གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

[ཟླ་ཚེས། 2019-08-24 06:37:45][རྩོམ་པ་པོ། ཚོགས་འདུའི་གསར་འགྱུར་འགན་འཛིན་དང་དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༨ཚེས་༢༢ཉིན་ནས་ཚེས་༢༥བར་མདོ་སྨད་ཤར་པ་རིན་སྤུངས་དགོན་པ་ཕྱག་བཏབ་ནས་ལོ་འཁོར་༢༥༠འཁོར་བའི་དགའ་སྟོན་མཛད་སྒོ་དང་། རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་༧༠ ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཐེངས་གསུམ་པ་བཅས་མདོ་སྨད་ཤར་པ་རིན་སྤུངས་དགོན་དུ་གཟབ་རྒྱས་ངང་འཚོགས་པ།

  སྤྱི་ཟླ་༨ཚེས་༢༢གྱི་ཞོགས་པར་ཆུ་ཚོད་༨སྟེང་རིན་སྤུངས་དགོན་པའི་བླ་གྲྭ་འདུས་པ་རྒྱ་མཚོ་དང་དད་ལྡན་མང་ཚོགས་རྣམས་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་དུ་འཚོགས། དགེ་བཤེས་བསྟན་འཛིན་ཡེ་ཤེས་ཀྱིས་མདོ་འཛིན་གནང་། ཀྲུའུ་རེན་རྣམ་རྒྱལ་ཚེ་རིང་གིས་ཚོགས་འདུ་ཉིན་བཞིའི་རིང་གི་སྒྲིག་ལམ་ཁྱབ་བསྒྲགས་བྱས། ཟིང་ཆུ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡང་ཀང་ནས་གསུང་བཤད་གནང་བ་དང་རྒྱལ་དར་བསྒྲེངས་པ་སོགས་ཀྱི་མཛད་སྒོ་སྤེལ།

  ཆུ་ཚོད་༡༠ སྟེང་གངས་ལྗོངས་མདོ་དབུས་ཁམས་གསུམ་སྟེ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ནས་ཕེབས་ཡོང་བའི་ཚོགས་མི་རྣམས། ཟིང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་ནས་ལམ་དུ་ཆས་ཏེ་རིན་སྤུངས་དགོན་བཀྲ་ཤིས་སྨིན་གྲོལ་གླིང་གི་ཕྱོགས་སུ་བསྐྱོད། རིན་སྤུངས་དགོན་པའི་ལྷ་སྡེ་མང་ཚོགས་ཀྱིས་དབལ་ལུང་མདོ་ཁ་ནས་ལྷ་བསང་བཏང་སྟེ་ལམ་ཁ་ཡོངས་ནས་བསང་དུད་སྔོན་མོ་དགུང་དུ་འཕྱུར་བ་དང་ལྷན་ཅིག་བཀྲ་ཤིས་ལྷ་དར་དཀར་པོ་དད་གུས་ཀྱིས་མཐོ་རུ་བཏེགས་ནས་བསུ་བ་བྱས།

  ཚོགས་མི་རྣམས་རིན་སྤུངས་དགོན་པའི་ཉེ་འདབས་སུ་ཕེབས་པ་ན་དགོན་པའི་བླ་གྲྭ་རྒན་གཞོན་ཚང་མས་སེར་ཕྲེང་བསྒྲིགས་ནས་བསུ་བ་རྒྱ་ཆེར་བྱས་ཤིང་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་ནས་ཚོགས་མི་རྣམས་གདན་བཞུགས་གནང་བ་དང་དགོན་པའི་ཚོགས་མང་གིས་གཤེན་རབ་མཆོད་རྔའི་གདངས་དབྱངས་སྙན་མོས་བསུ་བ་ལེགས་པར་བྱས་ཤིང་། ཚོགས་མང་ཡོངས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་པ་དང་ཆབས་ཅིག གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་རིན་སྤུངས་དགོན་པའི་དབུ་བླ་ལྷུན་གྲུབ་བསྟན་འཛིན་རྣམ་གཉིས་ནས་སྲིད་པའི་བརྡ་དར་ཆེན་མོ་མཁའ་ལ་བསྒྲེངས།

  སྔ་དྲོའི་ཆ་འདིར་རིན་སྤུངས་དགོན་བོན་གྱི་རིག་གཞུང་བགྲོ་གླེང་དང་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་འཁོར་༧༠ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས། རིན་སྤུངས་དགེ་བཤེས་བསྟན་འཛིན་ཡེ་ཤེས་དང་གྲྭ་བ་བསོད་ནམས་དར་རྒྱས་གཉིས་ཀྱིས་མདོ་འཛིན་བྱས་ཏེ་གྲྭ་བཙུན་བསོད་ནམས་དར་རྒྱས་ཀྱིས་ཚོགས་འདུའི་སྔོན་གླེང་བྱས།

