དར་གོས་ཚོང་ལམ་དང་འབྲེལ་བའི་ས་མིང་འགའ་ཞིག་གླེང་བ།

[ཟླ་ཚེས། 2018-11-10 11:14:28][རྩོམ་པ་པོ། མཁན་པོ་ཚེ་རིང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅།།སྔ་རབས་བོན་གྱི་ལོ་རྒྱུས་བསྟན་བཅོས་གསུམ་དང་སྦྱར་ཏེ་དར་གོས་ཚོང་ལམ་དང་འབྲེལ་བའི་ས་མིང་འགའ་ཞིག་གླེང་བ།

IMG_6946.JPG
དཔྱད་རྩོམ་འདི།
ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གཙོ་སྒྲུབ་གནང་བའི་ཞིང་ལྗོངས་ལྔའི་ནང་བསྟན་སློབ་གླིང་མཉམ་རུབ་ཀྱིས་༼བོད་བརྒྱུད་ནང་བསྟན་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཞབས་ཞུའི་དཔྱད་གླེང་ཚོགས་འདུ་དང་དྲིན་ཤེས་དྲིན་མཇལ་གྱི་ཆོས་དོན་དགོངས་འགྲེལ་གྲུབ་འབྲས་སྒྲོབ་སྦྱང་བརྗེ་རེས་ཚོགས་འདུ།༽ཡི་སྟེང་སྒྲོག་སྦྱང་གནང་།

ནང་དོན་གནད་བསྡུས། དར་གོས་ཚོང་ལམ་ནི་རང་རྒྱལ་གྱི་ཤིས་ཨན་ཞིང་ཆེན་ནས་ཀན་སུའུ།མཚོ་སྔོན།སིན་ཅང་ནས་རྒྱལ་ཕྱི་ལ་བུད་དེ་ཁ་ཆེའི་རྒྱལ་ཁབ། lཨ་ཕྷའུ་ཧན་བཅས་ལ་འབྲེལ་བར་མ་ཟད། ཡ་གླིང་དཀྱིལ་མ་དང་ནུབ་མ་ཤར་མ་སོགས་རྒྱལ་ཁབ་དུ་མའི་ཚོང་ལམ་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། འདིས་ནི་ཡ་གླིང་གི་མི་རིགས་དང་རྒྱལ་ཁབ་སོ་སོའི་སྲིད་འབྱོར་རིག་གསུམ་གྱི་འབྲེལ་བ་དང་མཛའ་བརྩེ་བླ་ན་མེད་པ་མཚོན་ཐུབ། ལྷག་པར་དུ་ལོ་རྒྱུས་ཧ་ཅང་རིང་བའི་གནའ་བོའི་བོད་ཀྱི་མི་རིགས་འདིའང་ལོ་ངོ་སྟོང་ཕྲག་དུ་མའི་བརྒྱུད་རིམ་ནང་དུ་ཡ་གླིང་ཤར་མ་དང་ནུབ་མ། ཤར་དཀྱིལ་དང་ཤར་ལྷོར་གནས་པའི་མི་རིགས་དང་རྒྱལ་ཁབ་དུ་མར་ཚོང་ལས་དང་ཆོས་སྲིད་ཀྱི་འབྲེལ་བ་ཧ་ཅང་ཟབ་པས། དེ་དག་གི་ཆོས་གཞུང་རིག་གནས་རྣམས་ཀྱང་འོ་ཆུ་ལྟར་འདྲེས་ཡོད་པ་སྨོས་ཅི་དགོས། འོན་ཀྱང་ད་ཕན་རྒྱ་ཡིག་ལམ་ནས་ཞིབ་འཇུག་དང་དཔྱད་རྩོམ་རེ་མ་གཏོགས་བོད་ཡིག་ལམ་ནས་འབྲི་མཁན་ཤིན་ཏུ་ཉུང་། ད་ལན་ཕྲན་གྱིས་བོན་གྱི་གནའ་གཞུང་ཞི་ཁྲོ་རྩ་འགྲེལ་དང་མདོ་འདུས།བསྒྲགས་པ་གླིང་གྲགས་སོགས་ལ་གཞིར་བཅོལ་ཏེ། དར་གོས་ཚོང་ལམ་དང་འབྲེལ་བའི་མཚོ་བོད་མཐོ་སྒང་གི་ས་མིང་འགའ་ཞིག་ལ་ཉམས་ཞིབ་དང་ངོ་སྤྲོད་མདོ་ཙམ་བྱས་ཡོད།
བརྡ་ཆད་གཙོ་བོ།དར་གོས་ཚང་ལམ། བོན། ལོ་རྒྱུས་ཡིག་ཆ།

དང་པོ། ཞི་ཁྲོ་རྩ་འགྲེལ་ལས་བཤད་པའི་ས་མིང་འགའ་ཞིག

   ཞི་ཁྲོ་རྩ་འགྲེལ་ཞེས་པ་ནི་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་ཡིག་རྙིང་རྩ་ཆེན་ཞིག་ཡིན་ཞིང་། སྔ་རབས་བོན་གྱི་མཁས་པ་དུ་མས་དཔྱད་གཞི་རྩ་ཆེན་ཞིག་དུ་རྩི་སྲོལ་ཡོད། དཔེར་ན་དུས་རབས་ཉི་ཤུ་པའི་འགོ་ཙམ་ལ་འཁྲུངས་བའི་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་བོན་གྱི་བསྟན་འབྱུང་ལེགས་བཤད་བསྐལ་བཟང་བསྟན་པའི་མགྲིན་རྒྱན་ དུ་ལུང་དེ་དྲངས་ཡོད། དེ་བཞིན་དུས་རབས་བཅུ་དགུ་པའི་མཇུག་ཙམ་ལ་ཁམས་ཉག་རོང་ཡུལ་དུ་སྐུ་འཁྲུངས་བའི་དཔྲ་སྟོན་པ་སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་འཛམ་གླིང་ཡུལ་བཤད་དུའང་ཞི་ཁྲོ་རྩ་འབྲེལ་གྱི་ལུང་དེ་དྲངས་ཡོད།  དུས་རབས་བཅུ་དགུ་པའི་ལོ་རབས་ལྔ་བཅུ་ནང་ལ་སྐུ་འཁྲུངས་བའི་ཁོང་གི་སློབ་དཔོན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས་ཀྱང་ལུང་འདི་དྲངས་བར་མ་ཟད། ལུང་ཚིག་ལ་འཕྲི་སྣོན་དང་བསྒྱུར་བཅོས་སོགས་གང་ཡང་བྱས་མེད།  དེ་དང་མཐུན་པ་སྤྱི་ལོ་༡༥༨༥ལོར་སྐུ་འཁྲུངས་བའི་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་གླེང་གཞི་བསྟན་པའི་འབྱུང་ཁུངས་ཀྱི་འཛམ་གླིང་གི་ལོ་རྒྱུས་བཤད་སྐབས་ཀྱང་ལུང་ཚིག་དེ་ཆ་ཚང་དྲངས་ཡོད་ནའང་ཞི་ཁྲོ་རྩ་འགྲེལ་ཞེས་ལུང་ཁུངས་གསལ་བོ་བཀོད་མེད།  མདོར་ན་ཕྲན་གྱིས་དཔེ་ཆ་གཞན་དུ་དྲངས་བའི་ལུང་ཙམ་མ་གཏོགས་ཞི་ཁྲོ་རྩ་འགྲེལ་གྱི་དཔེ་ཆ་དངོས་ད་ཕན་ལག་ཏུ་རྙེད་སོན་མ་བྱུང་སྟབས། ཡིག་ཆ་འདི་ཉིད་གཏེར་མ་ཡིན་ནམ་བཀའ་མ་ཡིན། བླ་མ་སུ་ཞིག་གིས་དུས་ནམ་ཞིག་ལ་ཡུལ་གང་ཞིག་ནས་གཏེར་དུ་བཏོན་པ་སོགས་ངོ་སྤྲོད་གསལ་བོ་ཞིག་ཞུ་ཐབས་བྲལ།
