དུས་རབས་བརྒྱད་པའི་བན་བོན་འབྲེལ་བའི་ནང་གི་དྲན་པ་ནམ་མཁའ།

[ཟླ་ཚེས། 2019-09-16 11:59:39][རྩོམ་པ་པོ། སྟོང་སྐོར་ཚེ་རིང་ཐར།][རྩོམ་ཁུངས། ཀྲུང་གོའི་བོད་རིག་པ།][ཀློག་གྲངས། ]

  [ནང་དོན་གནད་བསྡུས།] བོད་ཀྱི་ད་ཡོད་ལོ་རྒྱུས་ཡིག་ཆ་ནང་དུ་དྲན་པ་ནམ་མཁའ་གསུམ་མམ་བཞི་ཡོད་པར་སྨྲ་སྟེ། སྟག་གཟིག་པ་གཅིག་དང་། ཞང་ཞུང་བ་གཅིག་དང་། དྭགས་པོ་བ་གཅིག་བཅས་ཡིན་ལ། ཡིག་ཆ་ཁ་ཤས་སུ་གྲི་གུམ་བཙན་པོའི་སྐབས་སུའང་གཅིག་ཡོད་སྐད། འདིར་བརྗོད་པའི་དྲན་པ་ནམ་མཁའ་ནི་དམུ་བོན་དྲན་པ་ནམ་མཁའ་སྟེ་དྭགས་པོ་ནས་འཁྲུངས་པ་དེའོ།། དམུ་བོན་དྲན་པ་ནམ་མཁའ་(753)ནི་བོད་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ཡིན། ཁོ་སྔར་བོན་གཤེན་ཆེན་པོ་ཞིག་ཡིན་པ་དང་ཕྱིས་སུ་ཆོས་སུ་ཞུགས་ཏེ་བོན་ཆོས་གཉིས་ཀ་སྤྱད་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་ལ། ལྷག་པར་དུ་ཆོས་ཕྱོགས་ཀྱི་མཛད་རྗེས་ཧ་ཅང་ཆེ་བས་རྗེ་འབངས་ཉེར་ལྔའི་གྲས་①སུ་ཆུད་ཡོད་པ་མ་ཟད། བོན་ཕྱོགས་ནས་ཀྱང་མཁས་གྲུབ་ཆེན་པོའི་གྲས་སུ་བགྲངས་ཡོད་པ་དང་། ཕྱིས་སུ་བོན་གྱི་བསྟན་པའི་འཛིན་སྐྱོང་སྤེལ་གསུམ་ཐད་ནུས་པ་རྒྱ་ཆེན་པོ་ཐོན་པ་རེད།

  [བརྡ་ཆད་གཙོ་བོ།]དམུ་བོན། དྲན་པ་ནམ་མཁའ། ཁྲི་སྲོང་ལྡེ་བཙན།

  [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།][ཡིག་ཚང་མཚན་བྱང་།]A

  [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060(2012)04-0068 -13

དང་པོ། དྲན་པ་ནམ་མཁའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།

  སྲོང་བཙན་སྒམ་པོས་དམ་པའི་ཆོས་གདན་དྲངས་པ་ནས་བཟུང་སྟེ་བོད་ནས་འཕེལ་རྒྱུས་བྱུང་རུང་། སྐབས་དེར་བོན་གྱི་བསྟན་པ་དེ་ས་ཁྱབ་རྡོ་ཁྱབ་ཏུ་དར་ནས་དམངས་ཁྲོད་དུ་རྟིང་གཞི་ཤིན་ཏུ་མཐུག་པའི་རྒྱུ་མཚན་གྱིས། བཙན་སྲོང་སྒམ་པོ་ནས་ཁྲི་སྲོང་ལྡེ་བཙན་གྱི་བར་དུ་ལོ་བརྒྱ་ཕྲག་ལྷག་གི་དུས་ཡུན་རིང་པོ་ཞིག་གི་ནང་དུ་ཐུབ་པའི་བསྟན་པ་བོད་དུ་ཁྱབ་ཆེན་པོ་ཞིག་དར་མ་ཐུབ་པར། རྒྱལ་བརྒྱུད་དང་བློན་བརྒྱུད་ཁ་ཤས་ནང་མ་གཏོགས་དམངས་ཁྲོད་དུ་བོན་དར་ཁྱབ་ཆེ།

  ཁྲི་སྲོང་ལྡེ་བཙན་སྐུ་ན་ཕྲ་དུས་སྲིད་བསྐྱངས་ཤིང་ཆོས་ལ་དང་བ་སྐྱེས། ནར་སོན་རྗེས་ཐུབ་པའི་བསྟན་པ་དར་སྤེལ་བཏང་། གཞོན་ནུ་མང་པོ་རྒྱ་གར་དང་བལ་ཡུལ་སོགས་སུ་ཆོས་སློབ་ཏུ་མངགས། སློབ་དཔོན་པད་མ་འབྱུང་གནས་དང་མཁན་ཆེན་བོ་ངྷི་ས་ཏྭ་གདན་དྲངས། བསམ་ཡས་གཙུག་ལག་ཁང་བཞེངས། ཆོས་ཀྱི་བསྟན་བཅོས་བོད་ཡིག་ཏུ་བསྒྱུར། འགྱུར་ཡིག་ཚད་ལྡན་དུ་གཏོང་བའི་ཆེད་དུ་བཀས་བཅད་གནང་། སད་མི་བདུན་རབ་ཏུ་བྱུང་། ཐང་དང་དམག་བཀྱེས་ནས་བཀྲ་ཤིས་ཁྲི་སྒོ་བླངས་པ་ལ་སོགས་པའི་མཐའ་འཁོར་གྱི་དམག་འཁྲུག་གི་རྒྱུན་བསྐྱངས་ནས་རྒྱལ་ཁ་ཆེན་པོ་ཐོབ་པས། སྐབས་དེའི་བོད་བཙན་པོའི་སྲིད་དབང་རྒྱ་བསྐྱེད་ནས་མཚན་སྙན་གྲགས་བླ་ན་མེད་པ་རྒྱས། སྐབས་དེ་ནི་ཆབ་སྲིད་དང་། དམག་དོན། རིག་གནས། དཔལ་འབྱོར་དང་བཅས་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཡར་རྒྱས་དང་གོང་འཕེལ་སྔ་ན་མེད་པ་ཕྱིན་པའི་སྐབས་ཤིག་ཡིན་པ་དང་། སྤྱི་ཚོགས་ཀྱི་ཡར་རྒྱས་དང་གོང་འཕེལ་ལ་བརྟེན་ནས། བོད་ཀྱི་མངའ་རིས་བསྐྱེད་ཅིང་རྒྱལ་པོའི་དབང་ཐང་དར་ནས་སྐབས་དེར་ཨ་སི་ཡ་གླིང་དུ་དོ་ཟླ་མེད་པའི་ཡུལ་གྲུ་ཞིག་ཏུ་གྱུར་ཡོད་པས་ན། ཏུན་ཧོང་ཡིག་རྙིང་ལས་ཀྱང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱྀ་རིང་ལ། ཆོས་བཟང་སྲྀད་ཆེ་སྟེ། རྒྱལ་བོ་ནྀ་གནམ་ས་གཉྀས་ཀྱི་བར་ཡུལ་དུ་བརྣམ་ཞིང་། འགྲེང་དུད་གཉིས་ཀྱི་རྗེ་དང་བདག་མཛད་པའྀ་གཙུག་ལག་ཆེན་པོ། མྱྀའི་དཔེར་རུང་བར་མཛད་དོ།།②ཞེས་གསུངས་པ་ལྟར་རོ།། ཁྲི་སྲོང་གི་མཛད་འཕྲིན་ནང་ནས། བོད་རྗེས་རབས་ཀྱི་ལོ་རྒྱུས་ལ་ཤན་ཤུགས་ཆེ་ཤོས་ནི་རྒྱ་གར་གྱི་ཆོས་གདན་དྲངས་ཤིང་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བ་དེ་རེད། དེས་སྤྱི་ཕྱོགས་ནས་བོད་མི་རིགས་ཀྱི་རིག་གནས་ཀྱི་ཆགས་རིམ་དེ་རིག་གནས་བཅུ་ལ་བསྒྱུར་ཞིང་བསམ་བློའི་འཁྱེར་སོ་ནང་བའི་ཆོས་ལ་བསྐོར་བས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པར་བཏང་བ་མ་ཟད། བོད་མི་རིགས་ཀྱི་རིན་ཐང་གི་ལྟ་བ་དེའང་ཁ་ཕྱོགས་གསར་བ་ཞིག་ཏུ་བསྐོར། དེའི་ཕྱིས་ཀྱི་ལོ་རྒྱུས་ནང་དུ། རིག་གནས་བཅུ་ཡོངས་སུ་དང་དུ་བླངས་ནས་སྤེལ་བ་དང་། ལྷག་པར་དུ་དེའི་ནང་གི་ནང་དོན་རིག་པ་དང་ཚད་མ་རིག་པ་སོགས་དགོན་སྡེའི་སློབ་གསོའི་སྟོབས་ཤུགས་དང་འཆད་རྩོད་རྩོམ་གསུམ་གྱི་ཐབས་ལམ་བརྒྱུད་དེ། སྔར་ཡོད་གྱི་བཀའ་དང་བསྟན་བཅོས་ལ་འགྲེལ་ཤིན་ཏུ་མང་པོ་བརྒྱབ་པ་མ་ཟད། བོད་རང་གི་ལྗགས་རྩོམ་ཡང་ཕོན་ཆེན་པོ་བྱུང་ནས། བོད་མི་རིགས་འདི་འཛམ་གླིང་སྟེང་གི་ནང་བའི་བསྟན་པའི་གསལ་བྱེད་ཆེན་པོར་གྱུར།

གཉིས་པ། བོན་ཆོས་ཀྱི་འགལ་འབྲེལ་ནང་གི་དྲན་པ་ནམ་མཁའ།

  ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་ཆོས་བོད་ནས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ་རུ་བཏང་བ་དེས་བོད་ཀྱི་ཆོས་ལུགས་དང་རིག་གནས་སྤྱི་ཕྱོགས་ནས་སྔར་ལས་ཕུན་སུམ་ཚོགས་པར་བཏང་། རྒྱ་གར་གྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བོད་སྐད་དུ་བསྒྱུར་ནས་བོད་ནས་དར་འགོ་བཙུགས་པ་བཅས་ཀྱིས་བོད་ལ་སྐུ་དྲིན་ཆེ། ཡིན་ན་ཡང་། བྱ་བཞག་དེ་དག་གི་རྒྱབ་སྐྱོར་དང་མཐུན་རྐྱེན་འོག ཁྲི་སྲོང་ལྡེ་བཙན་གྱིས་བོན་གྱི་བསྟན་པ་བསྣུབས་ཏེ། བོད་རང་སའི་ས་སྐྱེས་རྡོ་སྐྱེས་ཀྱི་བསྟན་པ་དང་རིག་གནས་ལ་གཏོར་སྐྱོན་ཆེན་པོ་བཏང་བ་དེ་ནི་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས་ལོ་རྒྱུས་སྟེང་གི་གྱོང་གུད་ཆེན་པོ་ཞིག་རེད།

