་ན།

གཅིག བླའི་འདུ་ཤེས་སྟེང་རུས་བྱུང་པའི་གོ་རིམ།

  གདོད་མའི་སྤྱི་ཚོགས་ནི་མིས་ཐོག་མར་རང་བྱུང་ཁམས་ལ་ངོས་འཛིན་གྱི་དུས་རིམ་ཡིན་ལ་བོད་མིའི་ཤེས་རིག་ལ་མཚོན་ནའང་འཛམ་གླིང་གི་མི་རིགས་གཞན་དང་མཚུངས་པར་མྱུ་གུའི་དུས་རིམ་དུ་སླེབས་ཡོད། དུས་རིམ་འདིར་མིས་རང་བྱུང་གི་གཟའ་སྐར་འཁོར་འགྲོས་ཀྱི་སྣང་ཚུལ་དང་ནམ་ཟླའི་འགྱུར་བ་སོགས་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་བྱེད་པའི་ནུས་པ་དབེན། དེར་བརྟེན་འཇིག་རྟེན་གྱི་སྣང་ཚུལ་སྣ་ཚོགས་ལ་རྨོངས་ཚོད་ཀྱི་དད་མོས་བྱེད་ཅིང་ནུས་སྟོབས་ཅན་གྱི་དངོས་པོ་དང་སྲོག་ཆགས་ག་གེ་མོར་དེའི་འཇིག་པ་ལས་སྐྱོབ་བྱེད་ཀྱི་ནུས་པ་ཡོད་པར་བསམ་པའི་འདུ་ཤེས་བྱུང་ཞིང་། འདུ་ཤེས་དེར་དེང་དུས་ཀྱི་ཞིབ་འཇུག་པ་དག་གིས“བླའི་འདུ་ཤེས”ཞེས་ཟེར་ལ་དེ་ནི་རྒྱུན་པར་སྲོག་ཆགས་ཀྱི་གཟུགས་སམ་ཁྱད་མཚར་གྱི་དངོས་པོའི་གཟུགས་སུ་སྣང། རང་རེའི་བོད་ཀྱང་འཛམ་གླིང་གི་མི་རིགས་གཞན་དང་འདྲ་བར་ཐོག་མར་རྔོན་ལས་ལ་བརྟེན་ཞིང་། རང་བྱུང་ཁམས་ཆེན་མོར་འབྲེལ་འདྲིས་ཁྲོད་རང་བྱུང་གི་གནོད་འཚེ་དང་གཅན་གཟན་གྱི་འཇིག་པ་སོགས་གཡོལ་ཕྱིར་རིགས་གཞན་ལ་སྐྱབས་བཅོལ་གྱི་འདུ་ཤེས་བྱུང་སྟེ་འབྲོང་དང་སྤྱང་ཀིདོམ།ཤྭ་བ་སོགས་ནུས་སྟོབས་ཅན་ནམ་སྲོག་ཆགས་དག་རང་གི་གྲོགས་སུ་བཀུག་ནས་རང་ལ་སྲུང་སྐྱོབ་བྱེད་པའམ། སྤོབས་པ་དང་མི་མངོན་པའི་སྟོབས་ཤུགས་བསྩོལ་བར་རེ་སྨོན་བྱེད། དེ་དག་རིམ་བཞིན་བླ་ཟོག་ཏུ་བཀུར་ཞིང་རུས་རྟགས་སུ་བྱས་ཏེ་རུས་རྒྱུད་ཚོ་བའི་ཁྱད་པར་དབྱེ་བ་ཡིན།བླ་ཟོག་དེ་དང་རང་གི་མེས་པོའི་འདུ་ཤེས་གཉིས་མཉམ་དུ་བསྲེས་ཏེ་མེས་པོ་ལྟར་བཀུར་ཞིང་ནམ་རྒྱུན་རང་ལ་སྲུང་སྐྱོབ་དང་གྲོགས་བྱེད་པའི་སྲུང་མ་ལྟ་བའི་འདུ་ཤེས་ཤིག་ཀྱང་བྱུང་བ་རེད། དཔེར་ན“ཤེས་རིག་གི་འབྱུང་ཁུངས་དེ་མིའི་ངོས་འཛིན་དང་། སེམས་ཁམས། རང་བྱུང་། སྤྱི་ཚོགས་བཅས་ཕྱོགས་སོ་སོ་དང་འབྲེལ་ཡོད་ལ། དེའི་འཕེལ་རིམ་གྱི་ཐད་ནས་དང་ཐོག་རང་བྱུང་ལ་མཆོད་པ། དེའི་རྗེས་བླ་དང་མེས་པོར་མཆོད་པ། དེ་ནས་རིགས་རྒྱུད་མཚོན་པའི་དངོས་པོར་མཆོད་པ་དང་། གནམ་ལྷར་མཆོད་པ་སོགས་བྱུང་།”(2)ཞེས་པ་ནང་བཞིན་བླ་ནི་མེས་པོ་དང་རིགས་རྒྱུད་མཚོན་པའི་དངོས་པོའམ་སྲོག་ཆགས། གནམ་ལྷ་སོགས་ཀྱི་སྣང་བརྙན་ལྟ་བུ་ཡིན་པས། བླ་ཟོག་ལ་བརྟེན་ནས་རུས་རྒྱུད་མི་འདྲ་བའི་ཁྱད་པར་མཐོང་བའང་སྔ་མོ་ནས་བྱུང་བ་ལོ་རྒྱུས་ཡིག་ཚང་དུ་གསལ་ཏེ། དབུ་ནག་མིའུ་འདྲ་ཆགས་སུ “སྐྱང་དང་གླང་དང་ལྡང་དང་གསུམ། །འབྲི་གཡོས་བཟུང་བའི་ལོ་ཕྲོ་བཞི། །”(3)ཞེས་དང་། རུས་མཛོད་མེ་ཏོག་སྐྱེད་ཚལ་དུ་“སྔོན་བོད་འདིར་རུས་ཆེན་ལྔ་བྱུང་བ་ནས་བཟུང་རང་རང་གི་བླ་ཟོག་དེ། ལྡོང་གི་ཤ་བ། འབྲིའི་གཡག སྦྲའི་རྐྱང་། སྒའི་ལུག སྒ་ནི་ཤིང་ཁམས་ལུག་ལ་བླ། །སྒོ་ནི་མེ་ཁམས་ར་ལ་བླ། །ལྡོང་ནི་ས་ཁམས་ཤ་བར་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །འབྲི་ནི་ཆུ་ཁམས་གཡག་ལ་བླ། །”(4)ཞེས་བློ་ཟོག་དེ་རིམ་བཞིན་རུས་རྒྱུད་ཚོ་བའི་མིང་དུ་འཕོ་འགྱུར་བྱུང་ཡོད། 