   གང་ལྟར་གཞུང་(ཞི་ཁྲོ་རྩ་འགྲེལ།)འདི་ལས་ཡུལ་ཆེན་བཅོ་བརྒྱད་དང་ཡུལ་ཕྲན་དགུ་བཅུ་རྩ་དགུ། མཐའ་འཁོབ་སྟོང་དང་ལྔ་བརྒྱ། བོད་དང་ཞང་ཞུང་།གེ་སར་དང་ལི་ཁྲོམ། ཧོར་དང་སོག་པོ། རྒྱ་གར་དང་རྒྱ་ནག་ཟེར་བའི་ཐ་སྙད་དུ་མ་ཡོད་པས། འདིར་དཔེ་མཚོན་ཙམ་ནི་སྤྱི་ལོ་༡༩༨༥ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ལེགས་བཤད་རིན་པོ་ཆེའི་མཛོད་ཤོག་ལྷེ་༩བར་དྲངས་བའི་ཞི་ཁྲོ་རྩ་འགྲེལ་གྱི་ལུང་དོན་གཤམ་ལྟར། འཛམ་གླིང་ལ་ཡུལ་ཆེན་བཅོ་བརྒྱད་ཡོད། ཡུལ་ཕྲན་དགུ་བཅུ་རྩ་དགུ། མཐའ་འཁོབ་སྟོང་དང་ལྔ་བརྒྱ་ཡོད་དོ།། ཡུལ་ཆེན་བཅོ་བརྒྱད་ནི་ཤར་ན་རྒྱ་ནག་དང་གྲི་བདག  ལྷོ་ན་རྒྱ་གར་དང་ཁ་ཆེ། ནུབ་ན་སྟག་སྡེ་དང་གཟིག་འཕེན། བྱང་ན་གེ་སར་དང་ཧོར་ཡུལ། དབུས་གངས་ཀྱི་ར་བ་དང་དགུ། ཤར་རྒྱ་ནག་གི་མཐའ་ན་རྒྱ་མོ་ཁྱི་ཁྱོ། ལྷོ་རྒྱ་གར་གྱི་མཐའ་ན་གྱད་ཡུལ་དང་ཧུ་ན། ནུབ་སྟག་གཟིག་གི་མཐའ་ན་གི་ལེ་དང་ཕུ་ན། བྱང་གེ་སར་གྱི་མཐའ་ན་སོག་པོ་དང་སྦལ་ཁ།ཞེས་གསལ་བོ་འཁོད་འདུག  
   ལུང་དོན་ལྟར་ན། གངས་ཏི་སེའི་ཤར་ན་རྒྱ་ནག་དང་གྲི་བདག་ཅེས་ཚོ་བ་ཆེན་པོ་གཉིས་ཡོད། དེ་ལས་གྲི་བདག་ལ་དཔེ་ཆ་ལ་ལར་ཁྲི་འདུ་འམ་ཁྲི་དུན་ཞེས་བྲིས་ཡོད། དེ་ལས་རྒྱ་ནི་ད་ལྟ་ཀན་སུའུ་ཞིང་ཆེན་ལིན་ཞྰ་(临夏)ཀ་ཅུ་ཟེར་བ་དེར་ངོས་འཛིན་བྱས་ན་འགྲིག་མིན་གཤམ་གསལ་ལྟར་ལགས། བྱང་ན་གེ་སར་དང་ཧོར་ཡུལ་ལས་གེ་སར་ནི་ད་ལྟ་རང་རྒྱལ་མངའ་རིས་ཀྱི་བྱང་རྒྱབ་སིན་ཅང་ཕྱོགས་སུ་ཡོད་པའི་གནའ་དུས་ཀྱི་ཚོ་བ་ཆེན་པོ་ཞིག་གི་མིང་ཡིན། ཧོར་ནི་ད་ལྟ་ཧོར་ཁྱུང་ཕྱོགས་ཀྱི་སྟེང་ཆེན་རྫོང་དང་དཔལ་ཆེན་རྫོང་། ཉེན་རོང་རྫོང་དང་ནག་ཆུ་སོགས་གཙོས་པའི་ཡུལ་གྲུ་རྣམས་ལ་ཟེར། དེ་ལ་ནང་གསེས་ཚོ་བ་སོ་དགུ་སོགས་ཡོད་པར་རྒྱས་པ་མཁར་རྨེའུ་བསམ་གཏན་ཀྱི་དཔྱད་རྩོམ་ཧོར་ཚོ་བ་སོ་དགུའི་ལོ་རྒྱུས་བྱུང་འཕེལ་ཞེས་པ་ལས་གསལ།  རྩ་འགྲེལ་ལས་ཧོར་གྱི་མཐའ་ན་སོག་པོ་དང་སྦལ་ཁ་ཡོད་ཞེས་དང་། མཁན་ཆེན་ཉི་མའི་རང་རྣམ་དུ་ཧོར་གྱི་བྱང་ཕྱོགས་ན་སོག་པོ་ཡོད་ཅེས་བཤད་པས་ཧོར་གྱི་མཐའ་ན་སོག་པོ་ཡོད་ཅེས་པའང་དོན་ལ་གནས་པར་སེམས།  དེ་བཞིན་ཏུ་གེ་སར་གྱི་མཐའ་ན་ཁྲོམ་དང་ལི་བལ་ཡོད་ཞེས་པ་ནི་ད་ལྟ་རང་རྒྱལ་གྱི་སིན་ཅང་ཕྱོགས་ཀྱི་ཚོ་བ་ཆེན་པོ་གསུམ་ལ་ཟེར། དེ་ལ་སྐབས་རེ་ཁྲོམ་གེ་སར་ཞེས་ཁྲོམ་དང་གེ་སར་གཉིས་ཀྱི་མིང་བསྡུས་ནས་འབྲི་བ་དང་།  སྐབས་རེ་ལི་ཁྲོམ་ཞེས་ལི་དང་ཁྲོམ་གཉིས་ཀྱི་མིང་གཅིག་ཏུ་བསྡུས་པའང་མཐོང་དུ་ཡོད་པས་གེ་སར་དང་ལི་ཁྲོམ་སོགས་ས་ཕྱོགས་གཅིག་ཏུ་ཡོད་པར་མ་ཟད་དེ་དག་གི་ས་མིང་འབྲི་སྟངས་ལའང་འགྱུར་ལྡོག་མང་པོར་བྱུང་བ་ཤེས་ཐུབ། མདོར་ན་ལི་བལ་ཞེས་པ་ནི་སིན་ཅང་གི་ལི་ཡུལ་ཡིན་པ་ལས་བལ་པོ་མ་ཡིན་ཞེས་མཁས་དབང་དགེ་ཆོས་ཀྱི་རྒྱལ་རབས་དེབ་ཐེར་དཀར་པོ་ལས་གསལ་བོ་གསུངས་ཡོད།  མདོར་ན་གོང་དུ་བཤད་པའི་ས་མིང་དེ་དག་དར་གོས་ཚོང་ལམ་དང་འབྲེལ་བ་ངེས་ཅན་ཡོད་པས་ངོ་སྤྲོད་བྱེད་པར་གལ་གནད་དུ་སྣང་།