  ཁྲི་སྲོང་གིས་སྲིད་དབང་བཟུང་མ་ཐག་པའི་དུས་སྐབས་ཤིག་ལ། ཁོང་སྐུ་ན་ཕྲ་བ་དང་སྲིད་དབང་ཕལ་ཆེར་ཞང་མ་ཞང་ཁྲོམ་པ་སྐྱེས་དང་། ངམ་སྟག་ར་ཀླུ་གོང་དང་། མང་རྗེ་ལོད་དང་། སྦས་སྐྱེས་བཟང་སྟག་སྣང་དང་། ར་ལྕག་ཁྲི་རྨང་ཁུང་རྒྱལ་དང་། ཁྱུང་པོ་སྤུངས་དང་ཟུང་ཙེ་ལ་སོགས་པའི་བོན་ལ་དགའ་བའི་བློན་པོ་རྣམས་ཀྱིས་བཟུང་བའི་སྟབས་ཀྱིས། བོད་དུ་བོན་གཙོ་བོ་དར་ཏེ། བསྒྲགས་པ་རིན་ཆེན་གླིང་གྲགས་ལས་ཀྱང་། ཡུལ་ཐམས་ཅད་བོན་གྱི་གསས་ཁང་། ཚ་ཚ་མཆོད་རྟེན་དུ་བཞེངས་ཤིང་བླ་མ་སློབ་དཔོན་མང་དུ་བྱུང་ངོ་།།③ཞེས་པ་དང་། དུས་དེ་ཙམ་ན་བོན་པོ་མཁས་བཙུན་བྱིན་རླབས་ཅན་བསམ་དུ་མེད་པ་བཞུགས། སྒོས་སུ་མཐུ་ཆེན་མི་དགུ བླ་ཆེན་དྲན་པ་ནམ་མཁའ་ལ་སོགས་མང་དུ་བཞུགས་སོ།།④ཡང་། དེའི་དུས་སུ་རྒྱལ་པོ་ཡང་མངའ་ཐང་དགུང་དང་མཉམ། བོད་ཡུལ་ཐམས་ཅད་བདེ་སྐྱིད་དང་ལྡན་ནོ།།⑤ཞེས་གསུངས་པར་བལྟས་ན། ཁྲི་སྲོང་ལྡེ་བཙན་གྱི་ཚེ་སྟོད་དུ་བན་བོན་གྱི་འགལ་བ་ཆེན་པོ་བྱུང་མེད་པ་འདྲ། ཡང་བསྒྲགས་པ་རིན་ཆེན་གླིང་གྲགས་ལས། ལྷ་སྲས་ཁྲི་སྲོང་ལྡེ་བཙན་ལ། སྐྱེ་བ་གོང་མའི་ལས་དབང་དང་། བོད་ཁམས་ཕུགས་སུ་ཐུབ་པ་ཡི། དམ་པའི་ཆོས་རང་སྤྱོད་དགོངས་ནས། རྒྱ་གར་ནས་བོ་དྷེ་ས་ཏྭ་དང་། པདྨ་སམ་བྷ་བ་གདན་དྲངས་ཏེ། ངས་ཆོས་ལ་སྤྱོད་པས་ཁྱེད་རྣམས་ཀྱང་བཞུགས། ལྷ་ཁང་འདྲ་བ་ཡང་བཞེངས་པ་ཡིན་ཟེར་རོ།།⑥ཞེས་གསུངས། དེ་ནས་བཟུང་སྟེ། ཁྲི་སྲོང་ལྡེ་བཙན་གྱིས་བོན་སྤངས་ནས་ཆོས་སྤྱོད་པའི་ཐག་བཅད། ཡིན་ན་ཡང་།སྐབས་དེར་དམངས་ཁྲོད་དུ་བོན་གྱི་བསྟན་པའི་རྟིང་གཞི་མཐུག་ཅིང་། བཙན་པོའི་གཡས་གཡོན་དུ་བློན་པོ་དང་གཤེན་པོ་དང་བཙུན་མོ་དང་བཅས་བོན་ལ་དད་པའི་མི་སྣ་དབང་ཐང་ཅན་གྱིས་བསྐོར་ཡོད་པས། ཆོས་གཙོ་བོར་བཀུར་ཞིང་བོན་བསྣུབ་པའི་ཐག་གཅོད་དེ་ཀུན་གྱིས་ཁས་ལེན་སོས་ཐེག་བྱ་བའི་ཆེད་དུ། ཁྲི་སྲོང་གིས་བོན་པོ་དང་ཆོས་པའི་རྩོད་པ་ཆེན་པོ་ཞིག་བཀོད་སྒྲིག་བྱས་ནས་བོན་ཆོས་ཀྱི་འདེམས་ཀ་བོར། དེ་ལ་བརྟེན་ནས་བོན་བསྣུབ་པའི་ཐབས་ཇུས་བཀོད། ཁྲི་སྲོང་སྐབས་ཀྱི་བོན་དང་ཆོས་ཀྱི་རྩོད་པ་དེའི་སྐོར་ལ། བོད་ཀྱི་ད་ཡོད་ཀྱི་ཡིག་རྙིང་ དུ་བཀོད་ཡོད་པ་སྔ་ཤོས་ནི་རྦ་བཞེད་ཞབས་བཏེགས་མ་ཡིན་ཏེ་དེ་ལྟར་ན། ཁྲི་སྲོང་གིས་ཆོས་དར་སྤེལ་བྱེད་བཞིན་པའི་སྐང་ལ། བོན་པོ་དང་བློན་པོ་ཁ་ཤས་ཁ་ལོག་སྟེ་ཆོས་མི་བྱེད་བོན་བྱེད་ཟེར་ནས་རྒྱལ་པོའི་བཀའ་གྱེན་དུ་བཟློག བོ་ངྷི་ས་ཏྭས་བོན་ལ་རྩོད་པ་བསླངས་ནས། བོན་རྒྱལ་ན་བོན་སྤེལ་ཞིང་ཆོས་འགྲོ་རྒྱུ་དང་ཆོས་རྒྱལ་ན་ཆོས་སྤེལ་ཞིང་བོན་འགྲོ་རྒྱུར་འཆམ། ཕོ་རང་ཟུར་ཕུ་སྐྱང་བུ་འཚལ་དུ་བཏབ་ནས། ཆོས་ཀྱི་ཁད་དཔོན་ཞང་ཉ་བཟང་དང་། སྟག་བཙན་ལྡོང་གཟིགས་དང་། སེང་འགོ་ལྷ་ལུང་གཟིག་དང་། ཉང་ཤ་མི་རྣམས་བོ་ངྷི་ས་ཏྭའི་ཁ་འཛིན་དང་ཤགས་འདེབས་སུ་བསྐོས། སྟག་ར་ཀླུ་གོང་དང་།རྩིས་པ་ཆེན་པོ་ཁྱུང་པོ་དུམ་ཚུགས། ཁྱུང་པོ་ཙེ་ཙེ། ལྕོག་ལ་སྨོན་ལམ་འབར། ཚེ་མི་ལ་སོགས་པ་བོན་གྱི་ཁ་འཛིན་ཤགས་འདེབས་སུ་བསྐོས།⑦ཞེས་གསུངས། ཡིན་ན་ཡང་། ཡིག་ཆ་དེར་བོན་ཆོས་ཀྱི་རྩོད་པའི་སྐོར་བཤད་པའི་སྐབས་སུ་དྲན་པ་ནམ་མཁའི་མཚན་གླེང་མེད། དེའི་རྗེས་སུ་དུས་རབས་བཅུ་བ་ནས་བཅུ་གཅིག་པའི་བར་དུ་བྱུང་བར་འདོད་པའི་ཡིག་རྙིང་བསྒྲགས་པ་རིན་ཆེན་གླིང་གྲགས་⑧ལས། རྒྱལ་པོ་ཁྲི་སྲོང་གིས་བོན་དང་ཆོས་གཉིས་རྩོད་དུ་བཅུག་པ་ལ། བོན་པོའི་ཁ་འཛིན་ཞང་མ་ཞང་ཁྲོམ་པ་སྐྱེས་དང་། ངམ་སྟག་ར་ཀླུ་གོང་བསྐོས། ཆོས་ཀྱི་ཁ་འཛིན་ཆིབ་ཤཱཀྱ་བྲ་བ་དང་། སྙེར་སྟག་བཙན་ལྡོང་གཟིགས་བསྐོས། སྤྱི་པ་ལ་འགོས་ཁྲི་བཟང་ཡབ་ལྷག་དང་། བྱང་ཆུབ་རྡོ་རྗེ་སྤྲེའུ་ཆུང་བསྐོས། རྒྱལ་པོ་ཉིད་ནི་བླ་ན་བཞུགས། བོན་པོའི་ཤག་མཁན་དྲན་པ་ནམ་མཁས་མཛད། ཆོས་པའི་ཤགས་མཁན་རྨ་ཨ་ཙ་ར་རིན་ཆེན་མཆོག་གིས་མཛད།⑨ཅེས་གསུངས། རྦ་བཞེད་ཞབས་བཏེགས་མ་ནང་བོན་གྱི་ཁ་འཛིན་དང་ཤགས་མཁན་མཉམ་དུ་མི་ལྔ་བགྲངས་རུང་དྲན་པ་ནམ་མཁའ་དེའི་གྲས་སུ་ཆུད་མེད། རྦ་བཞེད་ཕྱོགས་བསྒྲིགས་ནང་དུ་འདུས་པའི་རྦ་བཞེད་དང་དབའ་བཞེད་དང་ཆོས་འབྱུང་གི་ཡི་གེ་ཞིབ་མོ་ལ་སོགས་པའི་ཡིག་རྙིང་རིགས་མཚུངས་རྣམས་དེའི་སྐོར་ལ་ཞལ་མཐུན། དེ་ནས་ལོ་འཁོར་ཉིས་བརྒྱ་ལྷག་གི་རྗེས་སུ་གཏེར་ནས་ཐོན་པའི་བསྒྲགས་པ་རིན་ཆེན་གླིང་གྲགས་ནང་དུ་རྩོད་པའི་ཁ་འཛིན་དང་ཤགས་མཁན་བྱ་བ་སོ་སོར་བགྲངས་ནས་དྲན་པ་ནམ་མཁའ་ཤགས་མཁན་ཡིན་པར་བཀོད་ཡོད། དེའི་མཇུག་བྱང་དུ།⑩ རིག་འཛིན་རྣམས་ཀྱིས་བཀའ་བགྲོས་ནས། དྲན་པ་བདག་གིས་ཡི་གེར་བཏབས་པའོ།། ཞེས་གསུངས་པར་བལྟས་ན། དྲན་པ་ནམ་མཁའ་ཤགས་མཁན་ཡིན་པར་འདོད་པའི་ཡིག་ཆ་རྙིང་ཤས་བསྒྲགས་པ་རིན་ཆེན་གླིང་གྲགས་ཡིན་པ་དང་། དེ་ནི་རིག་འཛིན་མང་པོས་སྐབས་དེའི་ལོ་རྒྱུས་ཕྱིར་དྲན་བྱས་པ་དེ་དྲན་པ་ནམ་མཁས་ཡིག་ཐོག་ཏུ་ཕབ་པ་ཡིན་དགོས། དེའི་ཕྱིས་སུ་བྱུང་བའི་སྲིད་པ་རྒྱུད་ཀྱི་ཁ་བྱང་དུ་བསྒྲགས་བྱང་བཞིན་དུ་བཀོད། བོན་ལུགས་གི་བསྟན་འབྱུང་ཁག་ཏུ་དྲན་པ་ནམ་མཁའ་བོན་ཆོས་རྩོད་པའི་སྐབས་སུ་ཤགས་མཁན་ཡིན་པར་སྨྲ་བའི་ཁུངས་དེ་ལ་ཐུག