གཉིས། རུས་རྒྱུད་ཚོ་བའི་མིང་ནས་སྒེར་གྱི་མིང་དུ་འཕོ་འགྱུར་བྱུང་བ།

  དེ་ཡང་སྔོན་མར་འཚོ་བའི་དགོས་དབང་གིས་མཉམ་དུ་ཐོན་སྐྱེད་བྱེད་པའི་མི་རྣམས་ནང་ཁུལ་དུ་འཐབ་འཛིང་དང་འཁྲུག་པ་མེད་ཕྱིར་རང་སོ་སོའི་བཀུར་བའི་བླ་ཟོག་གི་མིང་དེ་ཚོ་བའི་མིང་དུ་བཀོལ་སྤྱོད་བྱས་ཤིང་།བླ་ཟོག་མི་འདྲ་བའི་ཚོགས་ཁག་ཕན་ཚུན་བར་འབོད་པའི་མིང་མི་འདྲ་བས་རུས་རིགས་མི་གཅིག་པའི་འདུ་ཤེས་འཛིན་གྱིན་ཡོད། དེ་ནས་རིམ་བཞིན་སྤྱི་ཚོགས་ཐོན་སྐྱེད་གོང་དུ་འཕེལ་བ་དང་བསྟུན་ནས་མི་སྒེར་གྱིས་ཐོན་སྐྱེད་བྱེད་མགོ་ཚུགས། མི་སྒེར་སོ་སོར་དབང་པའི་མིང་གི་དགོས་པ་བྱུང་། དེ་ལྟར་རུས་རྒྱུད་དམ་ཚོ་བའི་མིང་དེ་མི་སྒེར་གྱི་རུས་སུ་བཏགས་ཤིང་རྗེ་སུ་མིང་སྦྱར་བའི་སྲོལ་བྱུང་། མིའི་མིང་ལ་རུས་དང་མིང་གཉིས་ཀ་སྦྱར་བའི་སྲོལ་ནི་བོད་བཙན་པོའི་རྒྱལ་རབས་མ་འཇིག་པའི་བར་དུ་གནས་ལ། དེའི་བར་ལ་བོད་མིས་གདུང་རུས་དེད་ནས་མིང་འདོགས་པ་ཡིན།ཕྱིས་སུ་བོད་སིལ་བར་ཐོར་རྗེས་ཡུལ་གྲུ་སོ་སོའི་ཡུལ་སྲོལ་གོམས་གཤིས་ཀྱི་རྐྱེན་གྱིས་མིང་འདོགས་ཚུལ་ཡང་སྣ་མང་ཕུན་སུམ་ཚོགས་པར་གྱུར།རང་རེའི་བོད་ལ་རིགས་རུས་ནན་ཏར་གཙིགས་ཆེ་བས་རུས་ཀྱི་བྱུང་བའང་ཤུན་ཏུ་གསལ་ཞིང་རུས་ཀྱི་ངེས་འཛིན་ནི་མིང་ལས་ལྷག་པ་ཡིན། དེ་ལྟར་རུས་ལ་མཚོན་ན་སྦྱིར་རུས་ཆེན་བཞི་དང་དྲུག་ཞེས་བཞེད་པ་མི་མཐུན་པ་མང་མོད།བོན་གྱི་ཡིག་རྙིང་《དབུ་ནག་མིའུ་འདྲ་ཆགས》སུ་མིའུ་གདུང་དྲུག་སྟེ་“སྨུག་པོ་ལྡོང་།སེ་ཁྱུང་དབྲ།ཁྲི་གཟི་འགྲུདམུ་ཚ་སྒདབའ་ལྡ།”(5)བཅས་བཀོལ་ཡོད།གཞན་ཡང་རྒྱལ་དབང་ལྔ་བ་ཆེན་མོའི་རྒྱལ་རབས་གསལ་བའི་མེ་ལོང་དང་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་རིགས་རུས་དྭངས་མ་དྲུག་ཆད་པ་དང་།བསེ་རྨུ་སོགས་མིའུ་གདུང་དྲུག་བྱོན།དེ་ནས་རིམ་བཞིན་རུས་ཆེན་བཅོ་བརྒྱད་དུ་གྲགས་པ་བྱུང་ཞེས་བོད་ཀྱི་ཐོག་མའི་རིགས་རུས་མཆེད་ཁུངས་དང་རུས་ཀྱི་དབྱེ་བ་གསལ་ལོ། །ཕྱིས་སུ་སངས་རྒྱུས་ཆོས་ལུགས་དར་སྤེལ་བྱུང་བ་དང་བསྟུན་ནས་རུས་ཀྱི་སྦྱོར་ལུགས་ཕལ་ཆེར་ཉམས་དམས་སུ་གྱུར།

  བོད་རང་གི་མིའི་མིང་འདོགས་ལུགས་ནི་དུས་ནམ་བྱུང་བ་མ་ངེས་མོད།དབང་མཛད་བཅུ་གཉིས་དང་རྒྱལ་ཕྲན་སིལ་མའི་དུས་སུ་མིང་ཡོད་པ་ཤེས་ཏེ།རྒྱུ་མཚན་ནི་མངའ་མཛད་བཅུ་གཉིས་ནི་མི་མ་ཡིན་ནམ་འབྱུང་པོ་ཡིན་ཞེས་ཆོས་འབྱུང་དག་ལ་གསལ་ཡང་དོན་ལ་གདོད་མའི་དུས་ཀྱི་སྲུང་མའམ་བླ་རུ་བཀུར་བ་དག་རྗེའི་མིང་དུ་ཐོགས་པ་ལ།མིའི་མིང་ཡང་ལྷ་སྲིན་ནམ་བླ་རུ་བཀུར་བ་དག་གི་མིང་ཟུར་ཆགས་ནས་བཏགས་པ་ཤེས།དབང་མཛད་བཅུ་གཉིས་དང་རྒྱལ་ཕྲན་སིལ་མའི་དུས་སུ་མིང་བྱུང་ཡོད་པ་ནི་གཉའ་ཁྲི་བཙན་པོའི་རིགས་རུས་མཆེད་ཁུངས་ལས་ཀྱང་ཅུང་ཙམ་རྟོགས་ནུས་ཏེ།གཉའ་ཁྲི་བཙན་པོའི་མཚན་ལ་འོ་ལྡེ་སྤུ་རྒྱལ་ཞེས་《བཀའ་ཆེན་བཀའ་ཁོལ་མ》རུ་གསལ།གཞན་ཡང་སྤུ་རྒྱལ་ཞེས་པའི་ཐ་སྙད་འདི་ལས་གཉའ་ཁྲིའི་གོང་ནས་རུས་དང་མིང་གི་འདོགས་སྟངས་ཡོད་པ་རྟོགས་ནུས་ལ།རུས་དེ་ཡུལ་མིང་ལ་ཡང་ངོས་འཛིན་པ་ཤེས།གཉའ་ཁྲི་བཙན་པོ་ནས་བཙན་པོ་རིམ་བྱོན་ལ་སྐུ་གཤེན་ཡོད་དེ།བཙན་པོ་སྐུ་འཁྲུངས་པའི་ཚེ་སྐུ་གཤེན་གྱིས་སྐུ་ཁྲུས་གསོལ་བ་དང་ཞང་ཞུང་སྐད་ཀྱི་མཚན་ཡང་གསོལ་བ་ཡིན། དེ་ལ་དགོས་པ་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་སྲིད་པས་ལེའུ་རྗེས་མར་ཞིབ་པར་དཔྱད་དོ། །