   ལྷོ་རྒྱ་གར་དང་ཁ་ཆེ་ཞེས་པའི་རྒྱ་གར་ནི་ད་ལྟ་རྒྱ་གར་གྱི་བྱང་ཕྱོགས་ཁུ་ནུ་གཙོས་པའི་ཡུལ་གྲུ་རྣམས་ལ་གོའམ་སྙམ། རྒྱུ་མཚན་རྒྱ་གར་གྱི་མི་རྒྱུད་རྣམས་ཀྱང་ཨོའུ་གླིང་ཕྱོགས་ནས་གངས་ཏི་སེ་བརྒྱུད་དེ་རྒྱ་གར་དུ་མཆེད་པར་བཤད་པས་སོ།ཁ་ཆེ་ཞེས་པ་ནི་ད་ལྟ་པ་གི་སི་ཐན་གྱི་རྒྱལ་ས་ཁ་ཆེ་ལ་(卡奇拉)སོགས་ལ་གོ་བ་ལེན་དགོས།བྲུུ་ཤ་ཞེས་པ་ནི་ད་ལྟ་ཁུ་ཤིེས་མིས་(克什么米尔)འམ་རྒྱ་སྐད་དུ་པོ་ལུ勃律ཟེར་བ་རྣམས་ཡིན།གྲི་གུམ་སྐབས་སུ་བོད་ཀྱི་སྲིད་དབང་ནང་དུ་ཁ་ཆེ་ནས་བྱུང་བའི་བློན་པོ་འགའ་རེ་ཡོད་པས་ཁ་ཆེ་དང་བཙན་པོ་རྒྱལ་རབས་བར་ལ་ཆོས་སྲིད་ཀྱི་འབྲེལ་བ་ཧ་ཅང་ཟབ་པར་ཤེས་ཐུབ།
   ནུབ་ན་སྟག་སྡེ་དང་གཟིག་འཕེན་ཞེས་པ་ནི་གངས་ཏི་སེའི་ནུབ་ཕྱོགས་ཀྱི་ཚོ་བ་ཆེན་པོ་གཉིས་ལ་ངོས་འཛིན་གནངས་ཡོད། མཁས་དབང་ནམ་མཁའི་ནོར་བུའི་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་ལས་ད་ལྟའི་པར་སིག་(波斯)དང་ཕེ་རིང་ཞེས་པ་གཉིས་ལ་ངོས་འཛིན་གནང་འདུག   དགེ་རྒན་ཆེན་པོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་ཞང་བོད་ཤེས་རིག་ཞིབ་འཇུག་ཅེས་པ་ལས་གནས་སྐབས་སུ་ད་ལྟ་དབྱི་ལིང་(伊朗)དང་་ཨ་ལ་པོ(阿拉伯)ལ་ངོས་འཛིན་གནངས་ཡོད།  དོན་དངོས་པར་སིག་ནི་ དབྱི་ལང་སོགས་ཀྱིས་བཙུགས་པའི་གནའ་བོའི་རྒྱལ་ཁབ་ཅིག་གི་མིང་ཡིན་ཞིང་།བོད་སྐད་ལ་སྟག་གཟིག་རྒྱལ་ཁབ་ཟེར། གཞན་ཡང་དཔྲ་སྟོན་པའི་འཛམ་གླིང་ཡུལ་བཤད་ལས་བོད་ནུབ་ཕྱོགས་ཀྱི་ས་ཁྱོན་ཡོངས་ལ་སྟག་གཟིག་ཅེས་བྲིས་འདུག་ པས་ཡུལ་གྲུ་དེ་དག་ལ་རྒྱུས་ལོན་བྱེད་མཁན་མང་པོ་ཞིག་ཡོད་པའང་མཚོན་ཐུབ།
དེའང་རྒྱ་ནག་ཅེས་པ་ནི་བོན་གྱི་ལོ་རྒྱུས་ཡིག་ཆའི་ནང་དུ་ ། རྒྱལ་བུ་མཐིང་གེ་དང་དམུ་ལྕམ་ཁྲུང་ཁྲུང་དཀར་མོའི་སྲས་རྒྱ་བོད་ཧོར་གསུམ་འཁྲུངས། སྲས་ཆེ་བ་བོད་ཟེར་བ་དེ་ད་ལྟ་ཡུལ་ཡར་ལུང་ཕྱོགས་སུ་གཞིས་ཆགས་ཏེ་བོད་ཀྱི་མི་རྒྱུད་རྣམས་གྲོལ། མཁས་དབང་དོན་འགྲུབ་རྒྱལ་གྱིས།  གཉའ་ཁྲི་བཙན་པོས་བོད་ཀྱི་སྲིད་དབང་མ་བཙུགས་པའི་གོང་ན་བོད་ཅེས་པ་ནི་ད་ལྟ་ཡུལ་ཡར་ལུང་ཕྱོགས་སུ་བོད་ཁམས་གཞུང་དྲུག་གམ་བོད་ཁ་གཡའ་དྲུག་ཅེས་ཚོ་བ་ཆེན་པོ་དྲུག་གི་མིང་ཡིན་པར་བཤད་པ་ལྟར་ན་ཆུང་བ་ནས་ཆེན་པོར་གྱུར་པ་ཤེས་ཐུབ། རྗེས་སུ་གཉའ་ཁྲི་བཙན་པོས་ཡུལ་དེར་བོད་ཀྱི་སྲིད་དབང་བཙུགས་ཤིང་བཙན་པོ་རྒྱལ་རབས་ཞེས་མཚན་གསོལ། དེ་ནས་བཟུང་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་རིག་གནས་སོགས་རིམ་གྱིས་དར་ཏེ་བོད་སྤྱིའི་མཚན་དུ་འཇགས་པར་སེམས། སྲས་འབྲིང་བ་ཧོར་ཟེར་བ་ཉིད་བོད་(ཡར་ལུང་།)ཀྱི་བྱང་ངོས་སུ་གནས་སྤོས་ཏེ་གཞིས་ཆགས་པ་ལ་ནང་གསེས་ཚོ་བ་སོ་དགུ་སོགས་གྲོལ་བར་བཤད། རྒྱ་ནི་རྒྱ་བོད་གཉིས་ཆབ་སྲིད་ལ་མཐུན་པོ་མ་བྱུང་ཞིང་། བོད་ཀྱིས་རྒྱ་ལ་མགོ་སྐོར་བཏང་ནས་ད་ལྟ་ཀན་སུའུ་ཞིང་ཆེན་གྱི་ལིན་ཞྰ་ཀ་ཅུའི་ཡུལ་དུ་རྒྱང་ཕུད་བྱས་པ་ལ་རྒྱའི་རྒྱལ་ས་དང་རྒྱའི་ཡུལ་སོགས་ཟེར།   དེའང་བོད་ལས་བོད་མིའུ་གདོང་དྲུག་དང་ཞང་བོད་ཀྱི་མི་རྒྱུད་རྣམས་གྲོལ།རྒྱ་ལས་མི་ཉག་དང་ཡུ་གུར་རྣམས་གྲོལ།ཧོར་ལས་སོག་པོ་དང་གྲུ་གུ ་རྣམས་གྲོལ་བ་བཤད།  བོན་གཞུང་ལྟར་ན་རྒྱ་བོད་མི་རིགས་ཀྱི་མེས་པོའམ་མགོ་ཁུངས་གཅིག་ཏུ་གྲུབ་པར་བཤད་པ་ནི་མི་རིགས་ཀྱི་མཛའ་བརྩེ་ཟབ་མོ་མཚོན་ཐུབ།
དེས་ན་རྒྱའི་ཡིག་ཆ་རི་ཆུའི་མདོ(山海经)ཟེར་བའི་ནང་དུ། རི་ལ་རྒྱལ་པོ་དང་བློན་པོ་རི་ཕྲན་སོགས་བསམ་གྱིས་མི་ཁྱབ་པ་ཡོད། དེ་ལས་ནུབ་ཕྱོགས་སུ་ཁུ་ནུའི་རི་བོ་昆仑山སོགས་ཡོད། རྨ་ཆུའི་མགོ་ཁུངས་ཀྱང་ཁུན་ནུའི་རི་རྒྱུད་ཀྱི་གདང་ལ་ཆེ་ཆུང་ལ་ཐུག་པར་བཤད། དེའང་ཁུ་ནུའི་རི་བོ་ནི་ཏོའོ་ལུགས་ཀྱི་སྟོན་པ་ཐེ་ཧྲང་ལོའོ་ཅུན་太上老君གྱི་གནས་རིར་ངོས་འཛིན་གནངས་ཡོད། ལོའོ་ཙུ་ནི་ཐེ་ཧྲང་ལའོ་ཅུན་གྱི་སྤྲུལ་བ་ཡིན་པར་བཤད།  རྒྱ་ནག་པའི་ལྷ་སྒྲུང་དང་གནའ་སྒྲུང་རྣམས་སུ། རྨ་ཆུ་ནི་ལྷ་ཡུལ་ནས་འབབ་པ་དང་། རྒྱ་ནག་རིག་གནས་ཀྱི་མགོ་ཕུགས་ཡས་ཅིན་易经དང་ཏོའོ་ལུགས(道教)སོགས་ཀྱང་རྨ་ཆུ་བརྒྱུད་དེ་ལྷ་ཡུལ་ནས་ཁུར་ཡོང་བ་སོགས་གཏམ་རྒྱུད་མཚར་ལ་རིང་བ་ཤིན་ཏུ་མང་པོ་འདུག   
