སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་པའི་མཚན་གྱི་འབྲུ་བཤད་དང་དེའི་འབྲེལ་བའི་སྐོར།

[ཟླ་ཚེས། 2014-07-09 23:31:39][རྩོམ་པ་པོ། གཟི་གཡང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

      མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་ལུགས་ལ།  བསྐལ་བཟང་སྒྲོན་མེའི་བསྐལ་པར་བྱོན་པའི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་རྩ་གཉིས་ཀྱི་ནང་ནས་ཚེ་ལོ་འབུམ་པ་ནས་བཅུ་པའི་བར་གྱི་ཆེད་དུ་བྱ་བའི་གདུལ་བྱ་འདུལ་བའི་རྣམ་འདྲེན་གྱི་སྟོན་པ་དགུ་ལ་སྟོན་པ་རབ་དགུ་ཞེས་བརྗོད།   དེ་ཡང་སྣང་བ་རང་འབྱུང་ཐུགས་རྗེ་ཅན་ཚེ་ལོ་འབུམ་གྱི་སྟོན་པ། འཁོར་བ་ཀུན་འདྲེན་ཚེ་ལོ་བརྒྱད་ཁྲིའི་སྟོན་པ། ཀུན་ཤེས་ཉོན་མོངས་དུག་སྲེག་ཚེ་ལོ་དྲུག་ཁྲིའི་སྟོན་པ། ལེགས་པ་ཚད་མེད་ཐུགས་རྗེ་ཚེ་ལོ་བཞི་ཁྲིའི་སྟོན་པ།ཐམས་ཅད་མཁྱེན་གཟིགས་ཚེ་ལོ་ཉིས་ཁྲིའི་སྟོན་པ། བྱམས་པ་ཀུན་ཤེས་ཚེ་ལོ་གཅིག་ཁྲིའི་སྟོན་པ། གཏོ་རྒྱལ་ཡེ་མཁྱེན་ཚེ་ལོ་སྟོང་གི་སྟོན་པ། སྟོན་པ་གཤེན་རབ་ཚེ་ལོ་བརྒྱ་པའི་སྟོན་པ།འཆི་མེད་བྱམས་ལྡན་ཚེ་ལོ་བཅུ་པའི་སྟོན་པ་བཅས་སོ།དེའི་ནང་ནས་མི་མཇེད་སྟོང་གསུམ་གྱི་འཇིག་རྟེན་རྩོད་ལྡན་ཚེ་ལོ་བརྒྱ་པའི་སྙིགས་མ་ལྔ་བདོའི་དམུ་རྒོད་ཀྱི་འགྲོ་བ་རྣམས་འདུལ་བའི་རྣམ་འདྲེན་བརྒྱད་པ་ལ།  སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་གྱི་ཅོད་པན་དེ་ལྟར་གསོལ་བ་ཡིན། 