གཉིས་པ། དུས་རབས་བདུན་པ་ནས་དགུ་པའི་བར་གྱི་རྒྱལ་བློན་བཙུན་མོའི་མིང་འདོགས་སྟངས།

  དུས་རབས་བདུན་པ་དང་དགུ་པ་ནི་བོད་བཙན་པོའི་སྤྱི་ཚོགས་དར་རྒྱས་ཡང་རྩེར་སོན་ཞིང་། ཆབ་སྲིད་དཔུང་སྟོབས་དང་རྒྱལ་ཁམས་རྒྱ་བསྐྱེད་པའི་གནས་ཚུལ་སོགས་ལ་གཞིགས་ཚེ་བཀས་བཀོས་རྒྱུད་འཛིན་སྤྱི་ཚོགས་སུ་སླེབས་ཡོད། དེ་མཚུངས་སུ་བོད་ཀྱི་བཙན་པོ་རིམ་བྱོན་དང་བློན་བཙུན་མོ་དག་གི་མཚན་གྱི་ཁྲོད་འོ་དང་སྤུ། བཙན། ལྡེ། ཁྲི་སོགས་བྱུང་ཞིང་། དེ་དག་གི་གོ་དོན་ནི་མཁས་དབང་ནམ་མཁའི་ནོར་བུས་“གཉའ་ཁྲི་བཙན་པོའི་མཚན་གྱི་རྣམ་གྲངས་ཏེ་འོ་ལྡེ་སྤུ་རྒྱལ་ཞེས་པ་ནི་རྒྱལ་ཕྲན་སིལ་མའི་དུས་སུ་བོད་ཀྱི་བཙན་པོར་མ་བཀུར་བའི་སྐབས་ཀྱི་མཚན་ཡིན་པར་གསུངས་ཤིང་། དེ་ཡང་“འོ”་ཞེས་པ་ནི་གནའ་དུས་སྤུ་བོད་ཀྱི་བཙན་པོ་དག་ལ་སྲས་འཁྲུངས་པའི་ཚེ་བཙན་པོའི་སྐུ་གཤེན་གྱིས་ལྷ་བསང་ཕུད་དེ་འོ་ཆབ་ཀྱིས་ཁྲུས་གསོལ་ཞེས་བཙན་པོར་འོ་མས་ཁྲུས་གསོལ་བའི་ཆ་ནས་བཏགས་པ་དང་། “ལྡེ”་ནི་ལྡེའུ་དང་གཟུགས་འདྲ་བ་དང་སྒྲའང་ཉེ་བས་ཕྱིར་ན་གནའ་བོའི་བོན་བསྟན་དང་འབྲེལ་གནའ་བོའི་བོན་སྒྲུང་ལྡེའུ་གསུམ་གྱི་ལྡེའུ་འཕྲུལ་དུ་གྲགས་པ”(6) ཡིན་ཞེས་གསུངས་ལ།“གཉའ་ཁྲི་བཙན་པོ་ཡུལ་སྤོ་བོར་སླེབས་དུས་བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་མཐོང་ཞིང་གཞན་དང་མི་མཚུངས་པའི་ཁྱད་ཆོས་མང་དུ་ལྡན་པ་དང་གནམ་ལ་མཛུབ་མོ་གེར་བས་ལྷས་བསྩལ་བའི་རྗེ་པོར་དགོངས་ནས་གཉའ་བར་ཁྲི་བྱས་ཏེ་གནད་དྲངས་པས་གཉའ་ཁྲི་ཞེས་གསོལ།”(7)ཞེས་སྤུ་ཞེས་པ་ནི་གཉའ་ཁྲི་བཙན་པོའི་ཡུལ་སྤོ་བོའི་མིང་ཟུར་ཆགས་པ་དང་ཕྱིས་སུ་གཉའ་ཁྲི་བཙན་པོའི་མཚན་ལ་ཆགས། “ཁྲི”་ནི་རྒྱལ་པོའི་མཚན་གྱི་མགོར་སྦྱར་བ་ལ་བོན་བསྟན་དང་ནང་ཆོས་ཀྱི་འགྲེལ་ལུགས་སོགས་མང་ཡང་ཆབ་སྲིད་ཀྱི་གོ་གནས་དང་ཐོབ་སོགས་ལ་གོ་ནའང་འགལ་བ་མེད་པར་སེམས། གཉའ་ཁྲི་བཙན་པོ་ནས་བཙན་པོ་རིམ་བྱོན་གྱིས་མཚན་གྱི་ཐོག་མར་རུས་སྦྲེལ་བའི་སྲོལ་མེད་པ་དང་། གཉའ་ཁྲི་ནས་བོད་རྒྱལ་གདུང་རབས་རིམ་བྱོན་ལ་ཕ་མིང་སྦྲེལ་བའི་སྲོལ་བྱུང་ཡོད། ཡང་“ལྡེ”་ཞེས་པ་ཕྱི་ནས་བྱུང་བའི་སའི་ལྡེ་བརྒྱད་ཀྱི་མཚན་ཟུར་དུ་བཏགས་པ་མ་ཟད་བསྟན་བཅོས་དང་མཁས་པའི་མཚན་ལ་བཏགས་པའང་ཡོད། “ཁྲི”་ནི་བཙན་པོ་ཕྱི་མ་དག་གི་མིང་གི་མགོ་དང་བར་དུ་བཅུག་པའང་མང་པོ་ཡོད་པའི་ཁར། བཙན་པོའི་རྒྱལ་རབས་ཐོར་རྗེས་ཀྱང་ཆབ་སྲིད་མངའ་མཛད་དག་གིས་སྔར་བཞིན་སྤྱད་པ་ལས་ཀྱང་ཁྲིའི་གོ་དོན་ནི་གོ་ཐོབ་སོགས་ལ་གོ་བའང་མཚོན་ནུས། གཞན་ཁྲི་ནི་བླའམ་ལྷ་རུ་བཀུར་བའང་བཤད་དེ། རྒྱལ་པོ་སྟེ་ལྷའི་སྲས་མིའི་རྗེ་པོར་གཤེགས་པས་དམངས་ཡོངས་ཀྱིས་གོང་བཀུར་བྱེད་ཅིང་། དེར་ལྷ་ཞེས་འབོད་པའང་རྒྱལ་ཁབ་དང་མི་རིགས་ཀྱི་ཡོངས་ཁྱབ་རིན་ཐང་ངམ་ཆིག་སྒྲིལ་གྱི་ཐད་ནས་བསམ་བློ་བཏང་པ་ཡིན།

  གཉའ་ཁྲི་བཙན་པོའི་མིང་གི་མགོར་རུས་དངོས་སུ་མེད་ཀྱང《ཆོས་འབྱུང་མཁས་པའི་དགའ་སྟོན》ལས “ཐུགས་རྗེས་ས་སྟེང་གཤེགས་ཏེ་མི་རྗེ་མཛད། །འདི་ལ་བསྒྲགས་པ་བོན་ལུགས་ཞེས་གྲགས་ཀྱང་། །ཕྱྭ་དང་གནམ་ལ་དགའ་ཞིང་བླུན་པ་ཡི། ། བོད་ཡུལ་གནའ་མི་སྤྱི་མཐུན་གཟུང་ཕྱིར་བསྟན། །” (8)ཞེས་རུས་ནི་ཕྱྭ་ཡིན་པ་རྟོགས་ནུས། གཞན་གཉའ་ཁྲི་ནས་སྲིབས་ཁྲི་བཙན་པོའི་བར་ཡུམ་གྱི་མཚན་ལས་ཡི་གེ་གཅིག་བྱུང་བ་དཔེར་ན་“ཡུམ་གྱི་མཚན་གནམ་མུག་མུག་ཟེར། །དེ་ལས་སྐྱེས་པ་མུག་ཁྲི་བཙན་པོ། །དེ་བཞིན་དུ་ས་དིང་དིང་། །སོ་ཐམ་ཐམ། །དོག་མེར་མེར། །གདགས་ལྷ་དཀར་མོ། །སྲིབས་ལྷ་སྔོན་མོ་རྣམས་ཡུམ་ཡིན་པས་སོ་སོའི་མཚན་བཏགས་ཀྱང་གྲགས་གོ །”(9)ཞེས་པ་ལས་མའི་མིང་མཚན་གྱི་ཐོག་མར་བྱུང་བ་ནི་སྤྱི་ཚོགས་བྲལ་རིམ་གྱི་ཤུགས་རྐྱེན་ཏེ་མ་རྒྱུད་རུས་རྒྱུད་གྱི་ཤུགས་རྐྱེན་ཅུང་ཙམ་སོར་བཞག་བྱས་པའི་རྐྱེན་གྱིས་ཡིན། རུ་ལས་སྐྱེས་ཀྱིས་བཙན་པོ་སྤུ་ལྡེ་གུང་རྒྱལ་ཁུ་བོར་བཀུར་བས་རུས་“ཁུ”ཞེས་པ་བྱུང་ཞིང་། སྐབས་དེའི་བློན་པོ་དག་གི་མཚན་ལ་མཚོན་ནའང་ཞང་སྐད་ཀྱི་འདོགས་སྟངས་ཤིག་སྟེ་“ཏོ་རེ”ཞེས་མཐོང་བ་དཔེར་ན་གནུབས་སྨོན་ཏོ་རེ་སྤུང་བཙན། གནུབས་གཉེན་ཏོ་རེ་ངན་སྣང་། གནུབས་ཁྲི་དོ་རེ་མཐོང་པོ། ཤུད་པུ་རྒྱལ་ཏོ་རེ་ང་མྱི། མོང་ཁྲི་ཏོ་རེ་སྣང་ཙབ་སོགས་མཁས་དགའ་སོགས་ལས་བྱུང་བའང་ཕྱིས་སུ་མིང་འདོགས་སྟངས་འདི་རིམ་བཞིན་ཉམས་དམས་སུ་གྱུར་རོ། །