   དེ་བཞིན་ཏུ་མདོ་སྨད་ཆོས་འབྱུང་ དང་ཨ་མདོའི་ཆོས་འབྱུང་། མཁར་ནག་ཆོས་འབྱུང་སོགས་ལས་ད་ལྟ་བྱམས་པ་འབུམ་གླིང་ཀྱང་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པར་བཤད་པ་ལྟར་ན། མདོ་གཟེར་མིག་ཏུ་བསྟན་པའི་རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་གསས་ཁང་དཀར་ནག་བཀྲ་གསལ་ཡང་ཡུལ་དེར་ཡོད་པར་ར་སྤྲོད་བྱ་ཐུབ། སྟོན་པ་རྒྱ་ཡུལ་དུ་ཕེབས་ནས་ཀོང་ཙེའི་སྲས་མོ་རྒྱ་བཟའ་འཕྲུལ་ལྕམ་ཁབ་ཏུ་བཞེས་པའི་སྲས་རྒྱ་ཚ་འཕྲུལ་བུ་ཆུང་སྐུ་འཁྲུངས་ཞེས་པའང་ཀན་སུའུ་ཉིན་ཞྰ་ཕྱོགས་སུ་ཡིན་དགོས་པར་འདྲ། རི་ཆུའི་མདོ་སོགས་ལས། རྒྱ་ཡི་མེས་པོ་ཧང་དྷེ་ཟེར་བའང་ཁུ་ནུ་རི་བོ་ནས་བྱུང་ཚུལ་གཏམ་རྒྱུད་མཚར་ལ་རིང་བ་དུ་མ་མཐོང་དུ་ཡོད།
   ཐུའུ་བཀན་གྲུབ་མཐའ་ཤེལ་གྱི་མེ་ལོང་ ལས། རྒྱ་ནག་ལ་ཙི་ན་དང་དྲི་ན(支那)ཞེས་འབོད་པ་ནི་ཅུན(晋)ཞེས་པའི་སྒྲ་དེ་མ་ཐོན་ནས་ཙིན་དང་ཙི་ན་ཞེས་སྒྲ་ཟུར་ཆག་པར་བཤད། གང་ལྟར་རྒྱ་ཞེས་པ་ནི་ད་ལྟ་ཀན་སུའུ་ཞིང་ཆེན་ཉིན་ཞྰ་རང་སྐྱོང་ལྗོངས་ཀྱི་ཀ་ཅུ་ཟེར་བ་དེ་ལ་གོ་ན་འགྲིག་པར་སྙམ། དཔེར་ན་དྲི་མེད་རྩ་བའི་མདོ་རུ་ ཀ་ཅུ་རྒྱ་ཡི་རྒྱལ་ས་དང་། ད་ལྟ་ཡུལ་དེ་ལ་རྒྱ་ཀ་ཅུ་དང་ཀ་ཅུ་རྒྱ་སོགས་འབོད་པ་དང་། མདོ་སྨད་ཆོས་འབྱུང་སོགས་ལས་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པའི་གསས་ཁང་སོགས་དེར་ཡོད་པར་བཤད་པ་དང་རྒྱ་ནག་པས་རང་གི་རིག་གནས་ཀྱི་མགོ་ཁུངས་དེ་རྨ་ཆུ་ལ་གཏུག་སྲོལ་ཡོད་པ་སོགས་ཀྱིས་མཚོན་རྒྱ་ཞེས་པའི་མེས་པོ་དེའང་དེ་ནས་མཆེད་པར་ཤེས་ཐུབ།

གཉིས་པ། མདོ་འདུས་སུ་བསྟན་པའི་ས་མིང་འགའ་ཞིག

   དེའང་མདོ་འདུས་ལ་མདོ་འདུས་པ་རིན་པོ་ཆེ་རྒྱུད་ཐམས་ཅད་མཁྱེན་པ་བཀའ་ཚད་མ་ཞེས་དང་། གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེ་རྒྱུད་ཀྱང་ཟེར།། སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ལས་རྣམ་ཐར་བསྡུས་མར་གྲགས་ཤིང་།  ཁྱོན་ལེའུ་ཚན་པ་ཉི་ཤུ་རྩ་བཞིར་བགོས་ནས་བྲིས་ཡོད། ཤོག་ལྡེབ་༨༦ཡོད། དུས་རབས་བཅུ་པ་ནས་བོན་གྱི་རིག་གཞུང་ལ་བཀའ་མ་དང་གཏེར་མ་གཉིས་ཕྱེས་སྲོལ་ཡོད་པ་ལས་གཏེར་མའི་གྲས་སུ་རྩི་བ་དང་། མདོ་འདུས་རང་གི་མཇུག་ཏུ་གཉན་ཆེན་ལི་ཤུ་སྟག་རིང་གིས་གཡུང་དྲུང་ལྷའི་སྐད་ལས་བོད་སྐད་དུ་བསྒྱུར་ཞེས་པ་ཙམ་ལས་གཏེར་སྟོན་སུ་ཡིན་གསལ་བོ་གསུངས་མེད།     མཁར་རྨེའུ་བསམ་གཏན་ལགས་ཀྱི་མདའ་དང་འཕང་ལས།  ལྷོ་བལ་གྱི་ཨ་ཙ་རྱ་མི་གསུམ་གྱིས་བསམ་ཡས་ནས་གཏེར་དྲངས་བར་བཤད། དུས་རབས་བཅུ་བཞི་པ་ཙམ་ལ་བྲིས་པའི་བོན་འབྱུང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས་ཡུལ་དུས་ཀྱི་དབང་གིས། བོན་གྱི་གཏེར་ཆོས་ལ་བྱང་གཏེར་དང་། ལྷོ་གཏེར། དབུས་གཏེར། ཁམས་གཏེར། གཏེར་གསར་བཅས་ལྔར་དབྱེ་བ་ལས་ཨ་ཙ་ར་མི་གསུམ་ནི་བོན་གྱི་གཏེར་སྟོན་ཐོག་མ་དང་བྱང་གཏེར་གྱི་སྲོལ་བཏོད་པ་པོར་ངོས་བཟུང་ཡོད།  དེའང་མཁན་ཆེན་ཉི་མའི་རང་རྣམ་དང་བསྟན་རྩིས་ནོར་བུའི་ཕྲེང་བ་ལས་ཨ་ཙ་རྱ་མི་གསུམ་གྱིས་གཏེར་བཏོན་པའི་ལོ་ནི་སྤྱི་ལོ་༩༡༣པ་ཡིན་པ་ཁ་གསལ་བོར་བསྟན་ཡོད།   