༢༠༡༩ལོའི་《ཞང་ཞུང་རིག་གནས》རྩོམ་བསྡུའི་བརྡ་ཐོ།

[ཟླ་ཚེས། 2019-09-18 09:07:13][རྩོམ་པ་པོ། རྩོམ་སྒྲིག་ཁང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   གུས་པར་འོས་པའི་རྒྱ་ཆེའི་རྩོམ་པ་པོ་ལྷན་རྒྱས་ལ་ཞུ་གསོལ། དེ་ཡང་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཅག་གིས་ཞང་ཞུང་རིག་གནས་ལ་ཐུགས་ཁུར་ཟབ་བཞེས་ཀྱིས་གཟིགས་སྐྱོང་གང་ཆེ་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ངེད་《ཞང་ཞུང་རིག་གནས》རྩོམ་སྒྲིག་ཁང་གིས་མུ་མཐུད་དེ་རང་ཅག་བོད་གངས་ཅན་པའི་རིག་གནས་སྤྱི་དང་ཁྱད་པར་ཞང་ཞུང་རིག་གནས་ཉམས་པ་སོར་ཆུད་དང་། མ་ཉམས་པ་གོང་འཕེལ་ངང་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་ལམ་ཀ་སྔར་ལས་ཁོད་ཡངས་པོ་དང་། བོད་ཡིག་གི་རྩོམ་པ་པོ་གང་མང་ཞིག་གསོ་སྐྱོང་གཏོང་རེའི་ཆེད་ང་ཚོས་རང་གི་ཕྲག་ཏུ་བབ་པའི་འོས་འགན་ནམ་ཡང་སེམས་སུ་ཉར་ནས་ཡོད་ལ། འདི་ལོའི་ང་ཚོའི་《ཞང་ཞུང་རིག་གནས》ཞེས་པའི་དུས་དེབ་རྩོམ་སྒྲིག་འགྲེམ་སྤེལ་བྱ་འཆར་ལ། འདིར་ལྷག་བསམ་ཟོལ་མེད་ཀྱི་རྒྱ་ཆེའི་རྩོམ་པ་པོ་རྣམས་ལ་རྩོམ་བསྡུའི་བརྡ་ཐོ་འདི་ཕུལ་བ་ལགས། 

རྩོམ་ཡིག་གི་བླང་བྱར།

       གཅིག   རྩོམ་པ་པོ་རྣམ་པས་འདི་ག་ཞང་ཞུང་རིག་གནས་རྩོམ་སྒྲིག་ཁང་དུ་བསྐུར་བའི་རྩོམ་ཡིག་ཡིན་ཕྱིན་ཞང་ཞུང་ཤེས་རིག་དང་ལོ་རྒྱུས་ཀྱི་ཁྱབ་ཁོངས་ཡིན་པ་བརྗོད་མེད་ཐོག  དཔྱད་བྱ་གང་དེ་ལ་གསར་བཏོད་ཀྱི་རང་བཞིན་དང་། དམིགས་བསལ་གྱི་ལྟ་བ། རིག་གཞུང་གི་རིན་ཐང་ལྡན་པ། ངེས་པར་དུ་དུས་དེབ་སོགས་གཞན་ནས་སྤེལ་མ་མྱོང་བའི་རྩོམ་ཡིག་ཡིན་དགོས། གལ་སྲིད་ཞང་ཞུང་ཤེས་རིག་དང་འབྲེལ་བ་མེད་པའམ་དུས་དེབ་སོགས་གཞན་ནས་སྤེལ་ཟིན་པའི་རྩོམ་ཡིག་ཡིན་ན་ང་ཚོའི་དུས་དེབ་ཐོག་འགོད་ཀྱིན་མིན།

       གཉིས། དུས་དེབ་ཀྱི་ལེ་ཚན་ལ་སྔར་རྒྱུན་བཞིན། ལོ་རྒྱུས་སྲིད་པའི་དྲང་ཤིང་དང་། སྨན་རྩིས་གངས་རིའི་ལང་ཚོ། ལེགས་བཤད་ལུང་གི་སྙིང་པོ། སྒྲ་སྒྱུར་ཤ་རིའི་གར་སྟེགས། ཞང་ཞུང་རྒན་པོའི་འབེལ་གཏམ་སོགས་རང་མལ་དུ་བཞག་ཡོད།

       གསུམ། དཔྱད་རྩོམ་རྣམས་ཧི་གཟུགས་ཀྱི་གློག་རྡུལ་ཡིག་ཆ་དང་། དག་ཞུས་ཟིན་པ། ཡིག་འབྲུ་༥༠༠༠ནས་༡༥༠༠༠དབར་ཡིན་པ། ནང་དོན་གནད་བསྡུས་ཀྱང་ཡིག་འབྲུ་༣༠༠གཡས་གཡོན་ཅན་བཅས་ཡིན་དགོས། 

