ཁྱུང་མོ་དགོན་པས་བརྟན་བཞུགས་ཕུལ་བའི་མཛད་སྒོ།

[ཟླ་ཚེས། 2020-01-28 08:40:54][རྩོམ་པ་པོ། ཁྱུང་མོང་དགོན་འཕྲིན་སྟེགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 
ཞང་བོད་འཕགས་གྲུབ་ལས་བརྒལ་ལྷག་པའི་ལྷ། །

སྒྲ་སྐད་སྣ་མང་མཁྱེན་པའི་ལོ་ཙཱའི་མགོན། །

སྡེ་སྣོད་གཞུང་བརྒྱ་མཁྱེན་པའི་པནྜི་ཏ། །

དཔོན་སློབ་སྨྲ་བའི་ཉི་མ་རྟག་བརྟན་ཤོག །

   ས་གསུམ་འགྲོ་བ་ཡོངས་ཀྱི་སྤྱི་ནོར། ཕན་བདེ་ཡོན་ཏན་ཀུན་གྱི་གཏེར་ཆེན། འཛམ་གླིང་མཁས་རྒུའི་གཙུག་གི་ཅོད་པན། སྐྱབས་རྗེ་ཐམས་ཅད་མཁྱེན་པ་སྨན་རིའི་དཔོན་སློབ་ཡོངས་འཛིན་རིན་པོ་ཆེ་མཆོག་སྲིད་པ་འཇིག་རྟེན་དང་ཞི་བ་མྱང་འདས་གཉིས་ཀྱི་མཛེས་རྒྱན་དུ་བཞུགས་ནས་དགུང་གྲངས་གོ་ལྔ་སོན་པའི་ཕུན་ཚོགས་དུས་བཟང་གི་ཉིན་མོར་ངེད་ཁྱུང་མོ་དགོན་གཡུང་དྲུང་ཕུན་ཚོགས་གླིང་ནས་བཀྲ་ཤིས་རེ་ཁས་མཚོན་པའི་ལེགས་སྐྱེས་གསར་བས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག 

   བླ་མ་རིན་པོ་ཆེའི་སྐུ་མཆོག་གསེར་གྱི་རི་དབང་རིས་མེད་འགྲོ་བའི་མགོན་དུ་ལྷིང་ངེར་བརྗིད་ཅིང་། གསང་གསུམ་ཆེ་བའི་ཡོན་ཏན་འགྲོ་བ་ལྷ་དང་བཅས་པའི་བགོ་སྐལ་དུ་ཅི་འདོད་འཇོ་བའི་སྐྱབས་འཇུག་ཞུས་པ་དང་། ལྷག་པར་ཁོང་གི་སྐུ་ཚེ་བསྐལ་བ་བརྒྱ་ཡི་བར་དུ་བརྟན་ཞིང་མཛད་འཕྲིན་ཉི་ཟླའི་འོད་སྣང་སྲིད་པ་གསུམ་གྱི་ཁྱོན་ན་ཁྱབ་པའི་བརྟན་བཞུགས་སྨོན་འདུན་གྱི་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་ངེད་གྲྭ་ཚང་འདུས་སྡེ་རྒྱ་མཚོ་དང་བོན་འབངས་དད་ལྡན་མང་ཚོགས་སོགས་ཀྱིས་རྗེ་བླ་མ་རིན་པོ་ཆེ་མཆོག་གི་ཞབས་བརྟན་གསོལ་འདེབས་མཉམ་དུ་གསུངས་ཤིང་དེ་ནས་གྲྭ་ཚང་འདུས་སྡེ་རྒྱ་མཚོ་དང་དད་ལྡན་བོན་འབངས་ཡོངས་ཀྱིས་བསང་མཆོད་རྒྱས་འབུལ་བཏང་སྟེ།

   སྐྱབས་གནས་བསླུ་བ་མེད་པའི་དཀོན་མཆོག་གསུམ་དང་། དམ་ཅན་བོན་སྐྱོང་སྲུང་མའི་ཚོགས་ལ་འཕྲིན་ལས་དྲག་ཏུ་བཅོལ་ཏེ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་ཚེ་འགྱུར་མེད་མི་ཤིགས་གཡུང་དྲུང་གི་ཁམས་སུ་བརྟན་ཞིང་མཛད་འཕྲིན་གསེར་གྱི་འཁོར་ལོ་རིས་མེད་གདུལ་བྱའི་དཔལ་དུ་ཡུན་རིང་བསྐོར་བའི་སྐྱབས་འཇུག་ཐུགས་སྨོན་ཤུགས་དྲག་གནང་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།