ད་ལྟ་བོན་གྱི་ཡིག་ཆའི་ཁྲོད་དུའང་མདོ་གཞུང་འདི་ཉིད་པར་བསྐྲུན་ཐེངས་མང་པོ་བྱས་པ། དཔེར་ན་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་དང་ཚེ་རིང་ཐར་སོགས་ཀྱིས་ཕྱོགས་བསྒྲིགས་མཛད་ཅིང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་དེབ་དང་པོའི་ལྡེབ་༡ནས་༨༦བར་དང་། ཁྱུང་པོ་སྟེང་ཆེན་དགོན་པས་བསྒྲིགས་སྦྱོར་མཛད་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དེབ་ཕྲེང་༢༥པ་དང་། སྣང་མཐའ་བསྟན་འཛིན་ཉི་མས་ཕྱོགས་བསྒྲིགས་མཛད་ཅིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༦ ལོར་བསྐྲུན་པའི་ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་སྟོད་ཆའི་ཤོག་ལྷེ་༤༡༩ནས་༤༨༦་པ་སོགས་སུ་བཞུགས། དེ་དག་གི་མ་དཔེ་ཉག་རོང་དབལ་ཁྱུང་དགོན་པར་ཉར་ཚགས་བྱས་པའི་བཀའ་འགྱུར་ལས་བྱུང་བའི་མདོ་འདུས་ཉིད་ཡིན་པར་ཤེས་དགོས། དེ་ལས་གཞན་པའི་མ་དཔེ་ད་ཕན་ལག་ཏུ་རྙེད་སོན་མ་བྱུང་།
   མདོ་འདུས་ལེའུ་གཉིས་པ་ལས། ནུབ་ཕྱོགས་དམུ་ཡི་རྒྱལ་ཁབ། ཤར་ཕྱོགས་རྒྱ་ཡི་ཡུལ། བྱང་ཕྱོགས་ལི་བལ་ཁྲོམ། བྱང་ཤར་ཧོར་གྱི་ཡུལ། གངས་ཅན་བོད་ཀྱི་ཡུལ། ཞེས་པ་ལྟར་ན། གངས་ཏི་སེའི་ནུབ་ཕྱོགས་སུ་དམུའི་རྒྱལ་ཁབ་ཅེས་པ་བསྟན་འཛིན་རྒྱལ་པོ་སྡེ་དྲུག་གི་ནང་ཚན་དམུ་རིགས་རྒྱལ་པོའི་རྒྱལ་ཁབ་ཡོད་པར་བཤད། བོད་ཀྱི་ཤར་ཕྱོགས་སུ་རྒྱ་ཡི་རྒྱལ་ཁབ་དང་། ལྷོ་ཕྱོགས་མོན་གྱི་ཡུལ་ཞེས་པ་ནི་ད་ལྟ་མོན་པ་མི་རིགས་གཙོས་པའི་ཡུལ་གྲུ་རྣམས་ལ་གོ་འམ་སྙམ། ཤར་ལྷོར་འཇང་གི་རྒྱལ་ཁབ། བྱང་ཕྱོགས་ན་ལི་བལ་དང་ཁྲོམ་བཅས་ཡོད། བྱང་ཤར་ཕྱོགས་སུ་ཧོར་གྱི་ཡུལ་སྟེ་ཧོར་ཚོ་བ་སོ་དགུ་སོགས་ལ་གོའམ་བསམ། གངས་ཅན་བོད་ཀྱི་ཡུལ་ཞེས་པ་ནི་དབུས་གཙང་གི་ས་རྣམས་ལ་གོ་བ་ལེན་དགོས་པ་འདྲ། དེའི་སྐབས་སུ་ཧོར་དང་ཁྲོམ་ལི་བལ། འཇང་དང་མོན་སོགས་ད་དུང་བོད་ཀྱི་ཁོངས་སུ་མི་འདུ་བར་བཤད་པས་རྒྱལ་ཕྲན་བཅུ་གཉིས་སྐབས་ཡིན་པར་ར་སྤྲོད་ཐུབ།
  དེ་ལས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་ཏུན་ཧོང་གཏེར་ཡིག  རྒྱའི་ལོ་རྒྱུས་ཧན་ཡིག་དང་ཐང་ཡིག་གསར་རྙིང་ སོགས་ལས་བཤད་པའི་འཇང་ཞེས་པ་དེ་ནི་བོད་ཀྱི་བཙན་པོ་ཁྲི་འདུས་སྲོང་མང་པོ་རྗེའི་སྐབས་སུ་འཇང་རྒྱལ་ཁབ་དབང་དུ་བསྡུས་ཞེས་པ་དེ་ལ་གོ་བ་ལེན་དགོས། དེའང་རང་རྒྱལ་གྱི་ལྷོ་ཕྱོགས་བོད་དང་འབྲེལ་ཆེ་བའི་མི་རིགས་སམ་ཡུལ་གྲུ་ཞིག་ཡིན། ཀྲུང་གོའི་ལོ་རྒྱུས་རྣམས་སུ་ནན་ཀྲོའུ(南沼)ཞེས་བཀོད་ཡོད། དེ་ལ་ཏུན་ཧོང་ཡིག་རྙིང་སོགས་ལས་འཇང་ངམ་མྱཱ་དཀར་ནག་ཅེས་གྲགས། སྤྱིར་བོད་སྐད་ཀྱི་མྱཱ་དཀར་ནག་ཅེས་པ་དེའང་རྒྱ་ཡིག་ནང་དུ་སྔོན་ཆད་ཡུལ་དེའི་མི་རིགས་ལ་ཝུའུ་མན(乌蛮)ཏེ་མན་ནག་པོ་དང་པེ་མན(白蛮)་ཏེ་མན་དཀར་པོ་ཞེས་བཏགས་པའི་སྒྲ་ལས་བྱུང་བར་འདྲ། དེའང་དེང་དུས་དབྱི་རིགས(彝族)དང་པེ་རིགས(白族)དང་ནྰ་ཞིས་མི་རིགས་སོགས་མི་རིགས་ཁ་ཤས་ཀྱི་མེས་པོ་དེ་ཡིན་པར་བཤད་དེ། རྒྱ་ཡིག་ཀྲུང་གོའི་ལོ་རྒྱུས་ཞེས་པ་ལས། འཇང་གི་ཕྱོགས་སུ་ཀྲོའོ་དྲུག་ཡོད་པ་ནི་ད་ལྟའི་དབྱི་རིགས་དང་པེ་རིགས་སོགས་ཀྱི་མེས་པོ་ཡིན་ཞེས་པས་ཀྱང་ཤེས་ཐུབ། ཡང་དེ་ཉིད་ལས། འཇང་ཞེས་པ་དེའང་ཐང་རྒྱལ་རབས་སྐབས་སུ་མི་རིགས་དེ་གཉིས་གཙོས་པའི་མི་རིགས་ཁ་ཤས་ཀྱིས་བཙུགས་པའི་རྒྱལ་ཁབ་ཅིག་ཡིན། ད་ལྟ་ས་དེ་ག་ན་དབྱི་རིགས་དང་པེ་རིགས། ནྰ་ཞིས་མི་རིགས་དང་མོ་སོ་མི་རིགས་ཕུའུ་མིན་མི་རིགས་普米族སོགས་མི་རིགས་མང་པོ་ལྷན་དུ་འདུས་ཡོད། མི་རིགས་དེ་དག་གི་ཆོས་ལུགས་དང་རིག་གནས་ཚང་མ་བོན་ཁོ་ན་ཡིན་པར་ཤེས་ཐུབ།