བརྗོད་པ་དང་པོ་སྟོན།

      ཞང་ཞུང་གི་སྐད་དོད་དུ་སྟོན་པ་ལ་གྱེར་སྤུངས་ཞེས་འབྱུང་། སྤྱིར་གཡུང་དྲུང་བོན་གྱི་ལུགས་ལ།  སྟོན་པ་དང་དཔོན་གསས་ཞེས་འགྲེལ་སྐབས་གདུལ་བྱ་ཐར་པའི་ལམ་ལ་འགོད་པའི་ཐབས་སམ་གདམས་པ་ཕྱིན་ཅི་མ་ལོག་པར་སྟོན་པ་ལ་སྟོན་ཞེས་དང་།  དཔོན་གསས་ཞེས་པ་སྐྱབས་མེད་མགོན་མེད་རྣམས་ཀྱི་མགོན་དུ་གྱུར་པ་ལ་དཔོན་དང་།  གསས་ཞེས་པ་གང་ཟག་ཕལ་པ་ལས་འདས་པ་སྟེ་ཤེས་རྒྱུད་སྒྲོལ་ནུས་པའི་སྐྱེས་བུ་ཁྱད་པར་བ་ཞིག་ལ་འགྲེལ་བའི་ལུགས་ཡོད་ཀྱང་།   སྐབས་འདིར་མཛད་མདོ་འབྲིང་པོ་གཟེར་མིག་ལེའུ་བཅོ་བརྒྱད་པའི་དགོངས་དོན་ལྟར་འཆད་ན།  སྣང་སྲིད་ཡེ་སྲིད་ས་ལེར་སྟོན་པས་ན་སྟོན་ཞེས་པའི་ཚིག་དོན་ཕུན་སུམ་ཚོགས་པ་འདི་ཉིད་བྱུང་།  སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་པའི་ཚིག་བཅད་ཀྱི་རྐང་པ་འདི་ཉིད་ཀྱི་བསྟན་དོན་དུ་གྱུར་པའི་༼སྟོན་༽ཞེས་པ་ནི།  སྣང་སྲིད་དེ་ཇི་སྙེད་པ་ཀུན་རྫོབ་ཀྱི་བདེན་པ།  ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ན་ཚེ་འདི་ཉིད་ལ་ལྟོས་ཏེ་ཐེག་པ་དང་པོ་ཕྱྭ་གཤེན་ནས་ཐེག་པ་བཞི་པ་སྲིད་གཤེན་ཀྱི་བར་འཇིག་རྟེན་གྱི་ཕན་བདེ་བསྒྲུབ་པའི་རྣམ་དཀར་དགེ་ཚོགས་ཀྱི་རིམ་པ་དང་། ཕྱི་མའི་དབང་དུ་བྱས་ན་ཐེག་པ་ལྔ་པ་དགེ་བསྙེན་གྱི་ཐེག་པ་ནས་ཐེག་པ་དྲུག་པ་དྲང་སྲོང་གི་ཐེག་པའི་བར་དགེ་བཅུ་སྤང་ལེན་གྱི་རིམ་པ་དང་། སྦྱིན་སོགས་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་མཚན་བཅས་ས་ལམ་གྱི་རིམ་པ།  བསྙེན་གནས་ནས་དྲང་སྲོང་ཀྱི་བར་བསླབ་སྡོམ་གཅེས་ཁྲིམས་ཀྱི་རིམ་པ་རྣམས་དང་།  ཐེག་པ་བདུན་པ་ཨ་དཀར་བ་དང་ཐེག་པ་བརྒྱད་པ་ཡེ་གཤེན་པའི་དབང་དུ་བྱས་ན་གཟུགས་སྐུ་རྣམ་གཉིས་བསྒྲུབ་པའི་ལམ་བསྐྱེད་པའི་རིམ་པས་བསྡུས་པའི་ཀུན་རྫོབ་བདེན་པའི་ཉམས་ལེན་རྣམས་དང་།   ཐེག་པ་དགུ་པ་ཡང་རྩེ་བླ་ན་མེད་པའི་ཐེག་པའི་དབང་དུ་བྱས་ན།  རང་གི་རྒྱུད་སྦྱོང་བའི་སྔོན་འགྲོའི་ཡན་ལག་ལ་སྔོན་འགྲོ་འབུམ་དགུའི་བསྡུས་པའི་ཀུན་རྫོབ་ཀྱི་ཉམས་ལེན་རྣམས་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་རང་གིས་ས་ལེར་གཟིགས་ནས་སྟོན་པར་བྱེད་པས་ན་སྟོན་དང་།   ཡེ་སྲིད་ཀྱི་དབང་དུ་བྱས་ན།  དོན་དམ་གྱི་བདེན་པ་སྟེ།  ཐེག་པ་རང་རང་གི་ལྟ་བའི་གནད་དོན་མཐར་ཐུག་པ་སྟེ།   གཤེན་རབ་རྣམ་རྩོད་པའི་ངེས་དོན་མཐར་ཐུག་གང་ཟག་གི་བདག་མེད་དང་།  རང་རྟོགས་དངོས་ཀྱི་ངེས་དོན་མཐར་ཐུག་གཟུང་བ་བོན་གྱི་བདག་མེད།  ཐུགས་རྗེ་སེམས་དཔའི་ངེས་དོན་མཐར་ཐུག་གཟུང་འཛིན་གཉིས་སྟོང་གི་བོན་གྱི་བདག་མེད།  གཡུང་དྲུང་སེམས་དཔའ་སྤྲོས་མེད་པའི་ངེས་དོན་མཐར་ཐུག་མཐའ་བྲལ་གྱི་ལྟ་བ། བྱ་རྒྱུད་པའི་ངེས་དོན་མཐར་ཐུག་དག་པ་གསུམ་གྱི་བོན་ཉིད།  སྤྱོད་རྒྱུད་པའི་ངེས་དོན་མཐར་ཐུག་ཕྱག་རྒྱ་བཞི་ལྡན།  དངོས་བསྐྱེད་པའི་ངེས་དོན་མཐར་ཐུག་དཀོར་བདུན་ལྷུན་གྲུབ།  ཤིན་ལྡན་པའི་ངེས་དོན་མཐར་ཐུག་དབྱིངས་ཤེས་གཉིས་མེད།  རྫོགས་ཆེན་ཡང་རྩེ་བླ་ན་མེད་པའི་ངེས་དོན་མཐར་ཐུག་ཐིག་ལེ་ཉག་ཅིག་རྣམས་ཇི་ལྟ་བ་བཞིན་གསལ་བར་གཟིགས་པའི་སྒོ་ནས།  གདུལ་བྱ་དབང་པོ་རབ་འབྲིང་ཐ་མ་དགུ་ཡི་བློ་དང་འཚམས་པར་གང་ལ་གང་འདུལ་དུ་སྟོན་པར་བྱེད་པས་ན་སྟོན་ཞེས་ཚིག་དོན་གཉིས་ཀྱི་ཆ་ནས་ཐ་སྙད་དེ་ལྟར་སྨོས་པ་ཡིན།