བསྒྲགས་པ་རིན་ཆེན་གླིང་གྲགས་དང་སྲིད་པ་རྒྱུད་ཀྱི་ཁ་བྱང་གཉིས་སུ་ཤགས་འགྱེད་མ་གཏོགས་མཐུ་རྩལ་འགྲན་པའི་བརྒྱུད་རིམ་ཁ་ཤས་ཀྱང་བརྗོད་ཡོད། རྩོད་པ་མ་བྱས་གོང་དུ་འབྲས་སུ་མངོན་གསལ་དུ་ཤེས་ཐུབ་པའི་བོན་ཆོས་ཀྱི་རྩོད་གླེང་དེ་མཐར་ཆོས་རྒྱལ་བོན་ཕམ་གྱི་འབྲས་བུས་མཇུག་བསྒྲིལ། ཤགས་མཁན་བྱས་ནས་ཕམ་རུང་། དྲན་པ་ནམ་མཁའ་ནི་ཁྲི་སྲོང་སྐབས་ཀྱི་མཁས་གྲུབ་ཆེན་པོ་ཞིག་ཡིན་པ་བན་བོན་གཉིས་ཀར་རྩོད་མེད་ཡིན་ཏེ། དུས་རབས་བཅུ་གཉིས་པར་གྲུབ་པའི་ཉང་ཆོས་འབྱུང་དུ། དྲན་པ་ནམ་མཁས་ཐོག་ཆེན་མདའ་ལྟར་འཕེན། གཡག་རྒོད་ཁུགས།⑾ཞེས་བསྔགས་པ་དང་། ཀློང་ཆེན་ཆོས་འབྱུང་དུ་ཁྲི་སྲོང་སྐབས་ཀྱི་པཎ་གྲུབ་དང་ལོ་ཙཱ་བའི་མཚན་ཐོའི་ནང་དུ་དྲན་པ་ནམ་མཁའ་ཆུད་⑿ཡོད་པ་དང་། རྗེ་འབངས་ཉེར་ལྔའི་གྲས་སུ་ཁྱེའི་ཀི་ཆུང་ལོ་ཟེར་བ་དེ་དྲན་པ་ནམ་མཁའ་ཡིན་པ་ཡིག་རྙིང་ཁག་ཏུ་གསལ་བ་དང་དུང་དཀར་བློ་བཟང་འཕྲིན་ལས་ནས་ཀྱང་གསུངས་⒀ཡོད་པ་བཅས་ཀྱིས་བདེན་དཔང་བྱེད་ཐུབ། བོན་ཆོས་ཀྱི་རྩོད་པ་ལས་བོན་ཕམ་པའི་གོ་སྐབས་དང་བསྟུན་ནས། ཁྲི་སྲོང་གིས་བོན་གྱི་བསྟན་པ་བསྣུབས། བསྒྲགས་པ་རིན་ཆེན་གླིང་གྲགས་ལས། དུས་དེ་ཙམ་ན། རྒྱལ་བློན་བན་དྷ་རྣམས་ཀྱིས་བོན་གྱི་ལྷ་ཁང་མཆོད་རྟེན་འགའ་རེ་བཤིག ཆོས་ཀྱི་ལྷ་ཁང་མཆོད་རྟེན་དུ་བསྒྱུར་རོ། བོན་པོ་ལ་ལ་གྲི་རུ་བཀྲོངས། བོན་སྤྱོད་པ་གང་ན་འདུག་པ་ལ་ལྟ་བས་ཉུལ་མར་བཏང་། བོན་ལ་དགའ་བའི་བོད་འབངས་འགའ་རེ་ལ་ཆད་པ་བཅད། བོད་ཀྱི་ས་སྐོར་དུ་བོན་དེ་ལྟར་བསྣུབས་སོ།།⒁ཞེས་གསུངས། ཁ་ཅིག་བནྡེར་བསྒྱུར་ཞིང་ཁ་ཅིག་ཡུལ་གྲུ་གཞན་དུ་སྤྱུགས། དྲན་པ་ནམ་མཁའ་ནི་བནྡེར་བསྒྱུར་བའི་གྲས་ཀྱི་མཁས་གྲུབ་ཆེན་པོ་ཡིན་པ་བོན་ཆོས་གཉིས་ཀའི་ཡིག་ཆ་ལས་གསལ། ཁོ་རང་ནན་གྱིས་བནྡེར་བསྒྱུར་པས་ཁོ་ལ་ནན་བན་དྲན་པ་ནམ་མཁའ་ཞེས་ཐོགས་⒂པའི་ལོ་རྒྱུས་ཡང་དེ་ལ་ཐུག བན་དུ་བསྒྱུར་པའི་རྗེས་སུ་ཆོས་ཕྱོགས་ཀྱི་དོན་བྱ་མང་པོ་བསྒྲུབས་པས་ཁོ་རང་རྗེ་འབངས་ཉེར་ལྔའི་གྲས་སུ་ཆུད། ཁོ་བན་དུ་བསྒྱུར་བ་མ་ཟད་ཆོས་ལུགས་སུ་རབ་ཏུ་བྱུང་བའི་ལོ་རྒྱུས་ཀྱང་བསྒྲགས་པ་རིན་ཆེན་གླིང་གྲགས་དང་དེའི་ཕྱིས་སུ་གཏེར་ནས་ཐོན་པའི་སྲིད་པ་རྒྱུད་ཀྱི་ཁ་བྱང་ནང་དུ་གསལ་མོད། དེའི་སྐོར་བན་ལུགས་ཀྱི་ཆོས་འབྱུང་དུ་གསལ་ཁ་མ་ཐོན། ངག་རྒྱུན་དུ་ཁོ་རང་སད་མི་བདུན་གྱི་གྲས་སུ་ཡོད་པར་གྲགས་མོད་ཡིག་ཐོག་ཏུ་ཕབ་པ་མ་མཐོང་། ངག་རྒྱུན་དེའི་བྱུང་ཁུངས་ཡང་གོང་སྨྲས་ཀྱི་ཡིག་ཆ་དེ་གཉིས་སུ་ཁོ་རང་ཆོས་ལུགས་སུ་རབ་ཏུ་བྱུང་བའི་སྐོར་བྲིས་ཡོད་པ་དེ་ལ་ཐུག་ཡོད་སྙམ། དེའི་ཕྱིས་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་ཕལ་ཆེར་གོང་སྨྲས་ཀྱི་བཞེད་པ་འདིའི་རྒྱུན་བསྐྱངས། དཔེར་ན། མཁས་གྲུབ་ལུང་རྟོགས་རྒྱ་མཚོས་(1878)དྲན་པ་ནམ་མཁའ་ལ་སོགས་ཀྱིས་གྲུབ་མཐའ་ཕྱོགས་མེད་བཞེས་ནས། རྒྱལ་པོ་དང་བན་དེ་དགོངས་པ་དང་མཐུན་པར་ཆོས་ཀྱི་རྗེས་སུ་རབ་ཏུ་བྱུང་བའི་ཚུལ་མཛད། དེ་ཡང་རང་གི་གཤང་ནི་སྤྱི་བོར་བཀྲོལ་ནས་སྤང་བར་བྱའོ་གཡུང་དྲུང་གི་བོན་གསུངས་ནས་གཤང་བསྐུངས་སོ།། རྡོ་རྗེ་དང་དྲིལ་བུ་བླངས་ནས་སྨིན་མཚམས་སུ་བསྒྲགས་ཏེ་བླང་བར་བྱའོ་དམ་པའི་ཆོས་གསུངས་ནས་རང་གི་དབུ་སྐྲ་རང་གིས་བྲེགས། ལོ་སུམ་ཅུ་སོ་ལྔའི་བར་དུ་བན་གྲལ་དུ་བཞུགས་སོ།། ཞེས་གསུངས་པ་ལྟར་རོ།།⒃སྐབས་དེ་ལ་དྲན་པ་ནམ་མཁའ་གཙོ་བྱས་པའི་ནན་བན་མང་པོ་ཞིག་གིས་ཆོས་ཀྱི་འགྲོས་དང་བསྟུན་པའི་བོན་བསྟན་གྱི་གཞུང་ལུགས་དང་ཆོ་གའི་བསྟན་བཅོས་མང་པོ་བརྩམས་པ་དུས་ཕྱིས་ཀྱི་བོན་གསར་མའི་ཁུངས་སུ་གྱུར། ཁྲི་སྲོང་གིས་བོན་བསྣུབས་པ་ནི་ཆོས་སྤེལ་བའི་ལམ་གྱི་གེགས་བསལ་བ་ཡིན་ལ། གེགས་མེད་ཀྱི་ལམ་དེར་ཞུགས་ནས་ཆོས་སྤེལ་མཁན་གཙོ་བོ་ནི་སློབ་དཔོན་པད་མ་འབྱུང་གནས་གཙོ་བྱས་པའི་རྒྱ་བོད་ཀྱི་མཁས་གྲུབ་དང་ཆོས་བློན་རྣམས་ཡིན། དེའི་རྐྱེན་གྱིས་བོན་གྱི་གཞུང་ལུགས་དང་ཆོ་གའི་བསྟན་བཅོས་གསར་བ་བརྩམས་པ་རྣམས་སུ་སློབ་དཔོན་པད་མ་འབྱུང་གནས་གཙོ་བོར་བཀུར་ཡོད། སྐབས་དེའི་བོན་པོ་རྣམས་ལ་མཚོན་ན་སློབ་དཔོན་པད་མ་བཀུར་མི་བཀུར་དེ་ཁྲི་སྲོང་གི་དབང་ཐང་དེ་ལ་མགོ་སྒུར་དང་མི་སྒུར་གྱི་གནད་འགག་ལ་ཐུག་ཡོད་པས། བོན་བསྟན་སྤེལ་བའི་ཆེད་དུ་ནན་བན་རྣམས་ཀྱིས་སློབ་དཔོན་པད་མ་གཙུག་ཏུ་བཀུར་ནས་རང་གི་བསྟན་པ་སྤེལ་བ་དང་དེའི་དར་རྒྱུན་བོན་གསར་མ་བྱ་བ་དེ་རེད། དེའི་རྒྱུ་མཚན་གྱིས་སློབ་དཔོན་བསྟེན་མི་བསྟེན་དེ་ཕྱིས་བྱུང་གི་བོན་པོ་གསར་རྙིང་གི་ཁྱད་པར་འགའ་རེ་ནང་གི་གཅིག་ཡིན་པ་གདོན་མི་ཟའོ།། ཁོ་བོ་ནི་བོན་གྱི་གཞུང་གི་ཐོས་བསམ་དང་ཆོ་གའི་ལག་ལེན་ཕྱོགས་གང་ཅི་ཐད་ནས་སྦྱོང་བ་ཅི་ཡང་མེད་པ་ཞིག་ཡིན་མོད། མཁས་པའི་དབང་བོ་རྣམས་ལ་བཀའ་འདྲི་ཞུས་པ་ལྟར་ན། གོང་སྨྲས་ཀྱི་ཁྱད་པར་དེ་དང་ཆོ་གའི་ལས་ཚོགས་ལ་སོགས་པའི་བཅའ་ཁ་ཕྱག་ལེན་ཙམ་མ་གཏོགས། མདོ་སྔགས་སེམས་གསུམ་གྱི་གཞུང་གི་རྒྱུད་ལུང་མན་ངག་དང་དེ་དག་གི་ཉམས་ལེན་ཕྱོགས་ནས་བོན་གསར་རྙིང་བར་ལ་ཁྱད་པར་ཅི་ཡང་མེད་པར་གསུངས། སྐབས་དེར་བརྩམས་པའི་བསྟན་བཅོས་མང་པོ་ཞིག་མངོན་ལྐོག་གཉིས་ཀའི་སྒོ་ནས་སྤེལ་བ་དང་། མང་ཤོས་གཏེར་དུ་སྦས་ནས་ཕྱིས་སུ་སྤྲུལ་སྐུ་རྣམ་བཞི་ལ་སོགས་པས་གཏེར་ནས་བཏོན་པ་རྣམས་བོན་གསར་མར་གཏོགས་པའི་གཏེར་གསར་གྱི་བསྟན་བཅོས་ཡིན་ནོ།།

  ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་པ་བདེན་མོད། ཁོས་བོན་པོ་ཐམས་ཅད་མེད་པར་བཟོས་པ་མ་ཡིན་པའང་མངོན་གསལ་རེད། བོན་བསྣུབས་པའི་དམིགས་ཡུལ་གཙོ་བོ་ནི་ཆོས་ལ་བརྣག་པའི་བོན་གྱི་བློན་པོ་རྣམས་དང་དེ་དག་གིས་རྒྱབ་སྐྱོར་བྱས་པའི་བོན་པོ་དེ་ཚོ་ཡིན་ལ། དེ་ཆོས་ལུགས་ཀྱི་འགལ་ཟླ་གཅིག་པུ་མ་ཡིན་པར་ཁོ་རང་གི་སྲིད་དབང་གིའང་འགྲན་ཟླར་གྱུར་ཡོད་པས། རྒྱལ་པོའི་སྲིད་དབང་བརྟན་དགོས་ན་ངེས་པར་དུ་ཁོ་ཆོའི་སྟོབས་ཤུགས་དེ་རྩ་མེད་དུ་གཏོང་དགོས་པར་གྱུར་པ་ལས། བོན་གྱི་བསྟན་པ་ཐམས་ཅད་མེད་པར་བཟོས་པ་མ་རེད་སྙམ། དེའི་རྒྱུ་མཚན་གྱིས་ཁྲི་སྲོང་གིས་བོན་བསྣུབས་པའི་རྗེས་སུ། བོན་ཆོས་གཉིས་ཀ་སྤྱད་པའི་ལོ་རྒྱུས་ཡིག་ཐོག་ཏུ་གསལ། བསྒྲགས་པ་རིན་ཆེན་གླིང་གྲགས་ལས། རྒྱལ་པོའི་ཞལ་ནས། བོན་ཆོས་གཉིས་ཐང་རེ་གཉིས་ཀ་སྤངས། ད་ཡང་གཉིས་ཀ་སྤྱན་དྲངས་བ་ལགས། ད་གཉིས་ཀ་ང་ཡི་མཆོད་གནས་ལ་བཞུགས་འཚལ། གཏེར་ཡང་ཀཉིས་ཀ་ལ་སོ་སོར་བདོག་པས། དེ་ཀའི་སྟེང་དུ་ཞོག བོན་ཆོས་གཉིས་བཟང་ལ་བདེན་པས། ང་ཡི་སྐུ་ཚེ་ལ་ཡང་གཉིས་ཀ་དགོས་འབངས་ཀྱི་སྲོག་འཚོ་བ་ལ་ཡང་གཉིས་ཀ་དགོས། སེམས་ཅན་གྱི་དོན་བྱེད་པ་ལ་ཡང་གཉིས་ཀ་དགོས་པས། སྲིད་པ་ན་གཉེན་པ་བོན་ཡིན་བཙུན་པ་ཆོས་ཡིན་པས། ད་ཕྱིན་ཆད་བོན་ཆོས་གཉིས་ཀ་འཚོགས་ལ། ཟུར་ཕུད་རྐྱང་བུ་ཚལ་དུ་གཉེན་སྲེད་ཅིག་མཛད་པར་ཞུ། ཞེས་གསུངས་སོ།།⒄ཞེས་བཀོད། བོན་ཆོས་གཉིས་ཀ་མཉམ་དུ་སྤྱད་པ་མ་ཟད། ཁྲི་སྲོང་ལྡེ་བཙན་གྱིས་ཞང་ཞུང་གི་མཁས་པ་གྱེར་སྤུངས་སྣང་བཞེར་ལོད་པོ་ལ་དོན་བཞི་ཁས་བླངས་པའི་ལོ་རྒྱུས་ཡིག་ཆ་ཁ་ཤས་སུ་མཐོང་རྒྱུ་ཡོད་དེ། དེའི་ནང་དུ་གྱེར་སྤུངས་ཀྱིས་སྤྱོད་པའི་ཞང་ཞུང་གི་བོན་སྡེ་དེ་མི་བསྣུབ་རྒྱུ་དང་། ཁོའི་སྐྱེས་ཁུངས་གུ་རིབ་ཀྱི་མི་སྡེ་དེ་ལ་ཡར་ལུང་སོག་ཀ་བྱིན་ནས་བླ་དང་བློན་གྱི་ཁྲལ་མེད་པར་གཡས་གྲལ་དུ་འཇོག་རྒྱུ་དང་། ཞང་ཞུང་རྒྱལ་པོའི་སྐུ་ཚད་ཀྱི་གསེར་གྱི་མཆོད་རྟེན་གཅིག་བཞེང་རྒྱུ་དང་། མི་སྟོང་བཅུ་གསུམ་བཙུན་མོ་ཁྱུང་ཟ་མཚོ་རྒྱལ་གྱི་སྤྱན་སྔར་བརྫངས།⒅ཞང་ཞུང་སྙན་རྒྱུད་གཏེར་དུ་མ་སོང་པའི་རྒྱུ་མཚན་ཡང་དེ་ཡིན་པར་གྲགས། གོང་གི་ལུང་འདི་དག་ལ་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ། སྐབས་དེར་དམངས་ཁྲོད་དུ་བོན་གྱི་སྟོབས་ཤུགས་ཤིན་ཏུ་ཆེ་བས། ཁོས་བོན་བསྣུབས་པ་དེ་གཙོ་བོ་བོན་པོའི་ནང་ནས་ཁོས་ཆོས་སྤེལ་བའི་བྱ་བཞག་དེ་ལ་ངོ་རྒོལ་དྲག་པོ་བྱས་པའི་སྟོབས་ཤུགས་དེ་ལ་དམིགས་པ་ཡིན་པ་ལས། བོད་ནས་བོན་ཐམས་ཅད་མེད་པར་བཟོ་རྒྱུ་གཏན་ནས་མ་རེད། དེ་བས། སྐབས་དེར་དྲན་པ་ནམ་མཁས་གཙོས་པའི་བོན་གསར་མ་ཆོས་ལ་བསྟུན་ནས་བྱུང་ཞིང་མི་མཐུད་ནས་དར་ཐུབ་པའི་རྒྱུ་མཚན་དེ་ལ་ཐུག སྐབས་དེར་ཆོས་ལ་བསྟུན་ནས་བོན་གསར་མ་བྱུང་བའི་དུས་མཚུངས་སུ། བོན་ལ་བསྟུན་ནས་ཆོས་གསར་མ་ཡང་བྱུང་ཡོད་ལ། རྒྱ་གར་གྱི་ཆོས་ལ་བོད་ཀྱི་བཙན་པོའི་སྲིད་དབང་གི་རྒྱབ་སྐྱོར་ཡོད་པས་སྟོབས་ཤུགས་ཆེ་ཞིང་དར་སྤེལ་ཆེན་པོ་བྱུང་ཡོད་མོད། ལོ་ངོ་སྟོང་ཕྲག་ཁ་ཤས་བརྒྱུད་པའི་ས་སྐྱེས་རྡོ་སྐྱེས་ཀྱི་བོན་པོའི་དད་པ་དེ་བོད་མི་རྣམས་ཀྱི་ལུས་ཁྲག་དྲོན་མོའི་རྒྱུན་དང་རུས་པའི་རྐང་དུ་ཞུགས་ཡོད་པས་དེ་གློ་བུར་དུ་བརྗེས་ཐུབ་རྒྱུ་ག་ལ་སྲིད། དེ་བས། བཙན་པོའི་སྲིད་དབང་གི་བཙན་ཤུགས་ལ་བརྟེན་ནས་ལྷ་ཁང་བཞེངས་ཤིང་ཆོས་ཀྱི་བསྟན་བཅོས་བསྒྱུར་བའི་དུས་མཚུངས་སུ། སློབ་དཔོན་པད་མ་ལ་སོགས་པའི་ཆོས་པ་རྣམས་ཀྱིས་བོད་མི་རྣམས་གོམས་འདྲིས་ཆེ་ཞིང་སྐྱིད་སྡུག་རེ་དགོས་པའི་བོན་ལུགས་ཀྱི་ཡུལ་ས་གཞི་བདག་དང་གནས་རི་ཐམས་ཅད་ལ་ཆོས་དང་མཐུན་པའི་བསང་དང་བསྐང་གསོལ་གསར་བ་བརྩམས་ནས་ཆོས་ཕྱོགས་ཀྱི་སྲུང་མར་བཀུར། སྲིད་པ་རྒྱུད་ཀྱི་བོན་ལས་འཇིག་རྟེན་གྱི་བདེ་སྡུག་སྒྲུབ་ནས་བོད་དམངས་ཁྲོད་དུ་དར་ཁྱབ་ཤིན་ཏུ་ཆེ་བའི་སེལ་དང་བསང་། བརྔན། གཡང་། མདོས། ཀླུ། གླུད། གཉན། འདུར། གཏོ། དཔྱད། མོ། རྩིས། གཏོར་མ་ལ་སོགས་པའི་བོན་གྱི་རིག་གནས་ཐམས་ཅད་ཆོས་དང་བསྟུན་ནས་སླར་ཡང་གཞུང་གསར་བ་བརྩམས་ནས་ཆོས་ལུགས་སུ་བསྒྱུར། བསྒྱུར་བཅོས་དེ་དག་གིས་བོད་པ་རྣམས་གློ་བུར་དུ་རང་ལ་རྒྱུས་མེད་པའི་ཆོས་ལུགས་ཤིག་ལ་བསྒྱུར་དགོས་པའི་སེམས་ཁྲེལ་དང་། རྒྱུས་མེད་པའི་ཆོས་ཤིག་ལ་དད་པ་བྱས་ན་ཡུལ་ས་གཞི་བདག་གི་ཆད་པ་འབྱུང་སྲིད་པའི་འཇིགས་སྣང་སེལ་བས། སྐབས་དེར་ཆོས་སྤེལ་བའི་གྲོགས་སུ་གྱུར། དེ་ནི་བོན་དང་བསྟུན་པའི་ཆོས་གསར་བ་བྱུང་བའི་ལོ་རྒྱུས་ཀྱི་རྒྱུ་མཚན་རེད། སྐབས་དེར་ཆོས་ལ་བསྟུན་པའི་བོན་གསར་མ་དང་བོན་ལ་བསྟུན་པའི་ཆོས་གསར་མ་གཉིས་ཀ་བྱུང་བ་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ། རྒྱ་གར་གྱི་དམ་པའི་ཆོས་དང་བོད་རང་སའི་གཡུང་དྲུང་བོན་གཉིས་འབྲེལ་འདྲིས་དང་ཕན་ཚུན་དང་ལེན་གཏིང་ཟབ་མོ་འབྱུང་བའི་འགོ་བཙུགས་པ་ཡིན་པ་དང་། རིན་ཐང་གཞལ་དུ་མེད་པའི་བསྟན་པ་དེ་གཉིས་གྱི་གསེར་གྱི་ཞུན་མ་བོད་ས་མཐོའི་སྟེང་དུ་བཞུར་ཞིང་མཉམ་གཅིག་ཏུ་འདྲེས་ནས་ཕྱིས་བྱུང་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པར་བཏང་པ་དང་། བོད་མི་རིགས་ཀྱི་སེམས་ཁམས་ཀྱི་དྭངས་གཙང་དང་། བསམ་བློའི་འཁྱེར་སོ། བྱ་སྤྱོད་ཀྱི་སྟབས་སྟངས་སོགས་ལ་ཤན་ཤུགས་རྒྱ་ཆེན་པོ་ཐེབས་ཡོད་པ་ལ། སློབ་དཔོན་པད་མ་འབྱུང་གནས་དང་དྲན་པ་ནམ་མཁའ་ལ་སོགས་པའི་མཁས་གྲུབ་རྣམས་ཀྱིས་ཕྱག་རྗེས་བླ་ན་མེད་པ་བཞག་ཡོད།