  རྒྱལ་པོ་སྲོང་བཙན་ཡར་སྔོན་གྱི་རྒྱལ་བློན་བཙུན་མོ་དག་གི་མཚན་འདོགས་སྟངས་ལ་ཡོངས་ཁྱབ་ཏུ་བཙན་པ། དཔའ་བ། རྒོད་པ་དང་དགྲ་སྡེ་ཟིལ་གྱིས་གནོན་ནུས་པའི་ཁྱད་ཆོས་འཛོམས་པ་སྟེ། རྒྱལ་པོར་བཙན་པོ་ཞེས་གསོལ་བ། བློན་མིང་ཁ་ཤས་ལ་སྟག་ཚབ་དང་གཟིགས་བཙན། ཀླུ་གོང་། སེང་མགོ ཁྲི། བཞེར། སྟོང་བཙན་སོགས་བྱུང་། གཉའ་ཁྲི་བཙན་པོ་ནས་བཟུང་བཙན་པོའི་མཚན་ལ་ཁྲི་དང་བཙན་སོགས་སྦྲེལ་ཏེ་རྒྱལ་པོ་མཐོ་སར་བཞུགས་ནས་བློན་འབངས་རྣམས་ལ་བཀའ་སྩོལ་བ་དང་བློན་འབངས་དག་གིས་རྒྱལ་པོར་བཀུར་བསྟི་དང་བཅས་བཀའ་བཞིན་སྒྲུབ་པས་རྒྱལ་ཁབ་ཀྱི་སྒྲིག་གཞི་བཙན་པའང་མཚན་གྱི་ཟུར་ལས་རྟོགས་ནུས། “ཁྲི”་དང་“བཙན”་སོགས་སྔ་རྗེས་སུ་གྲལ་སྒྲིགས་སྟངས་ཀྱི་གོ་རིམ་ངེས་གཏན་བཟོས་པ་ནི་གྲལ་རིམ་གྱི་དབྱེ་བ་གསལ་ཞིང་། “བཙན”་ནི་རྒོལ་དུ་མི་བཏུབ་པའི་དོན་ཏེ། བཙན་པོ་རིམ་བྱོན་མཐུ་ནུས་དང་སྐུ་རྩལ་ཆེ་བ། དཔའ་བ་སོགས་མཚོན་ནུས། རྒྱལ་པོ་སྲོང་བཙན་སྒམ་པོའི་སྔ་རྗེས་ཀྱི་བོད་མིའི་མིང་འདོགས་སྟངས་ལ་འགྱུར་བ་ཅུང་ཙམ་བྱུང་ཡོད་དེ། ནང་ཆོས་དར་བས་དེ་སྔའི་བོན་བསྟན་གྱིས་བཞེངས་པའི་མིའི་འདུ་ཤེས་དང་བསམ་བློ་སོགས་ལ་འགྱུར་ལྡོག་ཆེན་པོ་འབྱུང་འགོ་ཚུགས། ལྷག་ཏུ་བཙན་པོ་ཁྲི་སྲོང་ལྡེ་བཙུན་གྱི་དུས་སུ་སད་མི་བདུན་རབ་ཏུ་བྱུང་ཞིང་བོད་མིའི་མིང་ལ་ཆོས་མིང་འདོགས་འགོ་ཚུགས། ཡིན་ནའང་ཐོག་མར་ལོ་ཙཱ་བ་དང་པཎྜིཏ་རྣམས་དང་། དེ་ནས་རྒྱལ་པོའི་ཕོ་བྲང་ནང་ཁུལ་དུ་དར་ཞིང་ཕྱིས་སུ་བོད་ཡུལ་སྤྱི་ལ་སྤེལ། དང་པོ་ནང་ཆོས་དར་མ་ཐག་ཡིན་པས་བཙུན་པའམ་དགེ་བསྙེན་དག་མ་གཏོགས་ཆོས་མིང་སྤྱོད་པ་ཉུང་བར་གསལ་ཏེ། རྒྱུ་མཚན་ནི་ནང་ཆོས་དར་ནས་དུས་ཡུན་ངེས་ཅན་ཞིག་གི་རིང་རྒྱལ་པོའི་ཕོ་བྲང་དང་བློན་འཁོར་གཡོག་འགའ་ལས་དམངས་ཁྲོད་དུ་ཆེས་ཆེར་དར་མ་ནུས། དམངས་ཁྲོད་དུ་སྔར་བཞིན་བོན་བསྟན་ཤུགས་ཆེར་དར་ཡོད་དེ། དཔེར་ན། དབའ་བཞེད་ལས་བཙན་པོ་ཁྲི་སྲོང་ལྡེ་བཙུན་གྱི་ཟས་གཏད་ལུགས་ལ་ཕྱི་བོན་ལུགས་དང་ནང་ཆོས་ཀྱི་ལུགས་སུ་བྱས་པས་ཀྱང་བོན་གྱི་སྟོབས་ཤུགས་སྔར་བཞིན་ཆེ་བ་མཚོན་ཞིང་མིང་འདོགས་སྟངས་ཀྱང་སྔར་བཞིན་བོན་ལུགས་ཤུགས་ཆེ་བ་གསལ། དེ་ལྟར་ནང་ཆོས་བཙན་པོའི་ཕོ་བྲང་དུ་རྒྱལ་བློན་དག་གིས་སྦྱང་ཞིང་ཆོས་ལ་ཉེས་པའི་བློན་དང་བློ་རྣོ་བའི་སློབ་གཉེར་བ་དག་གིས་ཁོང་ཅག་གི་མིང་ལའང་ཆོས་མིང་བཏགས། ཐོན་མིར་སམ་བྷོ་ཊ་ཞེས་བཏགས་པ་ནི་བོད་མིའི་ལེགས་སྦྱར་གྱི་མིང་ཐོག་མ་ཡིན་ལ། སད་མི་བདུན་རབ་ཏུ་བྱུང་བ་ནས་ལེགས་སྦྱར་གྱི་མིང་རྒྱ་ཁྱབ་ཏུ་དར། ཡིན་ཡང་“བཙན་པོ་སྲོང་བཙན་སྒམ་པོ་ནས་བཟུང་“ཆོས་རྒྱལ”ཞེས་པའི་མིང་འདོགས་སྲོལ་བྱུང”(10)་ལ་བཙན་པོའི་མཚན་ཟུར་ལ་ཆོས་མིང་བྱུང་བ་དཔེར་ན་《ཆོས་འབྱུང་ཆོས་པའི་དགའ་སྟོན》ལས་ “རིགས་ལྔས་དབུ་རྒྱན་བཅུ་གཅིག་ཞལ་དུ་མཐོང་། ། མགར་དང་ཐོན་མི་བྱ་བའི་ཁྱིའུ་ཆུང་གཉིས། ། བློན་པོ་ཞེ་ས་འབྱུང་པའི་ཕྱིར་འབྲེངས་པས། ། ཨ་མི་ཏཱ་བྷའི་ཞལ་མཐོང་ཕྱིར་བསྙད་པས། ། རྒྱལ་བུ་དབུ་གཉིས་ལྡན་པར་གྲགས་སོ་སྐད། ། དགའ་སྟོན་དཔག་ཡས་ལོ་ཟླ་དུ་མར་བྱས། ། ཁྲི་སྲོང་བཙན་ཞེས་མཚན་དུ་གསོལ་བ་ལས། ། ཡོན་ཏན་ཀུན་ལྡན་ཤིན་ཏུ་ཐུགས་སྒམ་པས། ། མཚན་ཡང་སྲོང་བཙན་སྒམ་པོར་ཆགས་པར་གྱུར། །”(11)ཞེས་བཙན་པོ་སྲོང་བཙན་ནི་ཆབ་སྲིད་ལ་ཐུགས་སྒམ་ཞིང་གྲུང་པ། ཆོས་ལ་སྙིང་རྗེ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་དེ་ནས་བཟུང་བོད་མིའི་མིང་ལ་ཆོས་ཀྱི་ཤན་ཞུགས་པ་རྟོགས་ནུས། གཞན་བཙན་པོ་འུ་དུམ་བཙན་གྱི་རྗེས་སུ་གུ་གེའི་རྒྱལ་པོ་ཐོག་མ་སྐྱི་ལྡེ་ཉི་མ་མགོན་ནས་བཟུང་སྟེ་བོད་མི་ཕལ་ཆེར་ལའང་ཆོས་མིང་འདོགས་པའི་སྲོལ་དར། འོན་ཀྱང་ལོ་རྒྱུས་ཡིག་ཚང་མང་པོའི་ཁྲོད་བསྟན་པ་སྔ་དར་གྱི་དུས་སུ་བྱུང་བའི་རྒྱལ་བློན་བཙུན་མོ་དག་གི་མིང་ལས་མང་ཆེ་བ་ནི་བོན་ལུགས་ཡིན་པས་ཆོས་ཀྱི་མིང་འདོགས་ལུགས་ནི་བསྟན་པ་ཕྱི་དར་ལས་ཉུང་བར་འདོད། རྒྱལ་པོ་སྲོང་བཙན་ནས་བོད་མིའི་མིང་འདོགས་སྟངས་ལ་ཁྱད་ཆོས་འགའ་ཡོད་པ་ནི་འདི་ལྟ་སྟེ།

