མཐོ་རམས་པ་རྣམས་གྲྭ་སྐོར་དངོས་སྦྱོང་ཀླུ་ཕུག་དགོན་དུ་ཕེབས་པའི་གནས་ཚུལ་རགས་བསྡུས།

[ཟླ་ཚེས། 2019-09-08 22:06:17][རྩོམ་པ་པོ། དྲུག་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་དྲུག་པའི་གཡུང་དྲུང་བོན་གྱི་མཐོ་རམས་པ་རྣམས་གྲྭ་སྐོར་དངོས་སྦྱོང་༧དཔལ་གཤེན་བསྟན་ཀླུ་ཕུག་དགོན་གཡུང་དྲུང་བདེ་ཆེན་གླིང་དུ་ཕེབས་པའི་གནས་ཚུལ་རགས་བསྡུས།
སྤྱི་ལོ་ ༢༠༡༩ ལོའི་ཟླ་བ་ ༩ པའི་ཚེས་ ༢ ཉིན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་དྲུག་པའི་གཡུང་དྲུང་བོན་གྱི་མཐོ་རམས་པ་ཟི་ཁྲོན་ནས་སློབ་མ་བཞི་དང་བོད་ལྗོངས་ནས་སློབ་མ་དྲུག་བཅས་ཀླུ་ཕུག་དགོན་དུ་འབྱོར།
ཚེ་ ༣ ཉིན་སྔ་དྲོར་མཁར་དམར་ནོར་བུའི་ཕོ་བྲང་དང་གསས་ཁང་གཡུང་དྲུང་བཀྲ་གསལ་སོགས་ལ་མཆོད་མཇལ་དང་གཟིགས་སྐོར་ཕེབས།
ཕྱི་དྲོ་ཆུ་ཚོད་གཉིས་པ་ནས་བཟུང་ཉིན་གསུམ་གྱི་རིང་ཀླུ་ཕུག་དགོན་གྱི་བཤད་སྒྲུབ་འདུས་སྡེའི་རིགས་ལུང་བ་ཉི་ཤུ་ཐམ་པས་རྩོད་པ་མཛད་དེ་མཐོ་རམས་པ་གཉིས་རེ་དམ་བཅའ་བཞུགས་ནས་ཚད་མའི་གཞུང་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བའི་གཞུང་བཅས་མཚན་ཉིད་གཞུང་ཆེན་ལྔ་ཆ་ཚང་ཐེངས་ལྔ་རེ་འཁོར་བར་རྩོད་རྒྱུགས་ཕུལ།
དགེ་བཤེས་མཐོ་རམས་པ་ཚེ་དབང་དཔལ་ལྡན་དང་དགེ་བཤེས་མཐོ་རམས་པ་ཞུ་གཡུང་དྲུང་རྒྱ་མཚོ་རྣམ་པ་གཉིས།
དགེ་བཤེས་མཐོ་རམས་པ་བསོད་ནམས་བཀྲ་ཤིས་དང་དགེ་བཤེས་མཐོ་རམས་པ་གཙུག་ཕུད་མཆོ་སྒྲུབ་རྣམ་པ་གཉིས།
དགེ་བཤེས་མཐོ་རམས་པ་གཡུང་དྲུང་ཉི་མ་དང་དགེ་བཤེས་མཐོ་རམས་པ་གཙུག་གཤེན་བསྟན་འཛིན་རྣམ་པ་གཉིས།
དགེ་བཤེས་མཐོ་རམས་པ་བསྟན་འཛིན་ཡེ་ཤེས་དང་དགེ་བཤེས་མཐོ་རམས་པ་ཤེས་རབ་འཁྲུལ་མེད་རྣམ་པ་གཉིས།
དགེ་བཤེས་མཐོ་རམས་པ་སྦྱིན་པ་གཙུག་ཕུད་དང་དགེ་བཤེས་མཐོ་རམས་པ་བསྟན་འཛིན་གཙུག་ཕུད་རྣམ་པ་གཉིས།
ཚེས་ ༥ ཉིན་སྐུ་གདུང་ལྷ་ཁང་ཆེ་མོའི་མདུན་གྱི་ཐང་ཆེན་དུ་རིགས་ལུང་པའི་གྲལ་ནས་མི་གཉིས་དམ་བཅའ་བཞུགས་ནས་མཐོ་རམས་པ་མི་གཉིས་ཀྱིས་འདུལ་བ་དང་དབུ་མའི་གཞུང་ཆེན་གྱི་དཀའ་གནད་ཁག་ནས་རྟེན་འབྲེལ་མཚོན་བྱེད་དུ་རྟགས་གསལ་གཉིས་འཕངས་རྟིང་རྩོད་རྒྱུགས་མཇུག་གྲུབ་པར་བྱས།
དེ་ནས་དགེ་སློབ་འདུས་མང་ཡོངས་ནས་བསྟན་རྒྱས་སྨོན་ལམ་མཚམས་སྦྱར་ཏེ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ལས་བྱེད་རྣམ་པ་དང་བླ་སློབ་འདུས་སྡེ་ཡོངས་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན།
དེའི་ཕྱི་ཉིན་མཐོ་རིམ་ནང་བསྟན་སློབ་གླིང་གི་ལས་བྱེད་དང་དགེ་སློབ་ཡོངས་ཀྱིས་ཀླུ་དགོན་ཁྲི་འཛིན་མཁན་པོ་ ༧ སྐྱབས་རྗེ་ཞུ་སྟོན་སྐལ་བཟང་གཡུང་དྲུང་རིན་པོ་ཆེ་དང་མཇལ་འཕྲད་གནང་སྟེ་ཐུགས་བརྩེའི་བཀའ་མོལ་གནང་བ་དང་དྲན་རྟེན་སྐུ་པར་བསྐྱོན་མཛད།
ཀླུ་དགོན་གྱི་དམངས་བདག་ཀྲུའུ་རེན་མཆོག་ནས་སློབ་གླིང་གི་ལས་བྱེད་པ་དང་མཐོ་རམས་པ་བཅས་མཇལ་འཕྲད་གནང་སྟེ་མཐོ་རིམ་ནང་བསྟན་སློབ་གླིང་ནས་རང་དགོན་དུ་གདེང་འཇོག་དང་ཡིད་ཆེས་ཆེན་པོ་གནང་སྟེ་གྲྭ་སྐོར་དངོས་སྦྱོང་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་གཟེངས་བསྟོད་ཀྱི་དར་ཆ་ཕུལ་གནང་མཛད་པ་བཅས།
མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་དྲུག་པའི་གཡུང་དྲུང་བོན་གྱི་མཐོ་རམས་པའི་གྲྭ་སྐོར་དངོས་སྦྱོང་མཛད་སྒོའི་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ་དྲུག་བསྟན་ནས་བྲིས།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།