  རྔ་བ་ཁུལ་ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་གིས་རྟེན་འབྲེལ་ཞུ་བའི་ཤིས་ཚིག་གསུང་བ་དང་། རྔ་བ་ཁུལ་དང་ཟིང་ཆུ་རྫོང་མི་དམངས་སྲིད་གཞུང་ནས་༼རིན་སྤུངས་དགོན་བོན་གྱི་རིག་གཞུང་བགྲོ་གླེང་དང་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་འཁོར་༧༠ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུའི་༽ཆོག་མཆན་ཡིག་ཆ་སྒྲོག་སྦྱང་གནང་།

  རིན་སྤུངས་དགེ་བཤེས་གཙོ་ཁམས་ཆེན་དང་གྲྭ་བཙུན་ཤེས་རབ་དབང་རྒྱལ་གཉིས་ནས། ཐེངས་འདིའི་ཚོགས་འདུར་སྐུ་དངོས་སུ་ཕེབས་མ་ཐུབ་པའི་གདན་ས་ཁག་དང་མཁས་དབང་ཁག་ཅིག་ནས་གནང་བའི་རྟེན་འབྲེལ་ཤིས་ཚིག་སྒྲོག་སྦྱང་གནང་།

  གྲྭ་བཙུན་ནམ་མཁའ་ཡེ་ཤེས་ཀྱིས་རིན་སྤུངས་དགོན་པའི་ལོ་རྒྱུས་མདོར་བསྡུས་མཚམས་སྦྱོར་བྱས། ཨ་སྔགས་གཙུག་ཕུད་རྣམ་རྒྱལ་གྱིས་དགོན་ལའི་ལོ་རྒྱུས་རྒྱ་ཡིག་གི་ལམ་ནས་མཚམས་སྦྱོར་བྱས། རིན་སྤུངས་དགོན་པའི་དབུ་བླ་རྣལ་འབྱོར་ལྷུན་གྲུབ་བསྟན་འཛིན་མཆོག་ནས་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲིའི་གསུང་བཤད་གནང་།

  བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེས་རྟེན་འབྲེལ་ཞུ་བའི་གསུང་བཤད་གནང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་རིན་སྤུངས་དགོན་པའི་རིག་གནས་ལོ་རྒྱུས་ཐད་ནས་གསུང་བཤད་གལ་ཆེན་གནང་།

  ཟིང་ཆུ་རྫོང་མི་རིགས་ཆོས་དོན་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ལགས་ནས་གསུང་བཤད་གནང་བ། གཙོ་ཚང་དགོན་གྲོང་རྡལ་གྱི་ཧྲུའུ་ཅི་མེང་ཁྲིན་ཕེང་ནས་གསུང་བཤད་གནང་།

  ཉིན་གུང་ཆུ་ཚོད་༡༢དང་ཕྱེད་ཀའི་སྟེང་། མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་ལ་སྐུ་དྲིན་ལེགས་མཚོན་གྱི་དྲན་རྟེན་ལེགས་སྐྱེས་ཕུལ་བ། དེ་མཚུངས་སུ་ཐེངས་འདིར་རོགས་རམ་བྱས་པའི་གཙོ་ཚང་དགོན་གྲོང་རྡལ་གྱི་མགྲོན་ཁང་སྦྱིན་བདག་འགའ་ལ་དྲན་རྟེན་ལེགས་སྐྱེས་གནང་བ་དང་། རིན་སྤུངས་དགོན་པའི་ལྷ་སྡེ་གྲོང་ཚོ་བརྒྱད་ལ་བཀའ་དྲིན་ལེགས་མཚོན་གྱི་བྱ་དགའི་ལེགས་སྐྱེས་གནང་སྟེ་སྔ་དྲོའི་མཛད་སྒོ་སྤེལ་བའི་ཚོགས་འདུ་ཡོངས་སུ་མཇུག་བསྒྲིལ།

  ཕྱི་དྲོའི་ཆར། ཐོག་མར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞི་གཏན་འབེབ་ཏུ་ཚོགས་གཙོའི་ཚོགས་འདུ་འཚོགས།