གཅིག བོན་མིང་དང་ཞང་སྐད་ཀྱི་མིང་།

  མཁས་དབང་ནམ་མཁའི་ནོར་བུས《སྒྲུང་ལྡེའུ་བོན་གསུམ་གྱི་གཏམ》ལས“བོད་ཀྱི་གནའ་བོའི་རྒྱལ་བོ་དེ་དག་ལ་ཞང་ཞུང་སྐད་ལས་དྲངས་པའི་མཚན་རེ་གསོལ་དགོས་པའི་རྒྱུ་མཚན་ནི། དེ་དུས་ཀྱི་བོན་གཤེན་ཆེ་གཙོ་ཕལ་མོ་ཆེ་ཞང་ཞུང་ནས་བྱུང་བ་དག་ཡིན་པ་དང་། མ་ཟད་བོན་གྱི་སྟོན་པ་གཤེན་རབས་མི་བོ་ཆེ་སྐུ་འཁྲུངས་པའི་གནས་དང་། ཁོང་གིས་གདུལ་བྱ་ལ་བོན་བསྟན་ཅིང་བསྟན་པ་རྗེས་སུ་བཞག་པའི་ཡུལ་ཞང་ཞུང་ཕུགས་པ་སྟེ། བོན་གྱི་ཆེ་བ་དང་བསྟན་པའི་འབྱུང་ཁུངས་བསྟན་པའམ། བོད་ཀྱི་རྒྱལ་པོ་དེ་དག་བོན་སྐྱོང་བའི་རྒྱལ་པོ་ཡིན་པའི་མཚོན་རྟགས་གསལ་པོར་བསྟན་ཐུབ་པའི་ཆེད་དུ། ཞང་ཞུང་སྐད་ལས་དྲངས་པའི་མཚན་གསོལ་སྟངས་འདི་བྱུང་ཡོད་པར་མངོན།”(12)ཞེས་དང་། ཡང་ཁོང་གིས《ཞང་བོད་ལོ་རྒྱུས་ཏི་སེའི་འོད》་དུ་“ཞང་ཞུང་སྐད་དུ་“ཁྲི”ཞེས་པ་ནི་བོད་སྐད་དུ་ལྷའམ་ལྷའི་ཐུགས་དང་། “མུ”ནི་ཀུན་ཁྱབ་ཅེས་པའི་དོན་ཡིན། “དིང”ནི་ཀློང་གི་དོན་དང་། “དར”ནི་ལེགས། “ཡེ”ཞེས་པ་ཐོག་མའམ་གདོད་མའི་དོན། “སེང”ནི་སེང་གེ “ཨ་ཤོ”ཞེས་པ་ནི་ངག “དེ་ཤོ”ནི་བདེ་བ། “ཐི་ཤོ”ནི་གསལ་བ། “གུ་རུམ་མས་གུ་ར”་ནི་ཡོན་ཏན། “འབྲང་ཞིའམ་བྲི་ཞལ”་ནི་འཇའ་ཚོན། “ཨི་ཤོའམ་ཨུན་ཞི”་ནི་སྙན་གྲགས། “སྲོང”་ཞེས་པ་ནི་ཐོགས་མེད། “ལྡེའམ་ལྡེའུ”་ནི་རིག་པའམ་མཁྱེན་པ་དང་། “མུ་ནེ”་ནི་ནམ་མཁའ་ལྟ་བུ་སྟེ། ཚུལ་དེ་དག་ནི་རྒྱལ་པོ་སོ་སོའི་མཚན་གྱི་གོ་དོན་ཡིན་པ་རྟོགས་ཐུབ།”(13)ཞེས་ཞང་སྐད་བཙན་པོའི་མཚན་ལ་སྦྱར་བ་ནི་དཔེར་ན་ཁྲི་བཙན་པོ་འོད་ལྡེ། མུ་ཁྲི། དིང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབ་ཁྲི། བྱ་ཁྲིའམ་སྤུ་ལྡེ་གུང་རྒྱལ། ཟ་ནམ་ཟིན་ལྡེ། ལྡེ་འཕྲུལ་ནམ་གཞུང་བཙན། སེ་སྣོལ་གནམ་ལྡེ། སེ་རྣོལ་པོ་ལྡེ། ལྡེ་རྣོལ་ནམ། ལྡེ་རྣོལ་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན། ཁྲི་བཙན་ནམ། ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་བཙན། ཁྲི་གཉན་གཟུང་བཙན། འབྲོ་གཉན་ལྡེའུ། ཁྲི་ལྡེ་གཙུག་བཙན། ཁྲི་ལྡེ་སྲོང་བཙན། ཁྲི་སྲོང་ལྡེ་བཙན། མུ་ཁྲི། མུ་ཏིག ཁྲི་གཙུག་ལྡེ་བཙན། ཁྲི་ལྡེ་མགོན་བཙན། ཁྲི་ལྡེ་རིག་པ་མགོ་སོགས་བསྟན་པ་སྔ་དར་མ་ཟད་ཕྱི་དར་ཀྱི་རྒྱལ་པོ་དག་གི་མཚན་གྱི་ནང་དུའང་“ཁྲི”དང་“བཙན”སོགས་བྱུང་བས། རིག་གནས་ཀྱི་གདུང་གཏུག་ཆེན་པོའི་ཁྲོད་བོད་ཀྱི་གདོད་མའི་བོན་གྱི་མིང་འདོགས་ལུགས་ཤུགས་ཆེ་བར་སྣང་། ཕྱི་དར་གྱི་དུས་སུ་འདུལ་བསྟན་ཡང་བསྐྱར་དར་བས་སྐྱ་སེར་ཀུན་གྱིས་ཆོས་མིང་འདོགས་སོ། །