གསུམ་པ། བསྒྲགས་པ་གླིང་གྲགས་ལས་བསྟན་པའི་ས་མིང་འགའ་ཞིག་ངོ་སྤྲོད།

   བསྒྲགས་པ་གླིང་གྲགས་ལ་བསྒྲགས་པ་རིན་ཆེན་གླིང་གྲགས་ཀྱང་ཟེར། འདི་ནི་བོད་ཀྱི་མཁས་པ་དུ་མས་དཔྱད་གཞིར་མཛད་པའི་བོན་གྱི་ལོ་རྒྱུས་ཡིག་རྙིང་རྩ་ཆེན་ཞིག་ཡིན། དེ་ལ་སྟོད་འདུལ་རྒྱུད་ཀྱི་བསྒྲགས་པ་དང་བར་གསང་སྔགས་ཀྱི་བསྒྲགས་པ། སྨད་དྲག་རྩུབ་ཆོས་ཀྱི་བསྒྲགས་པ་བཅས་བསྒྲགས་པ་གསུམ་གྱིས་གྲུབ་པའི་གཞུང་ཞིག་རེད།བཤད་སྲོལ་ལ་བླ་ཆེན་དྲན་པ་ནམ་མཁས་དུས་རབས་བརྒྱད་པ་ཙམ་ལ་བརྩམས་ཤིང་། མཐའ་བཞི་ཡེ་ཤེས་བློ་གྲོས་ཀྱིས་དུས་རབས་༡༠པའི་ལོ་རབས་༥༠པར་བསམ་ཡས་ནས་གཏེར་དུ་དྲངས་བར་བཤད། ཡང་ལ་ལས་རྨ་ཤེས་རབ་སེང་གེའི་གཏེར་མ་ཡིན་ཡང་ཟེར།སྤྱི་ལོ་༢༠༡༠ལོའི་ཟླ་༡༠པར་རྩེ་ཞིག་ཤེས་རབ་བསྟན་པའི་ཟླ་བ་ལགས་ཀྱིས་གཙོ་བསྒྲིགས་མཛད་ཅིང་།པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༠ལོའི་ཟླ་༡༠པ་ལ་པར་དུ་བསྐྲུན་པའི་དཔེ་ཆ་གངས་ཏི་སེའི་བོན་གཞུང་རིག་མཛོད་དེབ་དང་པོ་ཤོག་ལྷེ་༨༧ནས་༡༨༧བར་བཞུགས། སྤྱི་ལོ་༢༠༡༦ལོར་སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་སྦྱོར་མཛད་ཅིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དེབ་ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་སྟོད་ཆ་རུའང་་འཁོད་ཡོད། བསྒྲགས་པ་གླིང་གྲགས་ལས་བཤད་པའི་འཛམ་གླིང་གི་རྣམ་བཞག་དང་ཞི་ཁྲོ་རྩ་འགྲེལ་ལས་བཤད་པ་གཉིས་དགོངས་པ་ཕལ་ཆེར་གཅིག་མཐུན་རེད་འདུག
   བསྒྲགས་པ་གླིང་གྲགས་ལེའུ་དང་པོ་ཆགས་པའི་ཡུལ་གྱི་གནས་ལུགས་བསྟན་པ་ཞེས་པ་ལས། འཛམ་བུ་གླིང་འདི་ན། ཡུལ་ཆེན་བཅོ་བརྒྱད་ཡོད། ཡུལ་ཕྲན་དགུ་བཅུ་རྩ་དགུ་ཡོད།མཐའ་འཁོབ་སྟོང་དང་ལྔ་བརྒྱ་ཡོད། ཡུལ་ཆེན་བཅོ་བརྒྱད་ནི། ཤར་ན་རྒྱ་ནག་དང་ཁྲི་དུན། བྱང་ན་གེ་སར་དང་ཧོར་ཡུལ་གཉིས། ནུབ་ན་སྟག་སྡེ་དང་གཟིག་འཕེན་གཉིས། ལྷོ་ན་རྒྱ་གར་དང་ཁ་ཆེ། དབུས་གངས་ཀྱི་ར་བ་ཅན་དང་དགུའོ། ཤར་རྒྱ་ནག་གི་མཐའ་ན་རྒྱལ་མོ་ཁྱི་ཁྱོད་ཅན་དང་ཐོ་གར་གཉིས། བྱང་ཧོར་གྱི་མཐའ་ན་སོག་པོ་དང་སྦལ་ཁ་གཉིས། ནུབ་སྟག་གཟིག་གི་མཐའ་ན་ཀོའུ་ལི་དང་ཕུ་ན་གཉིས། ལྷོ་རྒྱ་གར་གྱི་མཐའ་ན་ཏ་ཡུལ་དང་ཧུ་ན་གཉིས། དབུས་ན་གསེར་ཟངས་མུ་ཏིག་གིས་གནམ་ཡོལ་དང་དགུའོ།  ཞེས་གསུངས།
   དེའང་དབུས་གངས་ཀྱི་ར་བ་ཅན་ཞེས་པ་ནི་བོད་ལ་ཟེར་བར་སྣང་སྟེ། རྒྱལ་པོ་བཀའ་ཡི་ཐང་ཡིག་ལས། བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ།། སྤུ་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱོན།། ཞེས་པས་ཤེས་ཐུབ། བོད་ཀྱི་ཤར་ཕྱོགས་ན་རྒྱ་ནག་དང་ཁྲི་དུན་གཉིས་ཡོད་ཅེས་པའི་ཁྲི་དུན་ནི་ད་ལྟའི་ཁྲི་ཏུའུ་ཞེས་པ་དེ་ཡིན་ནམ་སྙམ། རྒྱུ་མཚན་ད་ལྟའི་མཁས་པ་འགའ་རེས་རྒྱ་སྐད(成都)ཞེས་པའང་མི་ཁྲི་ཚོ་འདུ་བའི་གྲོང་ཁྱེར་ཡིན་པས་ཁྲི་འདུ་ཞེས་གོ་བ་ལེན་མཁན་ཡོད། མདོར་ན་རྒྱ་ནག་དང་ཁྲི་དུན་གཉིས་སྐབས་དེར་བོད་ཀྱི་ཤར་ཕྱོགས་ན་ཡོད་པའི་ཚོ་བ་ཆེན་པོ་གཉིས་ཡིན་པར་ཤེས་ཐུབ། དེ་བཞིན་ཏུ་བོད་ཀྱི་བྱང་ཕྱོགས་སུ་གེ་སར་དང་ཧོར་གཉིས་ཡོད་པར་བཤད། བོད་ཀྱི་ནུབ་ཕྱོགས་སུ་སྟག་སྡེ་དང་གཟིག་འཕེན་ཞེས་ཚོ་བ་ཆེན་པོ་གཉིས་ཡོད། ལྷོ་ན་རྒྱ་གར་དང་ཁ་ཆེ་གཉིས་ཡོད་པར་བཤད་པ་ལྟར་ན། ཁ་ཆེ་ཞེས་པ་ད་ལྟ་པ་གི་སི་ཐན་གྱི་ཡུལ་གྲུ་རྣམས་ལ་གོ་དགོས། དུས་རབས་བཅུ་གཅིག་པ་ཙམ་ནས་ཁ་ཆེས་རྒྱ་གར་བ་རྣམས་དབང་དུ་བསྡུས་པས་རྒྱལ་ཁབ་གཅིག་ཏུ་གྲུབ། དེ་དག་ལས་ཧོར་དང་སོག་པོ་སྦལ་ཁ། ཁྲོམ་དང་ལི་བལ་གེ་སར། རྒྱ་དང་བོད་སོགས་ཀྱི་ཡུལ་གྲུ་རྣམས་དར་གོས་ཚོང་ལམ་དང་ངེས་པར་འབྲེལ་བ་ཡོད་འདུག་པས། རྒྱ་བོད་ཀྱི་ལོ་རྒྱུས་མང་པོ་གསལ་བྱེད་མཛད་དགོས་ན་རིག་གཞུང་དེ་དག་ལས་བཤད་པའི་ས་མིང་དང་ཆུ་མིང་སོགས་ཧ་ཅང་གལ་ཆེ་བར་སྙམ།