        བཞི། རྩོམ་པ་པོ་རྣམས་ལ་ཆེད་དུ་ཞུ་རྒྱུར། ངེད་རྩོམ་སྒྲིག་ཁང་གིས་《ཞང་ཞུང་རིག་གནས》དུས་དེབ་འགྲེམ་སྤེལ་བྱེད་པ་འདིས་རྩོམ་པ་པོའི་ཡོན་ཚད་དང་བོད་ཀྱི་རིག་གཞུང་ལ་བཅངས་པའི་བསམ་བློའི་འདུ་ཤེས་བཟང་པོ་དག་སྤྱི་ཚོགས་ཐོག་ནས་ཤེས་རྟོགས་ཡོང་ཆེད་དང་། དུས་དེབ་ཀྱི་ནང་དོན་ཆ་ཚང་བ་བཅས་ཀྱི་ཆེད་རྩོམ་པ་པོ་རྣམ་པས་འདི་ག་རྩོམ་སྒྲིག་ཁང་དུ་དཔྱད་རྩོམ་དང་མཉམ་དུ་རྩོམ་པ་པོ་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་འགོད་དགོས་པ་སྟེ། མཚན་དང་། རྟེན། འཁྲུངས་ལོ། ལས་ཁུངས་དང་སློབ་གྲྭ༼སློབ་རིམ། ཆེད་ལས།༽ འབྲེལ་གཏུགས་བྱེད་ཡུལ་ས་གནས་དང་གློག་རྡུལ་ཡིག་ཟམ། ཁ་པར་ཨང་གྲངས། སྦྲག་ཨང་སོགས་ཀྱི་ཆ་འཕྲིན་འགོད་དགོས།

         ལྔ།  དཔྱད་རྩོམ་གློག་རྡུལ་སྦྲག་སྐུར་གྱི་རྣམ་པར་བརྟེན་ནས། ༢༠༡༩ལོའི་ཟླ་བ་༡༡ཚེས་༣༠གོང་དུ་སྐུར་དགོས། སྐུར་ཡུལ། (shangshung@qq.com)ཡིན། དེའི་གཙོ་དོན་དུ་【རྩོམ་པ་པོ+དཔྱད་རྩོམ་གྱི་ཁ་བྱང】འགོད་དགོས།

          དྲུག  ངེད་ལས་ཤག་གི་འགྲོ་དངུལ་དཀའ་ངལ་ཆེ་བས་སྤྱི་ལོ་༢༠༡༩ལོའི་དུས་དེབ་དང་པོ་འདི་ལ་གནས་སྐབས་རྩོམ་ཡོན་མེད་པས་དགོངས་བཞེས་ཡོད་པར་ཞུ། 

          མདོར་ན་ང་ཚོས་ཁྱེད་རྣམ་པའི་རྩོམ་ཡིག་དུས་དེབ་ཐོག་སྤེལ་གང་ཐུབ་ཞུ་རྒྱུ་ཡིན་ལ། ཁྱེད་རྣམ་པས་རྩོམ་ཡིག་སྤེལ་ཐུབ་པ་དེ་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་ཞང་ཞུང་རིག་གནས་འཕེལ་རྒྱས་ཐད་ལ་ཤིན་ཏུ་སྨན་པའི་སེམས་ནུས་དང་ལྷག་བསམ་མཚོན་ཐུབ་པས། ཁྱེད་རྣམ་པས་ང་ཚོའི་རྩོམ་སྒྲིག་ཁང་དུ་རྩོམ་ཡིག་གང་མང་བསྐུར་གནང་བར་དགའ་བསུ་ཞུའོ། །

འབྲེལ་གཏུགས་ཁ་པར། 

    ཞུང་ཀརྨ་རྒྱལ་མཚན།༡༣༩༠༨༩༨༩༧༠༠(སྒྲིག་གཙོ)

    རིན་སྤུངས་ཚུལ་བསྟན།༡༣༩༩༠༤༡༨༧༧༣(རྩོམ་སྒྲིག་པ)

 གནས་ཡུལ། གྲོང་ཁྱེར་ལྷ་སའི་ཀརྨ་དགོན་གསར་ལམ་གྱི་བོད་ལུགས་གསོ་རིག་ཀུན་བཏོད་ར་བའི་ཁང་པ་༢༠༤ཞང་ཞུང་རིག་གནས་ལས་ཤག

《ཞང་ཞུང་རིག་གནས》རྩོམ་སྒྲིག་ཁང་གིས།

༢༠༡༩ལོའི་༩ཚེས་༡༧ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།