གཉིས། ཆོས་དང་ལེགས་སྦྱར་གྱི་མིང་།

  སྦྱིར་བོད་དུ་ནང་ཆོས་དར་བ་དང་ལེགས་སྦྱར་གྱི་མིང་འདོགས་འགོ་ཚུགས། འོན་ཀྱང་ཆེས་ཆེར་དར་མེད་དེ། དཔེར་ན་བཙན་པོ་རིམ་བྱོན་ལས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་སད་མི་བདུན། ལོ་ཙཱ་བ་དང་ཆོས་ལ་ཉེས་པ་འགའ་ཤས་ལས་བོད་མི་ཕལ་ཆེ་བའི་མིང་ནི་བོན་ལུགས་ལྟར་བཏགས་ཡོད། དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙུན་ནས་ཆོས་དང་ལེགས་སྦྱར་གྱི་མིང་ཐོགས་པ་དཔེར་ན《ཆོས་འབྱུང་མཁས་དགའ》ལས་“སྔ་རབས་མང་པོ་ཞིག་ནི་རྦ་མཉྫུ་ཤྲི་ཝརྨ་(འཇམ་དཔལ་གོ་ཆ)། རྩངས་དེ་ཝེ་(ལྷ་དབང་སྲུང་བ)ནྡྲ་རཀྵི་ཏ་བྲན་ཀ་མུ་ཁནྡྲ་(ར་ཀྵིཏ)(སྒོའི་དབང་པོ་སྲུང་བ)སྟེ་རྒན་གསུམ། བར་པ་རླངས་ཁམས་པ་གོ་ཆ། གཞོན་པ་(ཀླུའི་དབང་པོ)འཁོན་ན་གིནྡྲ། པ་གོར་(རྣམ་སྣང) བཻ་རོ་ཙ་ན། རྨ་ཨཱ་ཙར་རིན་ཆེན་མཆོག་སྟེ་གསུམ་རྣམས་སད་མི་བདུན་དུ་འཆད་དོ། །”(14)ཞེས་གསུངས་པ་ལས་རྟོགས་ཤིང་རིམ་གྱིས་མཁས་པ་དང་ལོ་ཙཱ་བ་དག་གིས་རྒྱ་ཁྱབ་ཏུ་སྤྱད་པ་དཔེར་ན། ཁྲི་སྲོང་ལྡེ་བཙན་གྱི་བློན་ལས་བན་དེ་མྱང་ཏིང་འཛིན་དང་བན་དེ་བྲན་ཀ་དཔལ་གྱི་ཡོན་ཏན་གཉིས་དང་ལོ་ཙྰ་བ་སྐ་ཅོག་ཞིང་གསུམ་སོགས་ཀྱི་མཚན་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དྲུག་སོགས་ཆོས་ཀྱི་དོན་མཚོན་པའི་མཚན་བཏགས་པ་ལས་བོད་མིར་ཆོས་མིང་འདོགས་སྲོལ་བྱུང་བ་གསལ་ལོ། །

གསུམ། མིའི་གཤིས་སྤྱོད་དང་དཔའ་བོའི་རྟགས་ཆས་ལས་བཏགས་པའི་མིང་།

  གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་པོའི་མཚན་གྱི་མགོར་རུས་སྦྱོར་སྲོལ་མི་སྣང་ཡང་། བློན་ཕལ་ཆེ་བའི་མཚན་གྱི་མགོར་རུས་སྦྱོར་སྲོལ་ཡོད་པ་དེར་དགེ་མཚན་ཞིག་ཡོད་དེ། དཔེར་ན། རུས་དབའས་དང་མགར། གཅོའུ། མྱང་། སྙགས་སོགས་ཀྱི་ཁྱིམ་རྒྱུད་དུ་བཙན་པོའི་རྒྱལ་རབས་ལ་མཛད་རྗེས་ཅན་གྱི་བློན་མང་དུ་བྱུང་བས་རུས་དེ་མཚན་གྱི་མགོར་སྦྱར་བ་ནི་ཕྱོགས་གཅིག་ནས་ལེགས་བྱང་མཚོན་བྱེད་དམ་མི་གཤིས། ལ་རྒྱ། མཁས་མཛངས་སྲུང་བའི་ཆེད་ཡིན། ཕྱོགས་གཞན་ཞིག་ནས་མི་དཔའ་མཛངས་ཅན་སྐྱེད་སྲིང་བྱེད་པར་སློབ་གསོའི་ནུས་པ་འདོན་ནུས་པས་ཡིན། གཞན་བཙན་པོ་སྲོང་བཙན་སྒམ་པོས་གཡུ་དང་ཕྲ་མན་སོགས་བཀའི་ཡིག་ཚན་གྱི་སྲོལ་ཕྱེས་ཏེ་བློན་རབས་འབྲིང་དང་གཡུལ་ལས་རྒྱལ་བའི་དཔའ་བོར་སྟག་གཟིགས་ཀྱི་ཆས་གནང་བས། གཡུལ་ལ་འཇིགས་པ་མེད་པའི་སྙིང་སྟོབས་སྐྱེད་སྲིང་གི་ནུས་པ་ཐོན་ཡོད། གལ་སྲིད་གཡུལ་ལས་ཕམ་པའམ་བྲོས་བྱོལ་བྱས་ཚེ་བདར་མའི་ཆོས་སུ་ཝ་པགས་བསྐྱོན་པ་ཡིན། དེར་བརྟེན་རུས་ཀྱི་ཆེ་བ་སྲུང་ཕྱིར་མི་རྣམས་ཀྱིས་མཛངས་པའི་ལས་ལ་འབད་དོ། །བོད་བཙན་པོའི་དུས་ཀྱི་མཁས་མཛངས་ཅན་གྱི་བློན་གཙོ་གྲས་ལ་དཔེར་ན་མགར་སྟོང་བཙན་ཡུལ་སྲུང་། མཐོན་མི་སམྦྷོཊ། མྱང་ཞང་སྣང་། སྙགས་ཁྲི་བཟང་ཡང་སྟོན། དབའས་ཏ་ར་ཁོང་ལོད། སྦས་སྐྱེས་བཟང་སྟོང་བཙན། སྟག་ར་ཀླུ་གོང་། མ་ཞང་ཁྲོན་པ་སྐྱེས། སེང་མགོ་མྱི་ཆེན། ཞང་མཆིམས་རྒྱལ་བཙན་གཞེར་ལེགས་གཟིགས། རྩང་རྗེ་བློན་ཁྱེའུ་ཅུང་། ཞང་འབྲོ་སྟག ཅོག་རོ་བརྟན་གོང་སོགས་བློན་པོའི་མཚན་གྱི་མགོར་རུས་དང་དཔོན་གནས་ཡིག་ཚན་སོགས་སྦྱར་ཡོད་པ་གསལ་ལོ། །མཁས་པའི་དགའ་སྟོན་སོགས་ལས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཞང་བློན་དང་དབའས་བློན་གྱིས་ཕོ་བྲང་དུ་སྲིད་ཀྱི་གོ་གནས་གལ་ཆེན་ཟིན་ཡོད་དེ། ཆབ་སྲིད་ཀྱི་བཀའ་ལ་གཏོགས་པའི་བློན་ཆེན་དྲུག་ལས་ཞང་དང་དབའས་ཀྱི་རུས་ཅན་གྱི་བློན་གྱིས་གོ་གནས་ཟིན་པ་མང་བ་སོགས་ལས་རུས་ཀྱི་མཚན་གང་དེས་ཆབ་སྲིད་ཀྱི་ཐད་མཛད་རྗེས་ཆེ་བ་མཚོན་ཞིང་། དེ་ལ་བློན་ཆེན་གྱི་ཁྲོད་དུ་བློ་རིག་སྒྱུ་རྩལ་དང་དཔའ་སྤོབས་སོགས་ཡོད་པའང་མཚོན་ཡོད་དོ། །