   བསྒྲགས་པ་གླིང་གྲགས་ལས། ཤར་རྒྱ་ནག་དང་དབུས་གངས་ཀྱི་རྭ་བའི་བར་ན་ལ་ཤན་གངས་རྒྱུད་དར་དཀར་གྱི་ཡོལ་བ་འདྲ་བས་བཅད། བྱང་གེ་སར་དང་དབུས་གངས་ཀྱི་རྭ་བའི་བར་ན་བྱེ་མ་སྒང་རིང་ཉའི་སྒལ་བ་འདྲ་བས་བཅད། ནུབ་སྟག་གཟིག་དང་དབུས་གངས་ཀྱི་རྭ་བའི་བར་ན་དག་ཤ་དུང་གི་སྒོ་འདྲ་བས་བཅད།ལྷོ་རྒྱ་གར་དང་དབུས་ཀྱི་ར་བའི་བར་ན། ཧི་མ་ལ་ཡའི་རི་རྒྱུད་དུག་སྦྲུལ་དཀྱུས་པ་འདྲ་བས་བཅད། རྒྱ་གར་དང་རྒྱ་ནག་བར་ན་སྤུ་ཟེ་བྲག་རྒྱུད་སྤྲེའུ་རྩེ་བས་བཅད། རྒྱ་ནག་དང་གེ་སར་གྱི་བར་ན་ཀློང་ཐང་བྱེ་མ་རལ་དྲུག་གིས་བཅད།གེ་སར་ཁྲོམ་དང་སྟག་གཟིག་གི་བར་ན་ཉི་གོང་དབྱེན་དམར་ཐང་ཆེན་གྱིས་བཅད།སྟག་གཟིག་དང་རྒྱ་གར་གྱི་བར་ན་མོན་མཚོ་ནག་པོ་གཏིང་རིང་གིས་བཅད། རྒྱ་ནག་དང་བོད་ཀྱི་བར་སུམ་གླིང་ཀ་ཆུ(ཅུ)གཡུ་མཚོ་རིང་གིས་བཅད།གེ་སར་དང་ཧོར་དང་བོད་ཀྱི་བར་ན་ཁྲི་ཤོ་རྒྱལ་མོ་དང་བྲག་ཆུ་སྨན་འཕྲང་རིང་གིས་བཅད།སྟག་གཟིག་དང་བོད་ཀྱི་བར་གྱི་བར་ན་རྟག་ཤ་རྡོ་རྒོད་བྲག་རོང་གིས་བཅད།ཞང་ཞུང་དང་བོད་ཀྱི་བར་ན་ནུབ་ཀྱི་གེ་ཁོད་གཉེན་ལུང་རོང་གིས་བཅད།སྨད་སུམ་པ་དང་བོད་ཀྱི་བར་ན་ཤར་གྱི་གའུ་ཤེལ་ཚ་རོང་གིས་བཅད།འ་ཞ་དང་བོད་ཀྱི་བར་ན་བྱེ་མ་སྦྱང་མདུར་རོང་གིས་བཅད།འཇང་དང་བོད་ཀྱི་བར་ན་ལྷོ་ཡི་གོར་མ་ཞ་ལ་རོང་གིས་བཅད།ཅེས་བསྒྲགས་པ་གླིང་གྲགས་དང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན། གཡུང་དྲུང་བོན་གྱི་བསྟན་འབྱུང་ལེགས་བཤད་བསྐལ་བཟང་བསྟན་པའི་མགྲིན་རྒྱན་སོགས་ཕན་ཚུན་དཔེར་བསྡུར་ནས་ཡིག་ཐོག་ཏུ་བཀོད་པ་ཡིན།
   ཡུལ་ཕྲན་དགུ་བཅུ་རྩ་གཅིག་ནི། བསྒྲགས་པ་གླིང་གྲགས་དང་ལེགས་བཤད་མཛོད་གཉིས་ལས།སྒམ་པོ་རྗེ་འབྲང་མིག་ཕྱེ། ཕྱེ་བོ་ཕྱག་གཏོང་།སྒུར་འགྲོ་མི་ལུས། གཤོག་ཐོག་སྣ་ལེབ།གཅེར་བུ་སྤུ་མེད། སྣ་མེད་ངོ་ལེབ། སྣ་མེད་ལུས་ཁྱབ། སྒུར་འགྲོ་མི་ལུས། རྣ་བོ་ཆེས་ལུས་འགེབས། ཞེས་པ་སོགས་ཡིན།དཔེར་ན་སྒུར་འགྲོ་མི་ལུས་ཞེས་པ་རྐང་ལག་བཞིའི་སྟེང་ནས་འགྲོ་བའི་མི་རིགས་ཤིག་ཀྱང་ཡོད་པར་ཤེས་ཐུབ གཤོག་ཐོགས་སྣ་ལེབ་ཞེས་པ་ལུས་ལ་གཤོག་པ་ཡོད་པའི་མི་དང་། སྣ་མེད་ངོ་ལེབ་ཞེས་སྣ་ཆུང་ཆུང་ཡིན་པའི་མི་རིགས་ཞིག་ལ་གོ་རྒྱུ། ངོ་ལེབ་ལེབ་ཅན་དེ་འདྲ་བའི་མིའང་ཡོད་སྲིད་པ་རེད།དེ་ལྟ་བུའི་མི་རིགས་དེ་ཚོ་སྔོན་ཆད་བྱུང་མྱོང་བ་དང་འགའ་ཞིག་ད་ལྟའང་ཡོད་འདུག་པ་དང་། འགའ་ཞིག་ཕྱི་ལུས་དང་ནང་གི་སྐྱེས་མཆེད་ཡོངས་ལ་འགྱུར་ལྡོག་ཐེབས་ཏེ་མི་རིགས་གཞན་ཏུ་འགྱུར་སོང་བའམ་མེད་པར་སོང་བ་སོགས་གནས་ཚུལ་ཤིན་མང་བར་སེམས། མཐའ་འཁོབ་སྟོང་དང་ལྔ་བརྒྱ་ཞེས་པ་ཕལ་ཆེར་བོད་དང་ཞང་ཞུང་རྒྱ་གར་ནག་སྟག་གཟིག་ཁ་ཆེ་སོགས་ཀྱི་མཐའ་ན་ཡོད་པས་མཐའ་འཁོབ་ཏུ་འབོད་པར་སྣང་། དཔལ་ཚུལ་གྱི་གཡུང་དྲུང་བོན་གྱི་བསྟན་འབྱུང་རྒྱས་པ་ལས།མཐའ་འཁོབ་སྟོང་དང་ལྔ་བརྒྱ་རྣམས་དེང་དུས་ཕལ་ཆེར་སྟོབས་ལྡན་རྒྱལ་ཁབ་དུ་གྱུར་ཡོད་ཅེས་པས་ཀྱང་ས་མིང་དང་ཡུལ་གྲུ་དེ་དག་ལ་འགྱུར་ག་འདྲ་ཐེབས་ཡོད་ཤེས་ཐུབ།