བརྗོད་པ་གཉིས་པ་པ།

      སྤྱིར་༼པ༽ཞེས་བརྡ་སྤྲོད་ཀྱི་ལུགས་ལྟར་ན།མིང་གཞིའི་ཕོ་ཡིག་ཅིག་ལ་འཇུག་པ་དང་། ཕོ་མཚོན་པར་བྱེད་པའི་བདག་པོའི་སྒྲ་ཞིག་སྟེ། དཔེར་ན། རྟ་པ། བོད་པ་ཞེས་པ་ལྟ་བུ། མིང་མཐའ་ལ་འཇུག་པ།དཔེར་ན།ཕྱིན་པ།ཤེས་པ།རྐང་པ།སྐྱོབ་པ།རྒྱག་པ།གནོད་པ།དམ་པ་ལྟ་བུའོ།གྲངས་ཀྱི་རིམ་པ་སྟོན་བྱེད་ཀྱི་མིང་གི་ཆ་ཤས་ལ་འཇུག་པ།དཔེར་ན།སུམ་ཅུ་པ།བཅུ་བདུན་པ།ལྔ་བཅུ་པ་ཞེས་འཇུག་ཡུལ་དུ་མ་ཞིག་ཡོད་ཀྱང་།སྐབས་འདིར་མཛད་མདོ་འབྲིང་པོ་གཟེར་མིག་ལེའུ་བཅོ་བརྒྱད་པའི་དགོངས་དོན་ལྟར་འཆད་ན།  སྐྱེ་འགྲོའི་སེམས་ཅན་བུ་ལྟར་གསོ་བས་པཞེས་པའི་ཚིག་དོན་ཕུན་སུམ་ཚོགས་པ་འདི་ཉིད་བྱུང་།   སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་པའི་ཚིག་བཅད་ཀྱི་རྐང་པ་འདི་ཉིད་ཀྱི་བསྟན་དོན་གཙོ་བོར་གྱུར་པའི་༼པ༽ཞེས་པ་འདི་ནི།དཔེར་ན་མ་ཡིས་བུ་ལ་རང་གི་མིག་སྙིང་སྲོག་གསུམ་ལས་ཀྱང་གཅེས་པར་འཛིན་ཞིང་བརྩེ་བ་ཆེན་པོས་ལྟོས་གོས་གཏམ་གསུམ་གྱིས་ལུས་སེམས་གསོ་བར་བྱེད་པར་ལྟར།སྟོན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཤཉིད་ཀྱིས་ཀྱང་།མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཆགས་སྡང་དང་ཉེ་རིང་གི་ཀུན་དཀྲིས་ཀྱིས་དབང་དུ་མ་སོང་བར་རང་གི་བུ་ལྟར་རྗེས་སུ་བཟུང་ཞིང་། ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་བཞི་ཅི་རིགས་ཀྱི་སྒོ་ནས་ཤེས་རྒྱུད་སྒྲོལ་ཞིང་རང་སེམས་སྨིན་པར་བྱེད་པ་དང་། སྨིན་ནས་ས་ལམ་གྱི་ཡོན་ཏན་རྒྱས་པར་བྱེད་པ་དང་། རྒྱས་ནས་གྲོལ་བ་མཐར་ཕྱིན་པའི་ས་ལ་འགོད་ཅིང་གཏན་གྱི་འདུན་མ་ཐར་པའི་སྲོག་མ་ཉམས་པར་གསོ་བར་བྱེད་པས་ན་༼པ་༽ཞེས་ཚིག་དོན་གཉིས་ཀྱི་ཆ་ནས་ཐ་སྙད་དེ་ལྟར་གསོལ་བ་ཡིན།