བཞི། བཙན་མོ་དང་བཙུན་མོའི་མིང་གི་ཁྱད་ཆོས།

  གཉའ་ཁྲི་བཙན་པོའི་དུས་སུ་བཙན་པོའི་མཚན་ཟུར་དུ་ཡུམ་གྱི་མཚན་ལས་ཡི་གེ་གཅིག་བྱུང་བ་ནི་བཙན་མོས་བོད་ཀྱི་ཆབ་སྲིད་ཐད་གོ་གནས་གལ་ཆེན་ཟིན་ཡོད་པ་མཚོན་ཏེ། དཔེར་ན་བོད་ཀྱི་བུད་མེད་སྲིད་སྐྱོང་ཐོག་མ་འབྲོ་བཟའ་ཁྲི་མ་ལོད་ལ་མཚོན་ན་སྔ་རྗེས་ཐེངས་གཉིས་ལ་སྲིད་བསྐྱངས་ཤིང་སྐབས་དེའི་སྤྱི་ཚོགས་བརྟན་འཇགས་དང་ཡུལ་ཁམས་བདེར་འགོད་ཐད་མཛད་རྗེས་མི་དམན་པ་བཞག་ཡོད། དེ་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་“འདི་ཡན་ཡུམ་རྣམས་ལྷ་མོ་ཀླུ་མོ་ཡིན། །བཙུན་མོའི་རྟེན་དོག་ལ་མི་འཚེར་ཞེས་སྤུར་མི་ཡོང་སྐད། །དེ་ཕྱིར་ལྷ་སྲས་ལྡེ་སྲས་ཅེས་པར་གྲགས། །འབངས་དང་གཉེན་བསྲེས་མན་ཆད་ལྡེ་སྲས་བཞག །དེ་ཡི་དོད་དུ་ལྷ་སྲས་བཙན་པོ་ཟེར། །”(15)་ཞེས་བཀོད་ཀྱང་དོན་ལ་ཀླུ་མོ་སོགས་མ་ཡིན་དེ་གདོད་མའི་བླའི་དད་མོས་ཀྱི་འདུ་ཤེས་ལས་བྱུང་པ་རེད། ཕྱིས་སུ་བཙན་པོ་གདུང་རབས་ཉེར་ལྔ་པ་ཁྲི་བཙན་ནམ་གྱི་བཙུན་མོ་ནས་བཟུང་བཙུན་མོ་རིམ་བྱོན་གྱི་མཚན་ཟུར་དུའང་“ཀླུ”་“བཙན”་“ཁྲི”་སོགས་གསོལ་བས་དེས་བཙུན་མོ་དག་རྒྱལ་པོ་དང་མཚུངས་པར་ཆབ་སྲིད་ཀྱི་བློ་ཁོག་དང་སྤོབས་པ། འཇོན་ནུས་ཆེ་བ་མཚོན་པ་མ་ཟད་གདོད་མའི་བླའི་འདུ་ཤེས་སྟེང་བྱུང་བའི་མཐུ་ནུས་དང་དབང་དྲག་སོགས་ཀྱང་མཚོན་ཡོད། གཞན་“ཁྲི”་ཞེས་ཐོག་པ་རིགས་རུས་བཙན་པ་རྒྱལ་རིགས་ལས་བྱུང་བའམ་ཡང་ན་མཛངས་པའི་ཡོན་ཏན་གྱིས་ཆ་ནས་བཏགས་ཀྱང་སྲིད། བཙུན་མོའི་མཚན་ལ་བལ་བཟའ་དང་རྒྱ་བཟའ་ཞེས་གསོལ་བ་ནི་རིགས་རུས་དང་ཡུལ་ཁུངས་སྟོན་ལ། འབྲོ་བཟའ་ཁྲི་མ་ལོད། འབྲོ་བཟའ་ཁྲི་རྒྱལ་མོ་བཙན། གཞན་ད་དུང་མཆིམས་བཟའ་ཀླུ་རྒྱལ། མཆིམས་བཟའ་ལྷ་མོ་བཙན། མཆིམས་བཟའ་ལེགས་མོ་བརྩན་སོགས་རུས་རྒྱུད་གཅིག་ཏུ་བཙན་མོ་དང་བཙུན་མོ་མང་དུ་བྱུང་བ་ཡིས་སྐབས་དེའི་དབང་བསྒྱུར་གྲལ་རིམ་སྤྱི་ཚོགས་སུ་རིགས་རུས་དེའི་ཁུངས་བཙུན་པ་མཚོན། བཙུན་མོ་དག་གི་མཚན་ཟུར་དུ་རྒྱལ། ལེགས། བཙན་དང་ཁྲི་སོགས་སྦྱར་བ་ནི་ད་དུང་མཚན་གྱི་ཆེ་བ་འདོན་པའི་ཕྱིར་དུའང་ཡིན་ནོ། །