   སྐབས་འདིར་ཞང་ཞུང་ཞེས་པ་ངོ་སྤྲོད་མདོར་ཙམ་ཞུ་བ་ལ། དུས་རབས་བཅུ་བཞི་པའི་དཀྱིལ་ཙམ་ལ་ཞུ་ཉི་མ་གྲགས་པའི་སྒྲ་ཡི་དོན་སྡེབ་ལས། ཞང་ཞུང་ནི་བྱ་ཁྱུང་ངམ་ཁྱུང་གི་ལུང་པ་ཞེས་པའི་དོན་ཡིན་ཞིང་། ཐང་ཡིག་གསར་རྙིང་སོགས་ལྟར་ན་དུས་རབས་བདུན་པའི་སྐབས་སུ་སྟོད་དུ་ཞང་ཞུང་། སྨད་དུ་སུམ་པ། བར་ལ་བོད་ཅེས་རྒྱལ་ཁབ་གསུམ་པོ་ཕན་ཚུན་དོད་མཉམ་ཙམ་དུ་གནས་ཡོད། དུས་རབས་བདུན་པའི་སྐབས་སུ་ཞང་ཞུང་དང་སུམ་པ་སོགས་བོད་ཀྱིས་དབང་དུ་བསྡུས་ཏེ་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཆ་ཤས་སུ་གྱུར།ཏུན་ཧོང་གི་ཡིག་རྙིང་ལས།ཡབ་གནམ་རྀ་སློང་བཙན་དུག་གིས་བཀྲོངས། གཉེན་ཞང་ཞུང་།མཛོ་སུམ་པ་ངོ་ལོག་ཅེས་སྲོང་བཙན་ཡན་ལ་ཞང་ཞུང་དང་སུམ་པ་བོད་ཀྱི་མངའ་འོག་དུ་ཡོད་ནའང་གནམ་རི་སྲོང་བཙན་བསད་པ་དང་ཁོ་ཚོས་ངོ་ལོག་པར་ཤེས་ཐུབ།
   རྣམ་རྒྱལ་གཟུངས་ཆེན་སོགས་བོན་གྱི་ལོ་རྒྱུས་ཡིག་ཆ་ལྟར་ན་ཞུང་དང་རྒྱུང་དང་ཁྱུང་ཞེས་པ་རྣམས་བརྡ་འགྱུར་བ་མ་གཏོགས་དོན་གཅིག་ཡིན་པར་ཤེས་ཐུབ་པ། དཔེར་ན་ཁྱུང་གི་ལུང་པར་ཡོད་པའི་གནའ་མཁར་ལ་ཁྱུང་ལུང་དངུལ་མཁར་ཞེས་པ་ལྟ་བུའོ།། དེའང་དུས་རབས་བཅུ་པའི་དཀྱིལ་ཙམ་ལ་བཙན་པོ་གླང་དར་མའི་གདུང་རྒྱུད་བཀྲ་ཤིས་བརྩེགས་པའི་སྲས་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་གསུམ་མངའ་རིས་སུ་གནས་སྤོར་ཏེ་ད་ལྟ་མངའ་རིས་དང་བྲུ་ཤ་སོགས་ཡུལ་གྲུ་སྟོད་སྨད་ཀུན་ལ་དབང་བསྒྱུར་བས་མངའ་རིས་སྐོར་གསུམ་ཞེས་གྲགས་མོད།  དེའི་སྔོན་དུ་ཡུལ་གྲུ་འདི་དག་ལ་ཞང་ཞུང་ངམ་ཁྱུང་གི་ལུང་པ་ཞེས་འབོད་ཀྱིན་ཡོད། དུས་རབས་བཅུ་གཉིས་པའི་སྐབས་ཀྱི་གཏེར་ཆོས་མ་རྒྱུད་ལས། ཞང་ཞུང་ལ་སྒོ་ཕུགས་བར་གསུམ་ཡོད། ཞང་ཞུང་སྒོ་བ་ཁྱུང་ལུང་དངུལ་མཁར་དང་། བར་བ་རྒྱལ་མཁར་བ་ཆོད། ཕུགས་པ་སྟག་གཟིག་འོལ་མོ་ལུང་རིངས་ལ་ངོས་བཟུང་ཡོད། སངས་སི་ཏའི་སྐད་ཅེས་པའང་ཞང་ཞུང་བར་བའམ་རྒྱལ་མཁར་བ་ཆོད་ཀྱི་སྐད་ཡིན་པར་བཤད།རྒྱལ་མཁར་བ་ཆོད་ནི་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་བཞེངས་པའི་གནའ་བོའི་མཁར་ཞིག་ཡིན་ཞིང་། འོལ་མོ་ལུང་རིངས་ཀྱང་ད་ལྟ་ཅེ་ཨར་ཅེ་ཐུ吉尔吉特ཕྱོགས་སུ་ངོས་འཛིན་གནངས་འདུག་པས། རྒྱལ་མཁར་བ་ཆོད་ཀྱང་ཕལ་ཆེར་ཨུ་རྒྱན་ཟེར་བ་དེ་ལ་ངོས་བཟུང་ན་ཆོག་གམ་སྙམ། མཁན་ཉི་མ་བསྟན་འཛིན་གྱི་རྣམ་ཐར་ལས། ཞང་ཞུང་ཕུག་པ་རྒྱལ་མཁར་བ་ཆོད། ཞང་ཞུང་བར་བ་ཁྱུང་ལུང་དངུལ་མཁར། སྒོ་བ་ཁྱུང་པོ་རི་རྩེ་དྲུག་གཙོས་པའི་ཧོར་ཁྱུང་གི་ས་རྣམས་ཡིན།
མདོ་འདུས་ལེའུ་བཅུ་གཉིས་པ་ལས།  ཁྱུང་ལུང་དངུལ་མཁར་ནི་སྟོན་པ་གཤེན་རབ་མི་བོས་བཞེངས་པའི་གནའ་བོའི་མཁར་ཞིག་ཡིན་པར་བཤད་ཅིང་། ཁོང་གིས་རྐོང་རྗེ་དཀར་པོའི་སྲས་མོ་རྐོང་བཟའ་འཕྲུལ་ལྕམ་ཁབ་ཏུ་བཞེས་ཏེ་སྲས་རྒྱལ་སྲས་རྐོང་ཚ་དབང་ལྡན་ཡང་ཡུལ་དེར་སྐུ་འཁྲུངས། རྐོང་ཚ་དབང་ལྡན་ལ་སྲས་འོད་ཀྱི་རྒྱལ་པོ་དང་འབྲུག་གི་རྒྱལ་པོ་ཐོག་གི་རྒྱལ་མགར་བུ་སྟེ་བཞི་འཁྲུངས་ཏེ་གཤེན་ཆེ་རྒྱུད་དང་ཆུང་རྒྱུད་འབྲིང་རྒྱུད་སོགས་གདུང་རྒྱུད་ཆེན་པོ་གསུམ་གྲོལ། ཆེ་བ་འོད་ཀྱི་རྒྱལ་པོ་ལས་གཤེན་ནམ་མཁའ་སྣང་བ་མདོག་ཅན་སོགས་ཆེ་རྒྱུད་རྣམས་གྲོལ། དེའང་གཤེན་ནམ་མཁའ་སྣང་བ་མདོག་ཅན་ནི་བཙན་པོའི་རྒྱལ་རབས་འགོ་ཙམ་ལ་བོད་དུ་འབྱོར་ཏེ་གཉའ་ཁྲི་བཙན་པོ་དང་མུ་ཁྲི་བཙན་པོའི་དགེ་རྒན་མཛད་པར་བཤད། འབྲུག་གི་རྒྱལ་པོ་ལས་དྲན་པ་ནམ་མཁའ་སོགས་གཤེན་འབྲིང་རྒྱུད་རྣམས་གྲོལ་བར་བཤད་པ་དེ་ལྟར་ན། བོན་གྱི་ལོ་རྒྱུས་རྣམས་སུ་ཁྱུང་ལུང་དངུལ་མཁར་ནི་དྲན་པ་ནམ་མཁའི་ཡབ་རྒྱུང་ཡར་མུ་ཁོད་རྒྱལ་པོ་གུ་གེ་འོད་ཀྱི་བྱ་རུ་ཅན་གྱི་རྒྱལ་མཁར་ཡིན་པར་མ་ཟད། ད་ལྟ་མངའ་རིས་གུར་གྱོམ་དགོན་དུ་ལོ་ཉིས་སྟོང་སྔོན་དུ་འགྲོ་ཐུབ་པའི་དྲན་པའི་རྡོ་སྐུ་ཞིག་ཡོད་པ་སོགས་ཀྱིས་ཀྱང་བདེན་དཔུང་བྱེད་ཐུབ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།