བརྗོད་པ་གསུམ་པ་གཤེན།

       ཞང་ཞུང་གི་སྐད་དོད་དུ་གཤེན་ལ་གྱེར་རོ་ཞེས་འབྱུང་། སྤྱིར་གཡུང་དྲུང་བོན་གྱི་ལུགས་ལ།  གཤེན་ཞེས་འགྲེལ་སྐབས་ཡེ་སངས་རྒྱས་པའི་གཤེན་རབ་སྟེ།  རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བའི་དག་པ་གཉིས་ལྡན་གྱི་བོན་དབྱིངས་དང་།  ཐུགས་རྗེ་སྤྲུལ་པའི་གཤེན་རབ་སྟེ་བོན་སྐུ་སྟོང་པ་ཉིད་ཀྱི་ཀློང་ནས་རོལ་པ་འགག་མེད་དུ་འཆར་བའི་གཟུགས་སྐུ་རྣམ་པ་གཉིས་ཏེ་རྫོགས་སྐུ་དང་སྤྲུལ་སྐུ་གཉིས།  གང་ཟག་རྒྱུ་ཡི་གཤེན་རབ་སྟེ་ཐེག་པ་ཆེན་པའི་སེམས་དང་པོར་བསྐྱེད་པ་ནས་རྣམ་མཁྱེན་ཡེ་ཤེས་རང་རྒྱུད་ལ་མངོན་དུ་མ་གྱུར་པའི་དུས་ཀྱི་སློབ་པ་ལམ་ལ་ཞུགས་པ་རྣམས་དང་།  གཞན་ཡང་སྟོན་པ་སངས་རྒྱས་ཀྱི་ཤ་ཁྲག་དྲོད་དབུགས་བཞི་ལས་སྤྲུལ་པ་སྟེ།  འབྱུང་བཞི་དབང་བསྒྱུར་བའི་གཤེན་པོ་བཞི་ཞེས།  མེ་བོན་གསང་གྲགས་ཡེ་ཤེས།  ཆུ་བོན་དག་པ་སྒྲིབ་སེལ། རླུང་བོན་ཚུལ་འབར་མུ་ཕྱོད།  ས་བོན་མི་འགྱུར་གླིང་དྲུག་ལ་སོགས་པ་དང་།  དེ་བཞིན་རིགས་དྲུག་འདུལ་བའི་འདུལ་བ་གཤེན་དྲུག་སྟེ།འདུལ་གཤེན་མུ་ཆོ་ལྡེམ་དྲུགའདུལ་གཤེན་གསང་བ་ངང་རིང་། འདུལ་གཤེན་ཏི་སངས་རང་ཞི།འདུལ་གཤེན་གྲྭ་བྱིན་སྤུངས་པ།འདུལ་གཤེན་ལྕེ་རྒྱལ་པར་ཏི།འདུལ་གཤེན་ཡེ་གཤེན་གཙུག་ཕུད་བཅས་སོ།ཡང་བོན་སྤྱོད་པའི་སྐྱེས་བུ་སོགས་ལ་བོན་གཤེན་དང་། རྒྱལ་གྱི་སྐུ་འཚོ་བའི་གཤེན་པོ་ལ་སྐུ་གཤེན་དང་།  བསྒྲུབ་པ་ཉམས་སུ་ལེན་པའི་བོན་པོ་ལ་སྒྲུབ་གཤེན།  སྐབས་རེས་བོན་དང་གཤེན་གྱི་གོ་དོན་གཅིག་མཚུངས་སུ་འཇུག་པའང་ཡོད།དཔེར་ན།དབལ་གཤེན་སྟག་ལ་མེ་འབར་ལ། དབལ་བོན་སྟག་ལ་མེ་འབར་དང་།ཀླུ་གཤེན་ཡོངས་སུ་དག་པ་ལ།ཀླུ་བོན་ཡོངས་སུ་དག་པ་དང་། ལྷ་གཤེན་ཡོངས་སུ་དག་པ་ལ། ལྷ་བོན་ཡོངས་སུ་དག་པ་བཅས་ཅི་རིགས་འཇུག་གི་ཡོད། སྐབས་འགའ་ཐེག་པ་ལའང་འཇུག་སྲོལ་ཡོད། དཔེར་ན། ཕྱྭ་གཤེན་ཐེག་པ།སྣང་གཤེན་ཐེག་པ།འཕྲུལ་གཤེན་ཐེག་པ།སྲིད་གཤེན་ཐེག་པ་བཅས་ཞུ་བ་པོ་རང་ཉིད་ཀྱི་མཚན་དང་འབྲེལ་ནས་ཐེག་པ་ལ་ཐོགས་ཚུལ་ཡོད། སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་སངས་རྒྱས་ལ་གཤེན་རབ་ཅེས་པའི་ཐ་སྙད་གཅིག་མཚུངས་ལྟར་འཇུག་གི་ཡོད། དཔེར་ན། རྟོགས་ན་གཤེན་རབ་དང་མ་རྟོགས་ན་སེམས་ཅན་ཞེས་དང་། ནང་པ་གཤེན་རབ་དང་ནང་པ་སངས་རྒྱས་ཀྱི་ཚིག་དོན་ཡང་དེ་ལྟར་ཡིན། ཡང་ས་ལ་མི་སྨྲ་གཤེན་གསུམ་ཞེས་པའི་སྐབས། མི་ནི་སྲིད་པ་ཡེ་སངས་ཀྱི་གནས་སུ་སྲིད་པ་སངས་པོ་འབུམ་ཁྲི་སོགས་སྲིད་པ་སྡེ་བཅུར་བྱུང་བའི་ཐ་མ་སྲིད་པ་ཡེ་སྨོན་རྒྱལ་པོའི་སྐུ་རིང་ལ་གླིང་བཞིའི་མི་རིགས་སྤྱི་དང་། འཛམ་གླིང་གི་མི་རིགས་ཕྱྭ་དམུ་གཙུག་གསུམ་སོགས་ལས་རྒྱ་བོད་ཧོར་གསུམ་སོགས་སྒྲོལ་བ་དང་། སྨྲ་ནི་མིའམ་ཅི་སྟེ་མཐའ་མི་སྤྱི་དང་དེང་སང་ཕི་ལིང་ཞེས་འབོད་པ་བཅས་དང་། གཤེན་ནི་སྲིད་པའི་བོན་རྒྱུད་རང་སྐད་ཀྱི་དབང་དུ་བྱས་ན། སྲིད་པ་ཐོགས་མ་ཆགས་པ་ནས་བཟུང་སྟེ། སྲིད་པ་སངས་པོ་དང་ཆུ་ལྕམ་རྒྱལ་མོའི་སྲས་འཕྲུལ་གྱི་མི་བོ་ཆེ་ཞེས་པའི་སྐབས་ལྷ་བོན་ཐུགས་ཀར་བྱོན་ནས།ཕྱྭ་གཡང་གི་བོན་བསྟན་པས་མི་ནོར་འཕེལ་བ་དང་།དེ་ནས་རིམ་པར་མི་རབས་ཡེ་སྨོན་རྒྱལ་པོའི་རིང་ནས་བཟུང་།གཙུག་ལག་སྲིད་པའི་བོན་སྟོན་པའི་ཡེ་མཁྱེན་ལྷ་རབས་སྣང་བ་འོད་ལྡན་དང་གནམ་བོན་འུག་རུ་དང་སྨན་བོན་ཀུན་ཤེས་དང་། ཞང་ཞུང་སྐད་དུ་ཐ་ཚན་ཧི་སངས་སྐྱེས།བོད་སྐད་དུ་ཀུན་ལས་སྔ་བའི་རྒྱལ་པོ་ཞེས་རྒྱལ་པོ་མང་པོ་བཀུར་བ་དང་དོན་གཅིག་པར་འཇུག་པ་དང་། ལྷ་གཤེན་སྲིད་གསུམ་བཤད་པའི་སྐབས། ལྷ་ནི་གཤེན་ལྷ་འོད་དཀར་དང་།གཤེན་ནི་སྟོན་པ་གཤེན་རབ་མི་བོ།སྲིད་ནི་སྲིད་པ་སངས་པོ་འབུམ་ཁྲི་ལ་གོ་བ་ལ་སོགས་གཤེན་གྱི་རྣམ་གྲངས་མཐའ་ཡས་པ་ཞིག་སྐབས་བབས་ཀྱི་གོ་རྒྱུ་དུ་མ་ཞིག་ཡོད་མོད་ཀྱང་།  ཤེར་ཕྱིན་ནང་།ནང་དོན་རིག་པ་ལ་འཇུག་ཅིང་བརྩེ་བ་ཕུན་སུམ་ཚོགས་པས་ན་གཤེན་ཞེས་འགྲེལ་བ་དང་།གཤེན་ལྷ་འོད་དཀར་ཞེས་པའི་གཤེན་གྱི་ཚིག་གི་འབྲུ་བཤད་ལ།  ཐེག་རིམ་ལས།  རང་རིག་པའི་ཡེ་ཤེས་མཐའ་དབུས་མེད་པར་བདལ་བའི་རྩལ་མ་དགག་པར་གསལ་བའི་ཕྱིར་གཤེན་ཞེས་གསུངས།  སྐབས་འདིར་མཛད་མདོ་འབྲིང་པོ་གཟེར་མིག་ལེའུ་བཅོ་བརྒྱད་པའི་དགོངས་དོན་ལྟར་འཆད་ན།  བོན་ཉིད་དབྱིངས་སུ་སེམས་ཉིད་བདལ་བས་གཤེན།  ཞེས་པའི་ཚིག་དོན་ཕུན་སུམ་ཚོགས་པ་འདི་ཉིད་བྱུང་།   སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་པའི་ཚིག་བཅད་ཀྱི་རྐང་པ་འདི་ཉིད་ཀྱི་བསྟན་དོན་གཙོ་བོར་གྱུར་པའི་༼གཤེན་༽ཞེས་པ་ནི།  དཔེ་ནམ་མཁའ་དང་དོན་བོན་ཉིད་རྟགས་སེམས་ཉིད་ཀྱི་དོན་མངོན་དུ་གྱུར་ཞིང་རྟོགས་པ་མཐར་ཐུག་ཏུ་གྱུར་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ལ་གཤེན་ཞེས་རྟོགས་ཚད་ཀྱི་སྒོ་ནས་ཐ་སྙད་དེ་ལྟར་སྦྱོར་བ་ཡིན།