གསུམ་པ། དྲན་པ་ནམ་མཁའ་དང་སློབ་དཔོན་པད་མ་འབྱུང་གནས།

  བོད་ཀྱི་ལོ་རྒྱུས་སྟེང་དུ་དྲན་པ་ནམ་མཁའ་ཁ་ཤས་བྱུང་བ་དང་། འདིར་བརྗོད་པའི་དྲན་པ་ནམ་མཁའ་ནི་དྭགས་པོའི་ཡུལ་ནས་འཁྲུངས། ཡབ་དམུ་གཤེན་དགས་པ་དང་ཡུམ་བདའ་ཟ་མཁར་ལྕམ། དགོང་ལོ་དགུ་ནས་འབྲི་ཀློག་ལེགས་སུ་སྦྱངས། བཅུ་བདུན་ལོན་ནས་རྒྱ་གར་ཡུལ་དུ་བྱོན། དགུང་ལོ་བཞི་བཅུ་ཞེ་བདུན་ལ་གསེར་ཕྱེ་བྲེ་གསུམ་ཁྱེར་ནས་བླ་མ་ལ་ཞབས་ཏོག་འབུལ་དུ་བྱོན། རྒྱ་གར་མཁས་པ་བདེ་བ་སྙིང་པོ་གསས་ལ་རྒྱ་གར་བོན་སྐོར་སྦྱངས། ལྷག་པར་དུ་གསང་སྔགས་དང་སེམས་ཕྱོགས་དཔྱིས་ཕྱིན་པར་སྦྱངས། དྲང་དོན་མུན་སེལ་སྒྲོན་མ་ལས།(དྲན་པ་ནམ་མཁས་)ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ་མཐུ་དང་རྫུ་འཕྲུལ་གྱི་བོན་སྡེ་ཞུས། འོད་འཕྲོ་སེང་གེ་འབར་བའི་ཚལ་དུ་ལོ་གསུམ་ཐུགས་ཉམས་སུ་བཞེས། རིག་པ་གཅིག་རྫོགས་སུ་སོང་བས་རྫུ་འཕྲུལ་ཞབས་ཀྱིས་བོད་དུ་ལན་གསུམ་བྱོན། བསམ་ཡས་མཆིམས་ཕུ་རུ་བཅུད་ལེན་དང་རྐང་མགྱོགས་ལ་སོགས་གྲུབ་རྟགས་ཤིན་ཏུ་མང་བར་བྱུང་།⒆ཞེས་དང་། ཚེ་ཡི་དངོས་གྲུབ་ཐོབ་ནས་བོད་ལ་ལོ་བདུན་བཞུགས། དེ་དུས་ཆོས་དར་བོན་བསྣུབས་བོན་རྣམས་གཏེར་དུ་སྦས།⒇ཞེས་གསུངས། ལོ་སུམ་ཅུ་རྩ་བདུན་སྟེང་དུ་ནན་བན་བྱས་གཏེར་དུ་སྦས་པའི་བོན་གཏེར་རྣམས་ནི་དུས་ཕྱིས་སུ་བླ་ཆེན་དྲན་པ་ནམ་མཁའི་ཡང་སྲིད་དུ་འདོད་པའི་སྤྲུལ་སྐུ་རྣམ་བཞི་21ལ་སོགས་པས་གཏེར་ནས་དྲངས་པའི་བོན་གསར་མ་མདོ་ཁམས་སྨད་དུ་དར་བ་དེ་རྣམས་ཡིན་པར་གྲགས། དྲན་པ་ནམ་མཁའ་དང་པད་མ་འབྱུང་གནས་གཉིས་ཀ་དུས་རབས་བརྒྱད་པའི་སྐབས་ཀྱི་ལོ་རྒྱུས་མི་སྣ་གལ་ཆེན་ཡིན་པ་དང་། སྔ་མ་བོན་གཤེན་ཆེན་པོ་ཡིན་ཞིང་། རྗེས་སུ་ཁྲི་སྲོང་ལྡེ་བཙན་གྱིས་ཆོས་སྤེལ་ཞིང་བོན་བསྣུབས་པས་ནན་གྱིས་བན་དུ་བསྒྱུར་ནས་བོན་ཆོས་གཉིས་ཀ་སྤྱད་པའི་མི་སྣ་ཞིག་ཏུ་གྱུར། ཕྱི་མ་ནི་ཁྲི་སྲོང་གིས་ཨོ་རྒྱན་ཡུལ་ནས་གདན་དྲངས་ནས་བོད་དུ་ཆོས་སྤེལ་བའི་མཁས་གྲུབ་ཆེན་པོ་ཞིག་རེད། ཁོང་གཉིས་དུས་མཉམ་ཡིན་ཞིང་ཆོས་ལུགས་ཕྱོགས་ཁག་ཁ་ཁ་ཡིན་པ་མངོན་གསལ་རེད་མོད། ཐད་ཀར་འགལ་འབྲེལ་ཅི་བྱུང་གི་ལོ་རྒྱུས་ཡིད་རྟོན་ཐུབ་པ་ཞིག་ད་རེག་བར་དུ་མ་མཐོང་།

  ཁོང་རྣམ་པ་གཉིས་ལ་འགལ་འབྲེལ་ཅི་བྱུང་གི་ལོ་རྒྱུས་གསལ་བོ་མེད་ན་སྐབས་འདིར་མཉམ་དུ་བརྗོད་པའི་དགོས་པ་ཆེར་མ་མཆིས་མོད། ཕྱིས་བྱུང་གི་ལོ་རྒྱུས་ཡིག་ཆ་ཁ་ཤས་སུ་པད་མ་འབྱུང་གནས་མངལ་སྐྱེས་ཡིན་པ་དང་གྱེར་སྤུངས་དྲན་པ་ནམ་མཁའ་བྱ་བ་དེ་པད་མ་འབྱུང་གནས་ཀྱི་ཡབ་ཡིན་པར་བརྗོད་ཡོད་པས། སྐབས་འདིར་དེའི་སྐོར་གྱི་གཏམ་གླེང་རགས་ཙམ་མི་བྱེད་ཀ་མེད་བྱུང་།

  བོན་ལུགས་ཀྱི་ཡིག་ཚང་ལྟར་ན། ཞང་ཞུང་ཁྱུང་ལུང་དངུལ་མཁར་ནས་འཁྲུངས་པའི་གྱེར་སྤུངས་དྲན་པ་ནམ་མཁའ་བྱ་བ་ལ་སྲས་གཉིས་ཡོད་ལ། དེ་ནི་ཚེ་དབང་རིག་འཛིན་དང་པད་མ་མཐོང་གྲོལ་ཏེ། ཕྱི་མ་ནི་པད་མ་འབྱུང་གནས་ཡིན་པར་གྲགས། དེའི་སྐོར་ལ་ཡིག་ཆ་སྔ་ཤོས་ནི། དུས་རབས་བཅོ་བརྒྱད་པའི་ནང་གི་གཏེར་སྟོན་སངས་རྒྱས་གླིང་པས་(1705-1735)གཏེར་ནས་བཏོན་པའི་སློབ་དཔོན་པད་མའི་རྣམ་ཐར་ཡིན། རྣམ་ཐར་དེའི་མཚན་བྱང་ལ། གུ་རུ་པད་འབྱུང་གི་རྣམ་ཐར་ཀུན་སྣང་གསལ་བའི་སྒྲོན་མེ་22ཞེས་ཟེར། དེའི་ཡར་སྔོན་གྱི་ཡིག་ཆ་རྙིང་པར་དྲན་པ་དང་སློབ་དཔོན་པད་མ་གཉིས་ཡབ་སྲས་ཡིན་པའི་སྐོར་བྲིས་ཡོད་པ་མ་མཐོང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་དྲན་པ་རྒྱ་གར་དུ་བྱོན་དུས་མཁའ་འགྲོ་འོད་ལྡན་འབར་མ་སྒྲུབ་སྡེ་མ་རུ་བཙལ་ནས་སྲས་བྱུང་བའི་ཚིག་སྒྲོས་ཙམ་23བྱུང་མོད། སྐབས་དེར་བྱུང་བའི་སྲས་ནི་རིག་འཛིན་ཆེན་པོ་ཚེ་ལ་དབང་ཐོབ་པ་ཞེས་པ་དེ་གཅིག་པུ་ཡིན་ལ་དེ་ནི་བླ་ཆེན་ཚེ་དབང་རིག་འཛིན་ཡིན་པ་མངོན་གསལ་རེད། སྲས་དེ་མ་གཏོགས་པད་མ་འབྱུང་གནས་སྐོར་གྱི་སྐད་ཆ་ཅི་ཡང་མེད། དེ་ལ་བལྟས་ན་དྲན་པ་ནམ་མཁའ་དང་པད་མ་འབྱུང་གནས་གཉིས་ཡབ་སྲས་ཡིན་པའི་འབྲེལ་བའི་སྐོར་གྱི་སྐད་ཆ་དེ་མ་མཐའ་ཡིན་ན་ཡང་དུས་རབས་བཅུ་གསུམ་པའི་ནང་དུ་ཁོད་པོ་བློ་གྲོས་ཐོགས་མེད་(L280 )ཀྱིས་སྲིད་པ་རྒྱུད་ཀྱི་ཁ་བྱང་གཏེར་ནས་བཏོན་པའི་རྗེས་སུ་བྱུང་བ་ཡིན་པ་འདྲ།

  འཇམ་དབྱངས་མཁྱེན་བརྩེ་དབང་བོས་( 1820-1892) གསུངས་པའི་གཏེར་སྟོན་གྱི་རྣམ་ཐར་ནང་དུ་བོན་ལུགས་ཀྱི་སློབ་དཔོན་པད་མའི་རྣམ་ཐར་ཞིག་ཡོད་པ་ཕྱིས་སུ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་རིན་ཆེན་གཏེར་མཛོད་ནང་དུ་བཅུག་ཡོད། འཇམ་དབྱངས་མཁྱེན་བརྩེ་དབང་བོས་གསུངས་པའི་རྣམ་ཐར་དེའི་ནང་དུ། ལེའུ་དང་པོ། ཡབ་དྲན་པ་ནམ་མཁའི་འཁྲུངས་རབས་དང་། ལེའུ་གསུམ་པར། སྤྲུལ་བའི་སྲས་གཉིས་འཁྲུངས་པ་གཡུང་དྲུང་དོན་གསལ་དང་པད་མ་མཐོང་གྲོལ་ཏེ་རྗེས་མ་ནི་པད་མ་འབྱུང་གནས་ཡིན། ལེའུ་བཅུ་བའི་ནང་དུ་པད་མ་འབྱུང་གནས་བོད་དུ་ཕེབས་ནས་བསྟན་པ་བསྐྱངས་ཤིང་གཏེར་མང་པོ་སྦས་པའི་སྐོར་གསུངས་ཡོད། དེ་ལ་བལྟས་ན། བོན་ལུགས་སུ་ཡོད་པའི་པད་མ་འབྱུང་གནས་ཀྱི་རྣམ་ཐར་དེས་ཐུབ་བསྟན་པའི་མཁས་པ་ཁ་ཤས་ལ་ཡང་ཤན་ཞུགས་ཡོད་པ་ཤེས་ཐུབ།

  མཁར་རྨེའུ་བསམ་གཏན་གྱིས་1972ལོར་འཇམ་དབྱངས་མཁྱེན་བརྩེ་དབང་བོས་གསུངས་པའི་བོན་ལུགས་ཀྱི་པད་མ་འབྱུང་གནས་ཀྱི་རྣམ་ཐར་སྐོར་གྱི་གསུང་གླེང་ཡོད་ཅིང་། ཧྥ་རན་སིའི་མཁས་པ་ལྕམ་འབུ་ལུང་མདོ་ཡིས། བོན་པོའི་གསང་སྔགས་ཀྱི་གཏམ་རྒྱུད་དང་པད་མ་འབྱུང་གནས་ཀྱི་རྣམ་ཐར་ནང་གི་ལོ་རྒྱུས་རྒྱུ་ཆའི་བྱུང་ཁུངས་24ཞེས་བྱ་བའི་དཔྱད་རྩོམ་ཞིག་1985ལོ་ཡི་ཏ་ལི་ནས་བཀྲམ་པའི་ནང་དུ། འཇམ་དབྱངས་མཁྱེན་བརྩེ་དབང་པོས་གསུངས་པའི་སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་ནང་གི་ལོ་རྒྱུས་ཀྱི་རྒྱུ་ཆའི་བྱུང་ཁུངས་བོན་པོ་ཡིན་པ་གསལ་བོར་བསྟན་ཡོད།

  1924ལོར་ཉག་རོང་གཏེར་ཆེན་གསང་སྔགས་གླིང་པས་(1864- )དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་ཞེས་བྱ་བའི་རྣམ་ཐར་པོ་ཏི་བརྒྱད་ཀྱི་བདག་ཉིད་ཅན་ཞིག་གཏེར་ནས་དྲངས།25 ཕྱིས་སུ་དེ་ཉག་རོང་གོང་རྒྱལ་དགོན་པས་ཤིང་པར་བརྐོས་ནས་སྤེལ། རྣམ་ཐར་དེའི་ནང་དུ། ཡབ་དམུ་རྒྱལ་རྒྱུང་ཡ་མུ་ཁོད་དང་། ཡུམ་ཕྱ་བཙུན་གོང་མ་གཉིས་ཀྱི་སྲས་སུ། གྱེར་སྤུངས་དྲན་པ་ནམ་མཁའ་བྱ་བ་འཁྲུངས་པ་26 བཀོད་པའི་རྗེས་སུ། གྱེར་སྤུངས་དྲན་པ་ནམ་མཁའ་སྟག་གཟིག་དང་། རྒྱ་གར། ཞང་ཞུང་། འཇང་ཡུལ། རྒྱ་ནཀ་རི་བོ་རྩེ་ལྔ།