ལྔ། སྤྱི་ཚོགས་གོ་གནས་ཀྱི་མཚོན་རྟགས།

  རྒྱལ་བློན་བཙུན་མོ་དག་གི་མཚན་འདོགས་སྟངས་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་ནི་སོ་སོའི་ཆབ་སྲིད་ཐོབ་ཐང་དབང་གིས་ཡིན་ཏེ་དཔེར་ན། རྒྱལ་པོ་རིམ་བྱོན་གྱི་མཚན་ལ་ཡོངས་ཁྱབ་ཏུ་ཁྲི་དང་ལྡེ། བཙན་སོགས་བྱུང་ཡོད་པ་དང་། བློན་གྱི་ཁྲོད་དུའང་མཛད་རྗེས་ཅན་མགར་སྟོང་བཙན་ལྟ་བུ་དང་ཁོང་གི་གདུང་རྒྱུད་ཁ་ཤས་ཀྱི་མཚན་ལ་མ་གཏོགས་ཁྲི་དང་བཙན་གྱི་ཐ་སྙད་བྱུང་བ་ཉུང་། གཞན་མཚན་ཟུར་ལ་ལྡེ་བྱུང་བའང་ཉུང་སྟེ་མུ་ནེ་བཙན་པོའི་བློན་ལྡེ་སྨན་ལྡེའུ་ཅུང་སོགས་རེ་འགའ་ལས་མེད་དོ། བཙུན་མོའི་ཁྲོད་དུ་བཙུན་དང་ཁྲི་བྱུང་བ་ཅུང་མང་སྟེ། དེ་ནི་ཕྱོགས་གཅིག་ནས་རྒྱལ་པོས་ཆབ་སྲིད་ཀྱི་དགོས་དབང་གིས་རྒྱལ་རིགས་ཀྱི་བུད་མེད་བཙུན་མོར་བསུས་པས་ཁོང་ཅག་གི་རུས་བཙུན་པ་དང་། ཕྱོགས་གཞན་ཞིག་ནས་བཙུན་མོ་ལའང་ཆབ་སྲིད་ཀྱི་དབང་ཆ་མཐོ་བ་ནི་འབྲོ་བཟའ་ཁྲི་མ་ལོད་ཀྱི་སྲིད་སྐྱོང་ལོ་རྒྱུས་དང་བཙུན་མོའི་ཁུངས་གཏོགས་ཀྱི་ཞང་བློན་ཚོའི་ཆབ་སྲིད་སྟོབས་ཤུགས་ལས་གསལ། འདི་ལས་གསལ་བཤད་བྱེད་ཐུབ་པ་ཞིག་ནི་རྗེའི་དབང་བཙན་ཞིང་དབང་སྒྱུར་བྲལ་རིམ་གྱི་དབྱེ་བ་གསལ་བ་མཚོན་ནོ། །

མཇུག་སྡོམ།

  བོད་བཙན་པོའི་དུས་ཀྱི་མིའི་མིང་འདོགས་ལུགས་ནི་བོད་ཀྱི་ཡུལ་སྲོལ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ལས་རིག་གནས་ཀྱི་དོན་སྙིང་གཏིང་ཟབ་ཅིག་མཚོན་པ་ཡིན། བཙན་པོ་དག་གི་ཆབ་སྲིད་ཀྱི་སྒྲིག་གཞི་གསར་འཛུགས་དང་རིགས་གནས་བཞེངས་སྐྲུན་ལས་བོད་མིའི་མིང་འདོགས་སྟངས་ལ་དཔའ་བཙན་མཛངས་གསུམ་གྱི་ཁྱད་ཆོས་མངོན་ཡོད། ཡིན་ཡང་ནང་བསྟན་བོད་དུ་དར་བ་ནས་བཟུང་བོད་མིའི་མིང་འདོགས་སྟངས་ལའང་འགྱུར་བ་ཅུང་ཙམ་བྱུང་བར་སྣང་སྟེ་ཞི་རྒྱས་དབང་དྲག་གི་ཆོས་མིང་འདོགས་པའི་སྲོལ་བྱུང་། སྐབས་དེར་ལེགས་སྦྱར་སློབ་མཁན་གྱི་བཙུན་པ་དང་དགེ་བསྙེན། ལོ་ཙཱ་བ་དག་གིས་ཆོས་དང་འབྲེལ་བའི་ལེགས་སྦྱར་གྱི་མིང་རེ་འདོགས་ལ། ཆོས་རྒྱལ་མེས་དབོན་རྣམས་གསུམ་ཞེས་བཙན་པོ་ལའང་ཆོས་དང་མཐུན་པའི་མཚན་གསོལ་བ་ལས་ཡོངས་གྲགས་སུ་ཆོས་མིང་འདོགས་སྲོལ་ཆེར་མ་དར། ཆོས་མིང་འདོགས་པའི་སྲོལ་ནི་ཕྱི་དར་ནས་འདུལ་བསྟན་སླར་གསོས་པ་དང་བསྟུན་ནས་ཆེས་ཆེར་དར་བ་ཡིན། དུས་རབས་བདུན་པ་ནས་དགུ་པའི་བར་རྒྱལ་པོར་“བཙན”་“ལྡེ”་“ཁྲི”་སོགས་ཀྱི་མཚན་གསོལ་བ་ལའང་གདོད་མའི་ལྷ་ཀླུ་གཉན་བཙན་ལ་བཀུར་བའི་འདུ་ཤེས་སྟེང་འབངས་ཀྱི་སེམས་རྩ་གཅིག་ཏུ་བསྡུ་བའི་ཆབ་སྲིད་ཀྱི་དགོས་པའང་རྒྱ་ཆེར་ལྡན། བློན་པོའི་མཚན་གྱི་མགོར་རུས་དང་ཐོབ་སྦྱར་བ་ལའང་གང་དེའི་རིགས་རྒྱུད་ཀྱིས་འབངས་དང་རྒྱལ་ཁབ་ཀྱི་དོན་དུ་སྟོབས་ཤུགས་ཡོད་ཚད་འབུལ་ནུས་པ་མ་ཟད། རང་གི་རིགས་རུས་ཀྱི་མེས་པོ་གོང་མ་ནས་བརྒྱུད་པའི་མཛད་རྗེས་སྲུང་བ་སོགས་ཀྱི་དགེ་མཚན་ལྡན། བཙུན་མོའི་མཚན་གྱི་ནང་དུའང་བཙན། ཁྲི། རྒྱལ་སོགས་ཀྱི་ཐ་སྙད་བྱུང་བས་སྐབས་དེའི་སྤྱི་ཚོགས་སུ་བུད་མེད་ཀྱི་ཐོབ་ཐང་དང་འཇོན་ནུས་མཚོན་ཡོད། མདོར་ན་བོད་བཙན་པོའི་དུས་ཀྱི་མཚན་འདོགས་སྟངས་ལ་དང་དགྲ་འདུལ་གཉེན་སྐྱོང་དང་རིག་གནས་ཀྱི་ཁྱད་ཆོས་ངེས་ཅན་ཞིག་ལྡན་ནོ། །

  དཔྱད་གཞིའི་ཡིག་ཆ།

  (1) 牟钟鉴《中国宗教通史》上卷【M】中国社会科学出版社,2007年12月第1版,第23页。
  (2) འབྲོང་བུ་ཚེ་རིང་རྡོ་རྗེ། ཆོས་ལུགས་དར་འཕེལ་བྱུང་བའི་ལོ་རྒྱུས་སྤྱི་དོན།【M】པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས232
  (3) (4) (5) Samten G.Karmay/Yasuhiko Nagano, The Call of the Blue Cuckoo,【M】The National Museum of Ethnology Osaka, 2002, Page113. Page113. Page91.
  (6) (12) མཁས་དབང་ནམ་མཁའི་ནོར་བུའི་གསུང་འབུམ་པོད་གཉིས་པ། སྒྲུང་ལྡེའུ་བོན་གསུམ་གྱི་གཏམ། 【M】ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས79 ཤོག་ངོས68
  (7) (9) (10) Research Materials from The Yeshe De Project. TIBETAN HISTORY SERIES (Ancient Tibet).【M】Dharma Publishing 1986 Page143. Page146. Page210.

  (8) (11) (14) (15) དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།【M】 པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2017ལོ། ཤོག་ངོས85 ཤོག་ངོས95 ཤོག་ངོས95 ཤོག་ངོས90

  (13) མཁས་དབང་ནམ་མཁའི་ནོར་བུ། ཞང་བོད་ལོ་རྒྱུས་ཏི་སེའི་འོད།【M】 པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས 230

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།