བརྗོད་པ་བཞི་པ་རབ།

       སྤྱིར་རབ་ཅེས་པའི་མིང་རྐྱང་གི་འབྲུ་བཤད་ལ་ཡང་།  དཔེར་ན་ཀོ་གྲུ་མེད་སར་རབ་བརྒྱབ་ནས་བརྒལ་ཅེས་པ་ལྟ་བུ་དང་།  ཡང་ཤེས་རབ་ཅེས་པ་ལྟ་བུ་ཤེས་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའམ་ལེགས་ཤོས་ཡིན་པའི་དོན་དང་།   རི་རབ་ཞེས་པ་རི་ཀུན་ལས་མཆོག་ཏུ་འགྱུར་བའམ་རྩེ་ཕུད་ཞིག་ཡིན་པ་ལ་གོ་བ་དང་།རབ་དཀར་ཞེས་པ་ལྟ་བུ་ཧ་ཅང་གི་དཀར་པོ་ཡིན་པའི་དོན་དང་།  རབ་བཀྲམ་ཞེས་པ་གྲངས་གནས་དྲུག་ཅུའི་ནང་གི་ཚན་པ་གཅིག་དང་།  རབ་སྐྱེས་ཞེས་པ་ཤིན་ཏུ་སྐྱེས་གཟུགས་ལེགས་པའི་བུད་མེད་མཛེས་ལྡན་མ་དང་།  རབ་ཏུ་བྱེད་པ་ཞེས་ལེའུའི་གྲངས་སོགས་ལ་འགྲེལ་ཚུལ་མཐའ་ཡས་པ་ཞིག་མཆིས་མོད་ཀྱང་།  ཤེར་ཕྱིན་ནང་། རབ་ཅེས་པའི་ཚིག་གི་འབྲུ་བཤད་ལ།མཁྱེན་པ་ཕུན་སུམ་ཚོགས་པར་བྱེད་པས་ན་རབ་ཅེས་གསུངས།སྐབས་འདིར་མཛད་མདོ་འབྲིང་པོ་གཟེར་མིག་ལེའུ་བཅོ་བརྒྱད་པའི་དགོངས་དོན་ལྟར་འཆད་ན།  འགྲོ་བའི་དོན་དུ་སྤྲུལ་ནས་བྱོན་པས་རབ།  ཅེས་པའི་ཚིག་དོན་ཕུན་སུམ་ཚོགས་པ་འདི་ཉིད་བྱུང་།  སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་པའི་ཚིག་བཅད་ཀྱི་རྐང་པ་འདི་ཉིད་ཀྱི་བསྟན་དོན་གཙོ་བོར་གྱུར་པའི་༼རབ་༽ཅེས་པ་འདི་ནི།  གཞན་དོན་དུ་འཕྲིན་ལས་ཀྱི་འཇུག་པ་ཞི་ཞིང་རང་དོན་སོ་སོའི་དོན་དུ་གཉེར་བའི་ཞི་བའི་མཐར་གནས་ཀྱི་ཉན་རང་དགྲ་བཅོམ་པའི་ཚོགས་ལྟ་བུ་མ་ཡིན་པར།  སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་སྲིད་མཐའ་འགོག་བྱེད་ཀྱི་གཉེན་པོ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་།  ཞི་མཐའ་འགོག་བྱེད་ཀྱི་གཉེན་པོ་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སྙིང་རྗེ་སྨོན་ལམ་རྣམ་པར་དག་པས་རྒྱུད་བསྐུལ་བ་ལ་བརྟེན་ནས། བདག་དོན་དུ་བོན་གྱི་སྐུ་དང་གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཀྱི་གོ་འཕང་མངོན་དུ་བརྙེས་ཟིན་པ་ཡིན་ཀྱང་།   མདོ་ལས།  བདག་མཐར་གྲུབ་པ་རྫོགས་པའི་དུས་རྟིང་ལ།  གཞན་དག་འདྲེན་པའི་སྨོན་ལམ་བཏབ་པའི་མཐུས།  ད་ལྟ་གནས་འདིར་འདྲེན་པའི་སྟོན་པར་འོང་།  ཞེས་གསུངས་པ་ལྟར།  སྨོན་ལམ་རྣམ་པར་དག་པའི་ཚད་ཡོངས་སུ་རྫོགས་པ་དང་།   སྙིང་རྗེ་བླ་ན་མེད་པའི་སྤྱོད་པས་གཞན་དོན་དུ་འཕྲིན་ལས་རྣམ་བཞི་ཡི་འཇུག་པ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་སྐྱོང་ཞིང་གཞན་དོན་ཁོ་ནའི་སླད་དུ་མཆོག་གི་སྤྲུལ་སྐུའི་མཛད་པ་མངོན་དུ་སྟོན་པས་ན་རབ་ཅེས་བརྗོད་པ་ཡིན་ནོ།