  བྲུ་ཤ གེ་སར། ཐོད་དཀར། ཁ་ཆེ། གྲུ་གུ་ལ་སོགས་པའི་ཡུལ་གྲུ་སོ་སོར་རྫུ་འཕྲུལ་གྱིས་ཕེབས་པ་མ་ཟད། རྒྱ་གར་ནས་ཡབ་བཟང་སྐྱོང་རྒྱལ་པོའི་སྲས་མོ་འོད་ལྡན་འབར་མ་ཁབ་ཏུ་བཞེས། ཞང་ཞུང་སྐོ་ཕུག་བར་གསུམ་དུ་ཕེབས་པའི་སྐབས་སུ། ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ་གྱི་གསང་གནས་གཡུང་དྲུང་གཏམས་པའི་བྲག་ཕུག་ཏུ། ཡུམ་འོད་ལྡན་འབར་མའི་གློ་གཡས་ནས་མཐོང་བ་སྒྲོན་གསལ་དང་གློ་གཡོན་ནས་གཡུང་དྲུང་མཐོང་གྲོལ་གཉིས་སྲས་སུ་འཁྲུངས།27སྔ་མ་མཐོང་བ་སྒྲོན་གསལ་སྒྲུབ་གནས་བྱ་རི་གཙུག་ལྡན་དུ་བཞུགས་པའི་དུས་སུ་ཚེ་དབང་རིག་འཛིན་དུ་གྲགས་28པ་དང་། ཕྱི་མ་གཡུང་དྲུང་མཐོང་གྲོལ་གྱིས་བལ་ཡུལ་དུ་བསྟན་པ་སྤེལ་བའི་སྐབས་སུ་མཚན་ཡང་སཾ་བྷ་ཝ་ར་ཞེས་སུ་གྲགས་29པ་པད་མ་འབྱུང་གནས་ཡིན། དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་འདི་དང་ཡིག་ཆ་སྔ་མ་རྣམས་སུ། ཞང་ཞུང་ཁྱུང་ལུང་དངུལ་མཁར་ནས་འཁྲུངས་པའི་དྲན་པ་ནམ་མཁའ་དེའི་འཁྲུངས་ལོ་ལ་ཡིག་ཆ་གསལ་ཁ་ཐོན་པ་མ་མཐོང་30མོད། ཁོང་ཞང་ཞུང་རྒྱལ་རབས་ཀྱི་སྐབས་སུ་ཁྱུང་ལུང་དངུལ་མཁར་དུ་འཁྲུངས་པ་ཡིན་ན། མ་མཐའ་ཡང་ལོ་འཁོར་བརྒྱ་ཕྲག་མང་པོའི་སྔོན་དུ་གོ་དགོས། དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་ལྟར་ན་ཁོང་ནི་ཚེ་ལོ་ལ་རང་དབང་ཐོབ་པའི་གྲུབ་ཆེན་ཞིག་ཡིན་པས། ཚེ་ལོ་ཅི་ཙམ་བཞུགས་པ་དང་མཛད་པ་ཅི་ཙམ་བསྐྱངས་རུང་འགལ་བ་མེད་མོད། དེང་སང་ཚན་རིག་ཞིབ་འཇུག་གི་རིག་པའི་རྩལ་ལ་བརྟེན་ནས་དེའི་གསལ་ཁ་འགྲོལ་བའི་ཐམས་ལམ་ད་རུང་རྙེད་མེད།

བཞི་བ། དྲན་པ་ནམ་མཁའི་གསུང་རྩོམ་དང་གཏེར་ཆོས་སྐོར།

  དྲན་པ་ནམ་མཁའི་གསུང་རྩོམ་དང་གཏེར་ཆོས་སྐོར་ལ། ལོ་རྒྱུས་ཡིག་ཆ་ལྟར་ན། དམུ་བོན་དྲན་པ་ནམ་མཁའ་ནི་དུས་རབས་བརྒྱད་པའི་སྐབས་ཀྱི་བོན་གཤེན་ཆེན་པོ་ཡིན་པ་དང་གཏེར་མང་པོ་སྦས་པའི་ལོ་རྒྱུས་གསལ་བོ་ཡོད་པ་ལས། དངོས་སུ་གསུངས་པ་དྲང་དོན་མུན་སེལ་སྒྲོན་མེ་དང་ངེས་དོན་ནམ་མཁའ་འཕྲུལ་མཛོད། བསྒྲགས་པ་རིན་ཆེན་གླིང་གྲགས་བཅས་ཡོད། གཏེར་དུ་སྦས་པའི་སྐོར་ལ། དབུས་གཏེར་ནང་གསེས་ཀྱི་ཡེར་རྫོང་མ་ནི། དམུ་བོན་དྲན་པ་ནམ་མཁའ་དང་བ་གོར་བེ་རོ་ཙ་ན་གཉིས་ཀྱིས། རྒྱ་གར་བོན་སྐོར་རྣམས་དབུས་ཀྱི་ཡང་དབེན་དང་ལྷ་ས་ཡེར་བའི་རྫོང་ལ་སྦས་པ་དེ་ལ་ཟེར། གཙང་གི་བནྡེ་མི་གསུམ་སྟེ་སུམ་པ་དབང་ཚུལ་དང་། སྒྲེ་ཚུལ་སེང་། རྐྱང་བུ་དབང་ཕྱུག་གྲགས་བཅས་ཀྱིས་ཡིག་ཆའི་ཁ་བྱང་གཅིག་ཁྱེར་ནས་བསམ་ཡས་སུ་ཆོས་གཏེར་འཚོལ་དུ་ཕྱིན་ཀྱང་མ་རྙེད། གཏེར་མེད་པས་ངོ་ཚ་བསམ་ནས་མུ་མཐུད་དུ་ཡེར་བར་འཚོལ་དུ་ཕྱིན། གཏེར་རྙེད་རུང་གཏེར་བདག་མ་མཆོད་པས་མི་གསུམ་ག་བཙན་གཟེར་གྱིས་གྲོངས་ཤིང་། གཏེར་ཤོག་རྣམས་འདོག་ཚ་ཁུད་ཀྱི་གཉེན་སྟོན་ལྷ་འབར་ལ་བབས་པར་གྲགས། དེའི་སྲས་གཉན་སྟོན་གཟི་བརྗིད་ཀྱིས་ལུང་བཀྲོལ་པའི་གསུང་རབ་ནི། བོན་ཉིད་སྙིང་པོ་བདལ་བའི་འབུམ། དུམ་པ་བརྒྱད་འབུམ་རྩ་གཅིག་དང་དགུ་བྱུང་ངོ་། །མངོན་རྟོགས་རིག་པ་རྩེ་མོའི་འབུམ་དུམ་པ་བཅུ། ཐེག་པ་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད། རྩ་འགྲེལ་མེ་ལོང་དགུ་སྐོར་དང་བཅས་པ། ཚད་མ་སྨྲ་སེང་། མུ་སྟེགས་གཏན་ཚིག་ཐིགས་པ། ཕྱི་ལ་གཟུངས་འདུས་རྒྱབ་ཆོག་རེ་དང་བཅས་པ། མཆོད་གཏོར་རྒྱ་ཆེར་འགྲེལ། ཐུགས་རྗེ་བྱམས་མའི་མདོ་རྩ་དང་། ཤེས་རབ་སྙིང་པོ་ལ་སོགས་མདོ་དགུ། ཡན་ལག་བསྡུས་པ་དང་བཅུའོ།། སྔགས་ཀྱི་སྐོར་ལ། ཁྲོ་བོ་མངོན་པར་རོལ་པ་ལ། ཡང་གསང་མཆོག་གི་རྩ་རྒྱུད་ལ་སོགས་ཏེ། རྒྱུད་བཅུ་གསུམ། དོན་འགྲེལ་ཁོག་དབུབ་ཆེན་མོ་དང་བཅུ་བཞི། ཁུག་གསུམ། དུས་ཚིགས་གསུམ། མཐའ་རྒྱས་གསུམ། ཞི་བའི་ཕྲིན་ལས་རིན་ཆེན་དྲ་བ། ཁྲོ་བོའི་ཕྲིན་ལས་མངོན་པར་རོལ་པ། མཆོང་དང་ཆ་ལག་མང་ངོ་།། རྒོད་སྐོར་ལ། ཞི་ཁྲོ་ཡང་གབ། ཕྱག་རྒྱ་གསང་ཐིས། ཐོག་སེར་སྲོག་གསུམ་གྱི་སྒྲུབ་པ་ལ་སོགས། འཆི་བདག་བདུད་སྐོར་ནི། བདུད་ཕུར་ནག་པོ་ལ་རྒྱུད་གསུམ། ཞལ་གདམས་དགྲ་འབྱེད་དང་བཅས་པའོ།། གཞན་ཡང་ཕུར་བ་ཤ་འབལ་གྱི་སྐོར་ལ་སོགས་བྱུང་། ལི་ཤུའི་སྒྲུབ་སྐོར་ལ་སོགས་བྱུང་ངོ་།། སེམས་ཕྱོགས་རྫོགས་ཆེན་གྱི་སྐོར་ནི། བྱང་སེམས་ནམ་མཁའ་དབྱིངས་ཡངས་ཀྱི་རྒྱུད་དོན་འགྲེལ་དང་བཅས་པ། སེམས་ཉིད་གཏིང་རྫོགས་འཁོར་བ་དོང་སྤྲུགས་ཀྱི་རྒྱུད། བླ་མེད་ཀྱི་མདོ་གསུམ། དར་ཁའི་ཚད་མ་ཀུན་གཞི་འཕྲུལ་གྱི་མེ་ལོང་། ཐིག་ལེ་ཉི་མའི་སྙིང་པོ། ས་གཅོད་དང་བཅས་པ་བྱུང་ངོ་། །དེར་གཉན་སྟོན་ལ་གྱེར་དབང་གྲུབ་ཀྱིས་ཞུས། དེའི་སྲས་གྱེར་སྟོན་ནམ་གཡུང་ལ། ལུང་བོན་ལྷ་གཉན་གྱིས་ཞུས་ཏེ་དར་བས། གྱེར་ལུང་གཉིས་ལ་ཁུངས་སུ་བྱེད་དོ།།31མཁས་གྲུབ་ལུང་རྟོགས་རྒྱ་མཚོས། དྲན་པ་ནམ་མཁའ་དང་ཅོ་ཟ་བོན་མོས་བསམ་ཡས་དང་ལྷ་ས་ཡེར་པའི་རྫོང་ལ་སྦས།32ཞེས་གསུངས། འཇར་པན་གྱི་རྒྱལ་ས་ཐོ་ཁིས་ཡོ་ན་ཡོད་པའི་དཔེ་མཛོད་ཁང་ཆེན་མོ་ཏོ་ཡོ་བྷུང་ཁོ་སྟེ་ཤར་མཚོའི་རིག་མཛོད་ནང་གི་བོད་ཡིག་གི་ཐོ་ཡིག་ཏུ33།མཇུག་བྱང་དུ་དུས་རབས་བརྒྱད་པའི་དྲན་པ་ནམ་མཁའི་གཏེར་མ་ཡིན་པར་བཀོད་པའི་ཡིག་ཆ་གཤམ་གསལ་ཏེ།No.1 VII 5-A 176,2,pp. 1-239:བདེན་པ་བོན་གྱི་མཛོད་ས་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་34 NO. 6 VII 5-A 299,2,pp. 324-439:སྙན་རྒྱུད་ཐོས་གྲོལ་བར་དོ་འཕྲང་སྒྲོལ་ཆེན་མོ། NO.7 VII 5-A 215,20,pp. 415-428:ཡང་དག་རིན་ཆེན་སྒྲོན་མེའི་བཏགས་ཆོག་འཁོར་ལོའི་ལག་ལེན། ཤོག No.13 VII 5-A 204,27,pp. 671-715:སྨད་འགྲེལ་མན་ངག་འདུས་པའི་རྒྱུད། No.23 VII 5-A 279,5,pp. 217-226: གསང་སྔགས་རྫོང་འཕྲེང་། No.29 Zogai,32,pp.44 folgs:སྙན་རྒྱུད་བར་དོ་ཐོས་གྲོལ་གསལ་སྒྲོན་ཆེན་མོ། No.32 VII 5-A 281,22,pp. 239-359:སྤྱི་སྤུངས་སྐོར་གསུམ་གྱི་ཡང་བཅུད་རྩོད་པ་བཟློག་པའི་འཁོར་ལོ་དབལ་གསས་རྔམ་པའི་ལས་རིམ། No.43 VII 5-A 282,18,pp. 401-418:ངོ་སྤྲོད་བསྡུད་པའི་འཆོང་ཡིག No.44 VII 5-A 284,5,pp. 1-22:དྲན་པ་གསང་སྒྲུབ་ཁྲིད་གཞུང་བཅས། NO.57 VII 5-A 200,27,pp.519-522: དྲན་པ་གསེར་གདམས་ཀྱི་རྩིས་རྒྱ། No. 65 VII 5-A 206,2, pp.48-71:བསྒྲགས་པ་གླིང་གྲགས། No.73 VII 5-A 210,1,pp. 1-16:བོན་ཐམས་ཅད་ཀྱི་ཡང་མཛོད་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག T887. No.91 VII5-A 326,21,pp.539-585:ལམ་ལྔ་མཁའ་འགྲོའི་སྒྲུབ་པ་ལས་དབང་མཆོག་ཀ་དག་ལག་མཆང་།