བརྗོད་པ་ལྔ་པ་མི། 

       སྤྱིར་མི་ཞེས་པའི་ཐ་སྙད་ཀྱི་འབྲུ་བཤད་ལ།  སྔོན་འབྱུང་བསྐལ་པ་ཡ་ཐོག་གི་སྐབས་སུ་གནམ་ནས་དོག་ལ་བབས་པའི་འོད་གསལ་གྱི་ལྷ་རིགས་རྣམས་རིམ་བཞིན་ཏིང་ངེ་འཛིན་གྱི་སྟོབས་དང་བྲལ་ནས་རོ་བཅུད་སྣ་ཚོགས་དང་ལྡན་པའི་ས་ཡི་ཞག་ལ་ལོངས་སུ་སྤྱོད་ཅིང་མིད་པས་ན་མི་ཞེས་བྱ་བའི་ཐ་སྙད་ཐོགས་ཚུལ་འཆད་མོད་ཀྱང་།   སྐབས་འདིར་མཛད་མདོ་འབྲིང་པོ་གཟེར་མིག་ལེའུ་བཅོ་བརྒྱད་པའི་དགོངས་དོན་ལྟར་བྱས་ན།  སྐུ་མདོག་ཕྱག་མཚན་མི་རུ་བསྟན་པས་མི་ཞེས་པའི་ཚིག་དོན་ཕུན་སུམ་ཚོགས་པ་འདི་ཉིད་བྱུང་།   སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་པའི་ཚིག་བཅད་ཀྱི་རྐང་པ་འདི་ཉིད་ཀྱི་བསྟན་དོན་གཙོ་བོར་གྱུར་པའི་༼མི་༽ཞེས་པ་འདི་ནི།  འགྲོ་བ་རང་མཐུན་གྱི་ཆ་ལུགས་མི་ཡི་གཟུགས་སུ་བསྟན་ནས་བྱོན་པས་ན་དེ་ལྟར་རོ། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཉིད་སྟོང་གསུམ་དང་རིགས་དྲུག་སྤྱི་ཚན་འདུལ་བའི་སྟོན་པ་ཆེན་པོ་ཡིན་ན་ཡང་།  ཁྱད་པར་དུ་སྐུ་མདོག་ཕྱག་མཚན་མི་རུ་བསྟན་ནས་མི་ཡི་ཡུལ་དུ་བྱོན་དགོས་པའི་རྒྱུ་མཚན་གཙོ་བོ་ནི།  ཡེ་ཤེས་ཀྱི་ལྷ་མཆོག་སྟོན་པ་གཤེན་ལྷ་འོད་དཀར་གྱི་སྐུ་མདུན་ནས་མི་མཇེད་འགྲོ་བ་འདུལ་བའི་བོན་ལུང་ཞུས་པའི་སྐབས།  མཛད་མདོ་འབྲོང་པོའི་དགོངས་དོན་ལྟར་ན།  གཤེན་ལྷ་ཉིད་ཀྱིས།  འགྲོ་བ་རིགས་དྲུག་ལས་ལྷའི་ཡུལ་དུ་སྟོན་པ་ལ་མ་གཤེགས་ཤིག།  ལྷ་རྣམས་ལོངས་སྤྱོད་ལ་གཡེང་ནས་སྟོན་པའི་བོན་ལ་ཉན་དུ་མི་ཁོམ་པས།  ལས་འཕྲོ་ཅན་འགའ་དང་འགའ་ཙམ་ལས་ཤིན་ཏུ་གདུལ་བར་དཀའ་བར་གསུངས།   ལྷ་མ་ཡིན་གྱི་ཡུལ་དུ་སྟོན་པ་ལ་མ་གཤེགས་ཤིག།  ལྷ་མ་ཡིན་རྣམས་ནི་ཁོང་འཕམ་དང་བདག་རྒྱལ་གྱི་སྡུག་བསྔལ་གྱི་གཡེང་ནས་སྟོན་པའི་བོན་ཉན་དུ་མི་ཁོམ་པས།  ལས་འཕྲོ་ཅན་འགའ་དང་འགའ་ཙམ་ལས་ཤིན་ཏུ་གདུལ་དཀའ་བར་གསུངས།  བྱོལ་སོང་གི་ཡུལ་དུ་སྟོན་པ་ལ་མ་གཤེགས་ཤིག།  བྱོལ་སོང་རྣམས་ནི་མུན་པ་ཡིས་གཏིབས་ནས།  གཅིག་གིས་གཅིག་ཟ་བའི་སྡུག་བསྔལ་གྱིས་འཇིག་ཅིང་བྲོས།  དེ་ལྟ་བུའི་སྡུག་བསྔལ་གྱིས་ཟིན་ཏེ་སྟོན་པའི་བོན་ཉན་དུ་མ་ཁོམས་པས་ལས་འཕྲོ་ཅན་འགའ་དང་འགའ་ཙམ་ལས་ཤིན་ཏུ་གདུལ་དཀའ་བར་གསུངས་།   དེ་བཞིན་ཡི་དགས་དང་དམྱལ་བ་རྣམས་ལ་ཡང་དེ་ལྟར་གདམས་སོ།  རིགས་དྲུག་གི་ནང་ནས་ཁྱད་པར་དུ་མི་ཡི་ཡུལ་དུ་སྟོན་པ་ལ་གཤེགས་དགོས་པར་གདམས་སོ།  སྤྱིར་མི་ལ་རང་རང་སྒོས་ཀྱི་སྡུག་བསྔལ་མཆིས་ན་ཡང་།  རིགས་གཞན་གྱི་སྡུག་བསྔལ་ལྟ་བུ་མེད་ལ།   མི་ཁོམ་པའི་འདུ་བྱེད་ཀྱི་མ་ཟིན་པས་རང་དབང་རང་ལ་ཡོད་ཅིང་།   དགེ་སྡིག་གི་སྤང་བླང་དང་རྣམ་འབྱེད་ཀྱི་ཤེས་རབ་གསལ་བས་ནའོ།   ཁྱད་པར་དུ་མི་ཡི་བསམ་སྦྱོར་དཀར་ནག་གི་བྱེད་པས་རིགས་དྲུག་གི་སྐྱེ་གནས་འཕེལ་བར་བྱེད་པ་ཡིན་ལ་རིགས་དྲུག་གི་རྩ་བ་མི་ཡི་བསམ་སྦྱོར་དཀར་ནག་ལ་ཐུག་པས།  མི་ཡི་རྒྱུད་ཀྱི་ཉོན་མོངས་དུག་ལྔའི་དགྲ་ཚོགས་ཆོམ་པར་ནུས་ན།  རིགས་དྲུག་གི་གནས་ངན་རང་བཞིན་གྱིས་སྟོང་པར་གྱུར་པ་སྟེ།  དཔེར་ན་ཆུ་རྐ་གོང་དུ་བསྒྱུར་ན།  འོག་ཏུ་མི་འབབ་པ་དང་འདྲ་ཞེས་མཛད་མདོ་འབྲིང་པོ་ལས་དེ་ལྟར་གསུངས་ཁོ་མོས་ཀྱང་དེ་ལྟར་སེམས།

བརྗོད་པ་དྲུག་པ་བོ་དང་རྣམ་པར་རྒྱལ་བ།

      སྤྱིར་བོ་ཞེས་པའི་ཐ་སྙད་གྱི་ཚིག་འགྲེལ་འདི་ལ་ཡང་།   རི་བོ་དང་།  ཆུ་བོ་ལྟ་བུ་མིང་རྐྱང་ལ་འཇུག་པ་དང་།   གཞན་ཡང་བོ་ལྟ་བུ་རང་བཞིན་གྱིས་ཟག་པའམ་ལྷུང་བར་གྱུར་པ་ལ་གོ་རྒྱུ་སོགས་མང་དུ་མཆིས་མོད་ཀྱང་།  སྐབས་འདིར་མཛད་མདོ་འབྲིང་པོ་གཟེར་མིག་ལེའུ་བཅོ་བརྒྱད་པའི་དགོངས་དོན་ལྟར་འཆད་ན།  གཏོ་རྒྱུད་དཔྱད་རྒྱུད་བདུད་ཙི་བོ་བས་བོ།   ཞེས་པའི་ཚིག་དོན་ཕུན་སུམ་ཚོགས་པ་འདི་ཉིད་བྱུང་།   སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་པའི་ཚིག་བཅད་ཀྱི་རྐང་པའི་བསྟན་དོན་གཙོ་བོར་གྱུར་པའི་༼བོ་༽ཞེས་པ་དེ་ནི། གདོན་གྱིས་བརླམས་པ་ལ་བདུད་རྩི་ལྟ་བུའི་གཉེན་པོར་གྱུར་པ་གཏོ་རིགས་སུམ་བརྒྱ་དྲུག་ཅུ་དང་།   ནད་ཀྱིས་གདུང་བ་ལ་བདུད་རྩི་ལྟ་བུའི་གཉེན་པོར་གྱུར་པ་དཔྱད་རིགས་བརྒྱད་ཁྲི་བཞི་སྟོང་གི་ལག་ལེན་རྣམས་རང་རྒྱུད་ལ་བུམ་པ་གང་བྱོའི་ཚུལ་དུ་ཁེངས་ཤིང་། ཚད་མེད་སྙིང་རྗེའི་རྒྱུད་བསྐུལ་ནས་ཆེད་དུ་བྱ་བའི་གདུལ་བྱ་སྲས་ཀྱི་ཐུ་བོར་གྱུར་པ་གཏོ་བུ་འབུམ་སངས་དང་། དཔྱད་བུ་ཁྲི་ཤེས་གཉིས་ལ་ལེགས་པར་གདམས་ཏེ་མཐའ་ཡས་འགྲོ་བའི་ཕན་བདེའི་གསོས་སུ་སྐལ་ལྡན་དེ་དག་ལ་རང་བཞིན་གྱིས་སྟོན་ཅིང་སྣོད་ལྡན་ཡིད་ཀྱི་ཞིང་ས་རུ་བོ་བར་གྱུར་པས་ན་བོ་ཞེས་ཐ་སྙད་བཏགས་པ་ཡིན་ནོ། རྣམ་པར་རྒྱལ་བ་ཞེས་པ་འདི་ནི།  རྣམ་པར་རྒྱལ་བའི་གཞུང་ལས།   གཤེན་རབ་བགེགས་ལས་རྣམ་པར་རྒྱལ།  ཞེས་གསུངས་པས། གཟུགས་ཅན་མི་ཡི་བར་ཆད་དང་གཟུགས་མེད་འདྲེའི་བར་ཆད་ལས་རྣམ་པར་རྒྱལ་བ་ཙམ་མ་ཡིན་པར་རང་གི་སེམས་རྒྱུད་ཉོན་མོངས་པར་བྱེད་ཅིང་ཁམས་གསུམ་འཁོར་བའི་གནས་ངན་དུ་བརྒྱུད་པར་བྱེད་པའི་ཉོན་མོངས་དུག་ལྔའི་དགྲ་ཚོགས་མེ་དཔུང་ལྟ་བུ་དེ་དང་།  ཤེས་བྱའི་གནས་མཐར་ཐུག་ཟབ་མོ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་དང་རྟོགས་ཤིང་མངོན་དུ་གྱུར་པ་ལ་བར་དུ་གཅོད་པར་བྱེད་པའི་ཤེས་སྒྲིབ་ཕྲ་རགས་དང་བཅས་པའི་བགེགས་རིགས་མཐའ་དག་ལས་རྣམ་པར་རྒྱལ་བས་ན་རྣམ་པར་རྒྱལ་བ་ཞེས་བྱའོ།