  དབྱི་ཏ་ལི་རྒྱལ་ཁབ་ཀྱི་རྒྱལ་ས་རོ་མ་ན་ཡོད་པའི་ཤར་ཕྱོགས་དང་ཨ་ཧྥི་རི་ཀ་ཞིབ་འཇུག་གླིང་གེ་དཔེ་མཛོད་ཁང་དུ་རྒྱལ་སྤྱིའི་བོད་རིག་པའི་མཁས་ཆེན་ཏུའུ་ཆིས་བོད་ནས་ཁྱེར་བའི་བོད་ཡིག་དཔེ་རྙིང་མང་པོ་བཞུགས་པའི་ཁྲོད་དུ། བོན་གྱི་ཡིག་རྙིང་པོ་ཏི་བདུན་ཅུ་དོན་བརྒྱད་ཡོད་ལ། དེར་དྲན་པ་ནམ་མཁའི་གསུང་རབ་དང་གཏེར་མ་ཡིན་པར་ཁ་གསལ་བ་གང་ཡང་མེད།35

  དེང་སང་བོད་རང་ན་པར་དུ་བསྐྲུན་པའི་བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར་ཁྲོད་དུ་དྲན་པའི་གཏེར་མ་ཡིན་པ་ཡོད་མོད། དེ་དག་གི་དཀར་ཆག་པར་དུ་བསྐྲུན་ཡོད་པས་དེར་ཡོད་དྲན་པའི་གཏེར་ཆོས་འདིར་བཀོད་མེད། དེའི་ནང་ནས་ཁ་ཤས་ཀྱི་མཇུག་བྱང་དུ་དྲན་པ་ནམ་མཁའ་གང་གི་གསུང་ཡིན་པར་ཁ་གསལ་བཀྲལ་མོད། ཡིག་ཆ་ཁ་ཤས་སུ་དྲན་པ་ནམ་མཁའ་སྔ་ཕྱི་གང་གིས་གསུངས་པ་ཡིན་པར་གསལ་ཁ་བཀྲོལ་མེད།

ལྔ་བ། སྤྱི་སྡོམ།

  བོད་ཀྱི་ལོ་རྒྱུས་སྟེང་དུ་དྲན་པ་ནམ་མཁའ་ཟེར་མཁན་ཁ་ཤས་བྱུང་ལ། སྟག་གཟིག་གི་དྲན་པ་ནམ་མཁའ། ཞང་ཞུང་གི་གྱེར་སྤུངས་དྲན་པ་ནམ་མཁའ་དང་དྭགས་པོའི་དམུ་བོན་དྲན་པ་ནམ་མཁའོ།། དེ་མ་ཟད། གྲི་གུམ་བཙན་པོའི་སྐབས་སུའང་དྲན་པ་ནམ་མཁའ་ཞིག་ཡོད་སྐད། སྐབས་སྐབས་སུ་དྲན་པ་ནམ་མཁའ་དགོང་ལོ་བརྒྱད་བརྒྱ་བཞུགས་པའི་བཤད་སྟངས་ཀྱིས་གྲི་གུམ་བཙན་པོའི་སྐབས་ཀྱི་དྲན་པ་ནམ་མཁའ་དང་ཁྲི་སྲོང་སྐབས་ཀྱི་དྲན་པ་ནམ་མཁའ་དེ་གཅིག་ཡིན་པར་འདོད་པའང་ཡོད། བན་བོན་གཉིས་ཀའི་ཁུངས་ཐུབ་ཀྱི་ཡིག་ཆ་ཚད་མར་བཟུང་ནས་དཔྱད་ན། མ་མཐའ་ཡང་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་དམུ་བོན་དྲན་པ་ནམ་མཁའ་དེ་ལོ་རྒྱུས་ཀྱི་མི་སྣ་དངོས་ཡོད་ཅིག་ཡིན་པ་ར་སྤྲོད་འབྱུང་ཐུབ།

  དམུ་བོན་དྲན་པ་ནམ་མཁའ་དེ་སྔར་བོན་པོ་ཡིན་ཞིང་རྗེས་སུ་ཆོས་སུ་ཞུགས་པ་དེ་གཞན་དབང་དུ་གྱུར་བའི་ལས་ཤིག་རེད་མོད། སྐབས་དེར་ཆོས་ལ་བསྟུན་པའི་བོན་གསར་མ་ཞིག་དང་བོན་ལ་བསྟུན་ནས་ཆོས་གསར་མ་ཞིག་བྱུང་ཡོད་པ་དེས། དམ་པའི་ཆོས་བོད་དུ་གདན་དྲངས་པའི་རྗེས་སུ་བོན་ཆོས་གཉིས་ཀ་མོས་མཐུན་གྱི་འགོ་བཙུགས་པའི་རྟགས་མཚན་ཞིག་ཏུ་གྱུར་ཡོད་པས་དེ་ལ་དོན་སྙིང་ཆེན་པོ་ལྡན་སྙམ། བོད་རང་སའི་བོན་བསྟན་དང་ཐུབ་བསྟན་པའི་འབྲེལ་བའི་ལོ་རྒྱུས་ནི། ཐོག་མར་འགལ་ཟླ་དང་། བར་དུ་འབྲེལ་འདྲིས་དང་། རྗེས་སུ་འཆམ་མཐུན་བྱུང་ནས་མཐར་སྐྱབས་འགྲོ་དང་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་ལ་སོགས་པའི་གནད་འགག་ཆ་ནས་ཀྱང་གཅིག་མཐུན་དུ་བྱུང་བའི་ལོ་རྒྱུས་ཤིག་རེད། དེའི་ནང་ནས་སློབ་དཔོན་པད་མ་འབྱུང་གནས་མཆོད་གནས་སུ་བཀུར་པའི་བོན་གསར་མའི་ཁུངས་ཡང་དྲན་པ་ནམ་མཁའ་ལ་ཐུག་ཡོད་པས། ལོ་རྒྱུས་དེས་བོད་མི་རིགས་ཀྱི་རིག་གནས་ཀྱི་ཆགས་རིམ་དང་རིན་ཐང་གི་ལྟ་བ་སྔ་མ་རྣམས་ཀྱི་རྟིང་བཟློག་ནས་བོན་ཆོས་གཅིག་ཏུ་བསྒྲིལ་བས། བོད་ཀྱི་རིག་གནས་འདི་སྔར་ལས་ཕུན་སུམ་ཚོགས་པར་བཏང་བ་མ་ཟད། བོན་ཆོས་གཉིས་ཀ་ནང་པའི་བསྟན་པ་ལ་འདྲེས་ནས། བོད་མི་རིགས་ཀྱང་ནང་བའི་བསྟན་པའི་རྒྱུད་འཛིན་པའི་མི་རིགས་ཤིག་ཏུ་གྱུར་ཡོད་པ་དེས། མི་རིགས་ཀྱི་སྔོན་ཐོན་དང་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།

  མཆན་འགྲེལ།

  ①《དུང་དཀར་ཚིག་མཛོད་》ལས། བཅུ་བ་ཁྱེའི་ཀི་ཆུང་ལོ་ནི་དྲན་པ་ནམ་མཁའ་ཡིན་པར་གསུངས། P.1287

  ②www.idp.bl.uk/pages/collections.a4d

  ③④⑤⑥⑩14 17《བསྒྲགས་པ་རིན་ཆེན་གླིང་གྲགས》བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ལྷ་ས། P176 P176 P177 P177P185 P187

  ⑦བཙན་པོ་ཁྲི་སྲོང་ལྡེ་བཙན་དང་མཁན་པོ་སློབ་དཔོན་པདྨའི་དུས་མདོ་སྔགས་སོ་སོར་མཛད་པའི་《སྦ་བཞེད་ཞབས་བཏགས་མ》 《སྦ་བཞེད་ཕྱོགས་བསྒྲིགས》 མི་རིགས་དཔེ་སྐྲུན་ཁང་། 2009ལོ། པེ་ཅིན། P24

  ⑧དྲན་པ་ནམ་མཁས་བརྩམས་པར་གྲགས། 《མཐའ་བཞི་འཕྲུལ་གསས་སམ་མཐའ་གཞི་ཡེ་ཤེས་བློ་གྲོས་ཀྱི་གཏེར་མ》 དུས་རབས་10-11པ།

  ⑨ 《བསྒྲགས་པ་རིན་ཆེན་གླིང་གྲགས》 གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་པོད་དང་པོ་སྟེ། སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར། P124-125།

  ⑩ A Catalogue of Bonpo Publications by Samten  G. Karmay. Tokyo, The Toyo Bunko, 1977.
      ⑾ཉང་ཉི་མ་འོད་ཟེར་(1124-1192)གྱིས་བརྩམས་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988ལོ། ལྷ་ས། P324

  ⑿ཀློང་ཆེན་དྲི་མེད་འོད་ཟེར་གྱི་བརྩམས་པའི་《ཀློང་ཆེན་ཆོས་འབྱུང》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།1991ལོ། ལྷ་ས། P380

  ⒀《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། པེ་ཅིན། P904

  ⒂《སྲིད་པ་རྒྱུད་ཀྱི་ཁ་བྱང》 བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ལྷ་ས། P260

  ⒃ མཁས་གྲུབ་ལུང་རྟོགས་རྒྱ་མཚོས་(1878 )བརྩམས་པའི་《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ》གངས་ཏི་སེ་བོན་གཞུང་རིག་མཛོད་ཀྱི་དཔེ་ཚོགས་ཀྱི་དེབ་དང་པོ་སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར། མི་རིགས་དཔེ་སྐྲུན་ཁང་། 2010ལོ། P498། བསྟན་འབྱུང་དེ་ནི་མཁས་གྲུབ་ལུང་རྟོགས་རྒྱ་མཚོས་དགོངས་ལོ་སུམ་ཅུ་སོ་དགུའི་སྟེང་1917ལོར་བརྩམས་པར་བོན་བརྒྱ་དགེ་ལེགས་རྒྱ་མཚོས་གསུངས་པའི་《ལོ་རྒྱུས་ཉེར་མཁོ་བསྟན་རྩིས་རིས་མེད་དཔྱད་པ་དང་བཅས་པའི་ཡིད་ཀྱི་མུན་སེལ་སྒྲོན་མེ་བློ་གསར་དགའ་བའི་མཛེས་རྒྱན་》བྱ་བར་བཞེད།《མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ལན་ཀྲུའུ། P146

  ⒄《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞིའི་གསུང་པོད་》ལས། 《རྫོགས་པ་ཆེན་མོ་ཞང་ཞུང་སྙན་རྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས》 ཞང་བོད་ཤེས་རིག་པར་སྒྲིག་ལྟེ་གནས་ཁང་གིས་བསྒྲིགས་པའི་ཞང་བོད་ཤེས་རིག་དཔེ་ཚོགས། 2005ལོ། ཁྲིན་ཏུའུ། P2G、P194

  ⒆⒇《དྲང་དོན་མུན་སེལ་སྒྲོན་མ》 གངས་ཏི་སེ་བོན་གཞུང་རིག་མཛོད་ཀྱི་དེབ་བདུན་པ་སྟེ་བྱང་ཆུབ་ལམ་རིམ་བློ་སྦྱོང་གི་སྐོར། མི་རིགས་དཔེ་སྐྲུན་ཁང་། 2010ལོ། པེ་ཅིན། P30 P31

  21བློ་ལྡན་སྙིང་པོ། མི་ཤིགས་རྔོ་རྗེ། སངས་རྒྱས་གླིང་པ། ཀུན་གྲོལ་གྲགས་པ།

  22A Catalogue of the New Collection of Bonpo Katen Texts,Edited by Karmay G.Samten & Yasuhiko Nagano,National Museum of Ethnology. Osaka. 2001 Pp. 324:034-1-1 ག 《གུ་རུ་པད་འབྱུང་གི་རྣམ་ཐར་ཀུན་སྣང་གསལ་བའི་སྒྲོན་མེ》pp.1- 937 2 ག་4 འཆི་མེད་གུ་རུ་པད་མ་འབྱུང་གནས་ཀྱིས ཀྱི༔ སྐྱེས་རབས་རྣམ་ཐར་རྒྱས་པར་བཀོད་པ་ལས༔ བསྟན་འབྱུང་ཡིད་བཞིན་ནོར་བུ་རིན་པོ་ཆེ༔ ཀུན་སྣང་གསལ་བའི་སྒྲོན་མེ་ཞེས་བྱ་ལས༔ གནོད་སྦྱིན་དམ་བཏགས་གཙུག་ལག་བསྟན་བསྲུང་བསྐོས་ནས་བར་ཆད་མ་ལུས་བཟློག་པར་མཛད་པའི་ལེའུ་སྟེ་བརྒྱ་དང་བཅུ་གཅིག་པའོ༔ ས་མ་ཡ༔ རྒྱ༔རྒྱ༔རྒྱ༔ 5གཏེར་མ། 6སངས་རྒྱས་གླིང་པ། 12 ལེའུ་བརྒྱད་བཅུ་ཐམ་པ་ནས་ལེའུ་བརྒྱ་དང་བཅུ་གཅིག་བར་དུ་ཡོད།

  23《སྲིད་པ་རྒྱུད་ཀྱི་ཁ་བྱང་》བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010ལོ། ལྷ་ས། P269

  24 “mKhyen - brtse , i dbang - po : La biographie , de Padmasambhava selon la tradition du bsGrags pa Bon, et ses sources" , in Gnoli, G. & L. Lanciotti (éds) Orientalia Iosephi Tucci memoriae dicata, Serie Orientale Roma LVI, 1, Roma, IsMEO: 111-158.

  25 གསང་སྔགས་གླིང་བའི་གཏེར་མ། 《དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་》ཁ་བྱང་རྒྱས་པ་ནི། རྒྱལ་ཀུན་སྤྱི་གཟུགས་དྲན་པ་ནམ་མཁའ་རྗེའི།། ཞིང་ཁམས་རབ་འབྱམས་བཀོད་པ་བསམ་ཡས་ལ།། གང་འདུལ་མཛད་པ་གྲངས་མེད་སྤྲུལ་བའི་སྐུའི།། རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་བཞུགས།།ཨ་དུམ་པ། P195-196 གོང་རྒྱལ་དགོན་པའི་ཤིང་པར་མ། དེའི་མཇུག་བྱང་ལྟར་ན། མདོ་སྨད་ཀྱི་གནས་ཆེན་བྱེ་བ་སྟག་རྩེ་དང་། རྒྱལ་མོ་མུ་(དམུ་)རྡོ་སོགས་ཀྱི་གནས་རེ་འགའ་ནས་དྲན་པའི་རྣམ་ཐར་ཉུང་བསྡུས་ཀྱི་ཁ་བྱང་སོགས་བརྙེས་པའི་རྟེན་འབྲེལ་དང་མཐུན་པར། རྗེས་སུ་ཁྱུང་དཀར་རི་ཁྲོད་དུ་གྲུབ་དབང་རྣམ་གཉིས་ཀྱི་གདན་ས་འཛིན་པ་ཀུན་དགའ་རིན་པོ་ཆེ་སྐུ་མཆེད་ཀྱིས་ཡར་ཕེབ་(ཕེབས་)ཀྱི་བྱ་མ་རྟ་འབྱོར་བའི་དགོངས་བཞེད་རྗེས་སུ་བསྒྲུབ་པའི་ཆེད་དུ། ཤིང་བྱི་ལོར་ཁྱུང་ཡུལ་དུ་ཐེགས་ཏེ་ཁྱུང་དཀར་རི་ཁྲོད་ཀྱི་གནས་དེར་ཡོད་པའི་སྐབས་སུ། མཁའ་འགྲོ་མ་ཞིག་གིས། རིན་ཆེན་འབར་བའི་རི་བོ་ལ། དགོས་འབྱུང་ནོར་བུ་མཆོག་ལྡན་ཡོད། ཅེས་ལུང་བསྟན། དེའི་རྗེས་སུ་གཏེར་སྲུང་ལྕམ་སྲས་སྡེ་ལྔ་གཙོ་འཁོར་དང་བཅས་པའི་ལུང་བསྟན་ཡང་ཐོབ། མཇུག་བྱང་ལས། ཁོ་བོ་གསང་སྔགས་གླིང་བ་ཡབ་ཡུམ་གྱིས་ཤིང་གླིང་ལོའི་སྟོན་ཟླ་འབྲིང་བོའི་ཡར་ཚེས་ལ་ཟབ་གཏེར་རིན་པོ་ཆེ་དྲན་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཅས་སྤྱན་དྲངས་ནས་སླར་གསང་རྒྱ་བསྡོམ་ཞིང་སྦས། ཕྱིས་སུ་རབ་བྱུང་བཅུ་དྲུག་པའི་ཐོག་མ་རབ་བྱུང་ཞེས་པ་མེ་ཡོས་ལོའི་ཧོར་ཟླ་དྲུག་པའི་ཚེས་བཅུ་ལ། ཟབ་གཏེར་རིན་པོ་ཆེ་བཀའ་རྒྱ་བཀྲོལ་བའི་དུས་ལ་བབ་པའི་ཚེ། ཁམས་དབུས་ཀྱི་གྲུབ་བརྙེས་དམ་པ་མཆོག་གྱུར་རྣམས་དང་། བཀའ་བབས་ལས་ཅན་གྱི་སྐྱེས་བུ་དམ་པ་དུ་མ་དང་དད་སློབ་མང་པོས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། སྦས་གནས་ཤང་ལང་བྲག་དཀར་གྱི་ཉེ་འདབ་རང་བསྟན་དབལ་ཁྱུང་བླ་བྲང་གི་གདན་ས་རུ་མཁའ་འགྲོའི་བརྡ་ཡིག་སྡེ་ལྔ་བཞུགས་པ་བོད་ཡིག་ཏུ་ཕབ་པའི་དབུ་བཟུང་སྟེ། སླར་ཡང་མདོ་ཁམས་ཀྱི་གནས་ཆེན་གཡུང་དྲུང་གསང་བ་དབལ་རོང་དྲག་པོ་གནམ་ལྕག་ཡོང་(ཡང་)རྫོང་གི་ཐུགས་ཀའི་སའི་ཆ། དབལ་ཁྱུང་སུ་ལའི་ཡུལ་ལྗོངས་འཆི་མེད་བྱང་ཆུབ་གླིང་གི་སྒྲུབ་སྡེ་ཆེན་པོའི་དབེན་ཁྲོད། རྒྱལ་རིགས་ཁོད་སྤུངས་དབོན་སྤྱུལ་གྱི་བསམ་གཏན་གྱི་བསྟྀ་གནས། ཟླ་འོད་བདུད་རྩིའི་ཟིལ་བ་ཅིར་ཡང་འབབ་པའི་སྤྲོ་ཁང་དུ། རྟེན་འབྲེལ་གྱི་ངོ་མཚར་དུ་མ་དང་བཅས་ཏེ། ལྕགས་རྟ་ལོའི་ནག་པ་ཟླ་བའི་ཚེས་བཅུའི་མཆོད་པ་དང་འབྲེལ་བར་ཡོངས་སུ་རྫོགས་པར། བོད་ཡིག་ཏུ་གཏན་ལ་ཕབ་པའི་དགེ་བས་རྒྱལ་བསྟན་སྤྱི་དང་། ཁྱད་པར་གཤེན་བསྟན་གསང་སེམས་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ། སྒོ་ཀུན་ནས་དར་ཞིང་རྒྱས་པའི་རྒྱུ་རུ་གྱུར་ཅིག དེ་ལྟར་བཀའ་ཐང་ཆེན་མོའི་ཐོག་མའི་ཡི་གེ་པ་ནི། རབ་སློབ་ཐུགས་ཟིན་གྱི་བསྒྲུབ་བརྩོན་དམ་པ་གཡུང་དྲུང་ཡེ་ཤེས་ནས་དབུ་མཐར་ཕྱིན་པར་བགྱིས་པ་དགེ་ལེགས་རྣམ་པར་འཕེལ་བའི་རྒྱུ་རུ་གྱུར་ཅིག་ཅེས་གསུངས་སོ།།

  26 གོང་སྨྲས་《དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན》 ཇ་དུམ་པ། ཉིན། གོང་རྒྱལ་དགོན་པའི་ཤིང་པར་མ། P23

  27 28 29《དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན》 ཆ་དུམ་པ། སྲིབ། གོང་རྒྱལ་དགོན་པའི་ཤིང་པར་མ། P103 P 141 P160

  30《དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན》 ཆ་དུམ་པ། གྱེར་སྤུངས་དྲན་པ་ནམ་མཁའི་འཁྲུངས་ལོ་ལ། སྤྲེའུའི་ལོ་སྤྲེའུ་ཟླ་ཚེས་བཅུ་བ་ཡི་ནམ་ལང་དུས་སུ། ཞེས་གསུངས་པ་ཙམ་ལས། ལོ་ཚིགས་དེའི་རྩི་སྟངས་གསལ་བོ་ཞིག་མི་གསལ། གཙང་ཚྭ་ཤེས་རབ་གཡུང་དྲུང་གཙུག་ཕུད་ཀྱིས་བརྩམས་པའི། 《བླ་ཆེན་དྲན་པ་ནམ་མཁའི་མཛད་རྣམ་རགས་བསྡུས་བོན་སྒོ་འདོན་ཐེངས་བརྒྱད་པ》 ཞེས་བྱ་བའི་ནང་དུ་ཁུངས་ལུང་ཅི་ཡང་མ་བསྟན་པར། ཕྱི་ལོ་(914B.C.)མེ་རྟ་ལོའི་རྟ་ཟླ་བའི་ཚེས་བཅུའི་ཉི་ཤར་ལ་འགྲོ་བ་རང་མཐུན་གྱི་སྐྱེ་བ་མི་རུ་བཞེས། ཞེས་བཀོད་ཡོད། P103

  31《སྤ་བསྟན་རྒྱལ་གསལ་བའི་སྒྲོན་མེ》 གངས་ཏི་སེ་བོན་གཞུང་རིག་མཛོད་ཀྱི་དེབ་དང་པོ་སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར། མི་རིགས་དཔེ་སྐྲུན་ཁང་། 2010ལོ། པེ་ཅིན། P349 350

  32 མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས་པའི་《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ》 གངས་ཏི་སེ་བོན་གཞུང་རིག་མཛོད་དེབ་དང་པོ་སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར། མི་རིགས་དཔེ་སྐྲུན་ཁང་། 2010ལོ། པེ་ཅིན། P497

  34 འབྲུག་མོ་སྐྱིད་ཀྱིས་བསྒྲིགས་ཤིང་པར་དུ་བསྐྲུན་པའི་《བདེན་པ་བོན་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་》ཏུ་གྱེར་སྤུངས་དྲན་པ་ནམ་མཁའ་ཡིན་པར་བཀོད་ཡོད། 《སྲིད་པའི་མཛོད་ཕུག》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོ། ལན་ཀྲིག P94-9535 Catalogue of the Tucci Tibetan Fund in the Li- brary of IsIAO by Elena De Rossi Filibeck, Volume 2, pp . 260-309 . Rome , 2003.དཀར་ཆག་དེའི་ནང་དུ། གབ་འགྲེལ་ཆེན་པོ་མཁས་པ་མི་བཞིའི་མཛད་པ། ཞེས་པོ་ཏི་གཅིག་ཡོད་པ་དེའི་མཛད་པ་པོ་དྲན་པ་ནམ་མཁའ་ཡིན་པར་བཀོད་ཡོད་མོད། མཁས་བཞི་ཡིན་ན་ནམ་རྒྱུན་དུ་སེ་ཤ་རི་དབུ་ཆེན་དང་། ལྡེ་གྱིམ་ཚ་རྨ་ཆུང་། མི་ཉག་ལྕེ་ཚ་མཁར་བུ། སྟོང་རྒྱུང་མཐུ་ཆེན་བཅས་བཞི་ལ་གོ་དགོས་པས། དྲན་པ་ནམ་མཁའ་དང་འབྲེལ་བ་མེད་པར་སྙམ། དེ་མ་གཏོགས་དྲན་པ་ནམ་མཁའ་དང་འབྲེལ་བའི་ཡིག་རྙིང་གང་ཡང་མེད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།