བརྗོད་པ་བདུན་པ་སྟོན་པ་ཁྲི་གཙུག་རྒྱལ་བ།

      རྣམ་འདྲེན་བརྒྱད་པ་སྟོན་པ་གཤེན་རབ་མི་བོ་ལ།  སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་པའི་མཚན་གྱིས་སྦྱོར་ཚུལ་དེ་ནི། དགུང་གྲངས་སོ་གཅིག་སྟེང་སྟོན་པ་ཁྱིམ་སྤང་རབ་བྱུང་གི་ཚུལ་བསྟན་པའི་དུས།   སྔོན་བྱུང་སྟོན་པ་གཏོ་རྒྱལ་ཡེ་མཁྱེན་གྱི་རྒྱལ་ཚབ་དྲང་སྲོང་ལེགས་ལྡན་རྒྱལ་བས་སྟོན་པ་ལ་ཚུལ་མིང་ཁྲི་གཙུག་རྒྱལ་བ་ཞེས་ཕུལ་བ་ཞིག་ཡིན་པས།   དེ་ཡང་འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས།སྟོན་པ་ཁྱིམ་སྤང་རབ་ཏུ་བྱུང་བའི་མདོ་ཞེས་པའི་སྐོར་ནང་།དེ་ནས་ཡང་རྣམ་དག་འདུལ་བའི་ཁྲིམས་གསོལ་བར་མཛད་དེ།ཚིགས་སུ་བཅད་དེ་གསུངས་པ། སྔོན་སྟོན་པ་རབ་ཏུ་བྱུང་བའི་དུས།དྲི་མ་མེད་པའི་སློབ་དཔོན་གྱིས།བདག་ལ་མིང་གིས་མཚན་གསོལ་བས།སྟོང་གསུམ་ཀུན་ཏུ་གྲགས་པ་ཡི།བསྟན་པ་ནམ་མཁའི་མཐའ་མཉམ་ཞིང་། དུས་གསུམ་ནུབ་པ་མེད་པའི་མིང་གི་རྒྱལ་མཚན་བཞིན། དེང་གི་སྟོན་པ་སངས་རྒྱས་ལ།དག་པ་མིང་གིས་མཚན་གསོལ་བས།ཚུལ་ལྡན་ཚུལ་ཁྲིམས་ཚུལ་གྱི་མིང་།དུས་གསུམ་ནུབ་པ་མིང་འཛིན་ཞིང་། ཚུལ་ཁྲིམས་འགྲོ་བའི་དོན་བྱེད་ཤོགཅེས་གསུངས་ནས་མིང་དང་མཚན་ཀྱང་གཤེན་རབ་མཆོག་དེ་བཞིན་གཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་བྱ་བར་བཏགས་སོ་ཞེས་ཚུལ་མིང་ཐོགས་ཚུལ་བསྟན་པ་དང་།སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་པའི་ཚིག་དོན་གྱི་འགྲེལ་ལ། སྟོན་པ་ཞེས་པའི་མཚན་གྱི་འབྲུ་བཤད་ནི་གོང་དང་གཅིག་མཚུངས་ཡིན།   ཁྲི་གཙུག་རྒྱལ་བ་ཞེས་པའི་མཚན་གྱི་འབྲུ་བཤད་ཀྱི་སྐོར་ལ།སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་རྗེ་བཙུན་སྨན་རི་བ་ཆེན་པོས། རྨད་འབྱུང་ཡོན་ཏན་ཀུན་གྱི་གཏེར་འཛིན་ཞིང་།   མཛད་པ་དུ་མས་གདུལ་བྱའི་ཁ་ལོ་བསྒྱུར།  བསྟན་པའི་མངའ་བདག་མཚུངས་མེད་གཙུག་གྱི་རྒྱན།   ཁྲི་གཙུག་རྒྱལ་བའི་སྐུ་ལ་ཕྱག་འཚལ་ལོ།  ཞེས་པའི་ཚིག་གི་མཆོད་སྤྲིན་དེ་ལྟར་ཕུལ།དེའི་ཚིག་དོན་གྱི་འགྲེལ་ལ་སྨན་རིའི་མཁན་རབས་ཉེར་གཉིས་པ་ཀུན་མཁྱེན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོས། སྣང་སྲིད་ཀྱི་ཞིང་ན་འདུལ་འཛིན་གྱི་མཁན་པོ་ཁྲི་པ་ཇི་སྙེད་ཅིག་བཞུགས་ཀྱང་།  དེ་དག་ཀུན་གྱི་གཙུག་གི་རྒྱན་དུ་གྱུར་ཞིང་ཉོན་མོངས་དུག་ལྔའི་དགྲ་ཚོགས་ལས་དུས་རྟག་ཏུ་རྣམ་པར་རྒྱལ་བས་ན་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་གསོལ་བ་ཡིན་པར་གསུངས།  ཡང་ཁོ་མོའི་བསམ་ཚུལ་ལྟར་བྱས་ན།  ཁྲི་ཞེས་པ་འདི་ནི་ཞང་སྐད་དུ་ཐུགས་ཉིད་ལ་གོ་བས་ཐུགས་ཉིད་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་ལ་འདུལ་འཛིན་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་ཅིང་། ཉོན་མོངས་དུག་ལྔའི་དགྲ་ཚོགས་ལས་དུས་རྟག་ཏུ་རྣམ་པར་རྒྱལ་བས་ན་སྟོན་པ་ཁྲི་གཙུག་རྒྱལ་བ་ཞེས་མཚན་གྱི་སྦྱོར་ཚུལ་དེ་ལྟར་བྱས་ན་མི་འཐད་པ་མེད་པར་སྣང་ངོ་།།

          (ཕྱི་ལོ༢༠༡༤ཟླ་བ་གཉིས་པའི་ཚེས་༢༢ཞོགས་པའི་ཕྱགཚོད་༡༠།༣༠ཐོག་ཁོ་མོས་ཝྭ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་གྱི་ཡིག་རྒྱུགས་ཆེན་མོའི་སྐབས་སུ་ཕུལ་བའི་གཏམ་བཤད་ལས་དྲངས་པའོ།།)

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།