  ཆུ་ཚོད་༡༦སྟེང་ནས། རྒྱུན་ལས་ཚོགས་གཞོན་མཁན་པོ་རིག་འཛིན་དབང་རྒྱལ་མཆོག་གིས་མདོ་འཛིན་གནང་སྟེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པ་དངོས་སུ་འཚོགས། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེས་ཚོགས་འདུའི་གྲོས་གཞི་དང་འབྲེལ་བ་དོན་ཚན་ལྔའི་སྒོ་ནས་གསུང་བཤད་གལ་ཆེན་གནང་། མཚན་འཛིན་ཚོགས་གཙོ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེས་ཚོགས་འདུའི་གྲོས་གཞི་ལྟར་གྱི་གསུང་བཤད་གལ་ཆེན་གནང་། བློ་འདྲི་མི་སྣ་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་ཚོགས་འདུའི་གྲོས་གཞི་ལྟར་དུ་བཀའ་སློབ་གསུང་བཤད་གལ་ཆེན་གནང་།

  བོད་རིག་པའི་ཆེད་མཁས་སྐུ་ཞབས་དོན་གྲུབ་ལྷ་རྒྱལ་ལགས་ཀྱིས་ཚོགས་འདུའི་གྲོས་གཞི་ལྟར་དུ་ཚོགས་པའི་མདུན་ལམ་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་། དྲུང་ཡིག་ཆེན་མོ་གཞོན་པ་རིན་སྤུངས་ཚུལ་བསྟན་ལགས་ཀྱིས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ངོ་གཅིག་རིང་གི་བྱ་བའི་བརྒྱུད་རིམ་དང་འབྲེལ་བའི་ཡོང་སྒོ་དང་འགྲོ་སོང་གི་རྩིས་ཁྲ་ཞིབ་གསལ་དུ་གྲོས་ཚོགས་སྟེང་སྙན་ཞུ་ཕུལ་བ་བཅས་ཉིན་དང་པོའི་གནས་ཚུལ་རགས་རིམ་ཙམ་མོ།།

  ཚེས་༢༣ཉིན་གྱི་ཞོགས་པར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་ཚོགས་གཞོན། མཚན་འཛིན་ཚོགས་གཙོ། བློ་འདྲི་མི་སྣ། ཚོགས་གཞོན། དྲུང་ཆེ་གཞོན་སོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མི་སྣ་བཅོ་ལྔ་ཙམ་ཆེད་དམིགས་ཀྱིས་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་གི་འཁྲུངས་གཞིས་སུ་ཕེབས། སྐྱབས་རྗེ་ཁྲི་འཛིན་སོ་བཞི་པ་མཆོག་གི་སྐུ་ཚེ་རྒྱལ་མཚན་བརྟན་ཅིང་བོན་གྱི་འཁོར་ལོ་ཡུན་རིང་དུ་བསྐོར་བའི་རྟེན་འབྲེལ་དུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་བའི་བཀའ་རིན་པོ་ཆེ་ཚར་གཅིག་ཕུལ་ཏེ་ཡབ་ཡུབ་ལ་འཚམས་འདྲི་གནང་།

  སྔ་དྲོ་འདིར་དྲུང་གཞོན་རིན་སྤུངས་ཚུལ་བསྟན་མཆོག་གིས་མདོ་འཛིན་གནང་སྟེ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚན་ཁག་ཁ་ཤས་ཀྱི་ལས་དོན་སྙན་ཞུ་དང་འབྲེལ་བའི་ཚོགས་འདུ་འཚོགས། དྲུང་ཡིག་ཆེན་མོ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་གཅིག་གི་བྱ་བའི་ལས་དོན་སྒྲུབ་ཚུལ་དོན་ཚན་བཅུ་གཅིག་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་གཞན་དང་ཚན་པ་ཁག་གི་ལས་དོན་སྒྲུབ་ཚུལ་དོན་ཚན་དྲུག་གི་སྒོ་ནས་གྲོས་ཚོགས་སྟེང་སྙན་སྒྲོན་ཞུས།

  རྒྱུན་ལས་ཚོགས་གཞོན་མཁན་ཤེས་རབ་གཡུང་དབང་རྒྱལ་མཆོག་གིས་ཞང་ཞུང་རིག་གནས་བརྗེ་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་མིང་ཐོག་ནས་བལྟ་སྐུལ་གནང་བའི་སྒྲོལ་བསྐལ་རྟགས་མཆོད་མར་ལས་དོན་སྐོར་གྲོས་ཚོགས་སྟེང་སྙན་ཞུ་ཕུལ། རྒྱུན་ལས་ཚོགས་གཞོན་སྣང་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་མཆོག་ནས་ཀྲུང་ཧྭ་བཀའ་བརྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དཔེ་རྙིང་འཚོལ་བསྡུའི་ལས་དོན་སྐོར་གྱི་བྱ་བའི་བརྒྱུད་རིམ་གྲོས་ཚོགས་སྟེང་སྙན་ཞུ་ཕུལ།

  ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་སྟེ། བཀའ་འགྱུར་སྒྲིག་ཞུའི་ལས་རིམ་གྱིས་མཚོན་པའི་དཀར་ཆག་གཏན་འབེབས་ལ་མི་སྣ་འདམ་ནས་ཚན་ཆུང་འཛུགས་པ་དང་ཚན་གཙོ་འདེམ་པའི་གྲོས་མོལ་གནང་། ཚོགས་མི་སོ་སོས་རང་རང་གི་བསམ་ཚུལ་བརྗོད་པ།

  ཕྱི་དྲོའི་ཆ་ལ་སྒོ་རིགས་དགེ་བཤེས་ཤེས་རབ་གྲགས་པས་མདོ་འཛིན་གནང་སྟེ་དམིགས་བསལ་གྱི་མཛད་སྒོ་ཁག་ཅིག་སྤེལ། ཆུ་ཚོད་བཅུ་བཞི་དང་ཕྱེད་ཀའི་སྟེང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་དང་ཧི་མ་ལ་ཡའི་བོན་དྲ་བ་གཉིས་ཀས་མཉམ་གཉེར་གནང་བའི་ཧི་མ་ལ་ཡའི་བོན་དཔེ་མཛོད་ཁང་ཤར་གཏོང་གི་མཛད་སྒོ་སྤེལ། ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་རིན་པོ་ཆེ་དང་མཁན་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་རྣམ་གཉིས་ཀྱིས་ཧི་མ་ལ་ཡའི་བོན་དཔེ་མཛོད་ཁང་ཤར་གཏོང་གི་དབུ་འབྱེད་གནང་། ཧི་མ་ལ་ཡའི་བོན་དྲ་བའི་གཙོ་སྒྲུབ་མི་སྣའི་འཐུས་ཚབ་རིན་སྤུངས་ཚུལ་བསྟན་གྱིས་ཧི་མ་ལ་ཡའི་བོན་དཔེ་མཛོད་ཁང་གི་ངོ་སྤྲོད་ཞིབ་གསལ་དུ་གནང་།

  གངས་ལྗོངས་བོན་དཔྱད་དེབ་ཞང་ཞུང་ཤེས་རིག་ཞིབ་འཇུག་གི་དེབ་འགྲེམ་སྤེལ་གྱི་མཛད་སྒོ་སྤེལ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་མཆོག་དང་། སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག མཁན་རིག་འཛིན་དབང་རྒྱལ་རྣམ་པ་གསུམ་གྱིས་ཞང་ཞུང་ཤེས་རིག་ཞིབ་འཇུག་གི་དེབ་འགྲེམ་སྤེལ་དབུ་འབྱེད་གནང་། གཙོ་སྒྲིག་པ་ཉག་སྤྲུལ་བསོད་ནམས་རྒྱ་མཚོས་ཞང་ཞུང་ཤེས་རིག་ཞིབ་འཇུག་དེབ་གཉིས་པ་ངོ་སྤྲོད་དམ་རྩོམ་སྒྲིག་བྱ་བའི་བརྒྱུད་རིམ་གྲོས་ཚོགས་སྟེང་སྙན་ཞུ་ཕུལ།

  བོད་ལྗོངས་ཞང་ཞུང་རིག་དངོས་ཁྱད་ཐོན་ཚད་ཡོད་ཀུང་སིའི་འགན་འཛིན་པ་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གནའ་བོའི་ཞང་ཞུང་དངོས་མེད་ཤུལ་བཞག་རིག་གནས་ཞལ་ཐང་ཆེན་མོ་འབྲི་བཞེངས་ཀྱི་བརྒྱུད་རིམ་ངོ་སྤྲོད་བྱས།

  སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གིས་རྒྱལ་བའི་བཀའ་རིན་པོ་ཆེ་སྟོན་པ་འཁྲུངས་པའི་དུས་བཟང་ཁྱད་པར་ཅན་ལ་གངས་ལྗོངས་མདོ་དབུས་ཁམས་གསུམ་གྱི་འདུལ་དགོན་ཁག་དང་སྔགས་དགོན་ཁག་ནས་ལོ་རྟག་པར་ཀློག་འདོན་ཆག་མེད་བྱ་དགོས་པའི་བཀའ་སློབ་གསུང་བཤད་གལ་ཆེན་གནང་། སྐྱང་སྤྲུལ་རིན་པོ་ཆེ་དང་ཁོང་གི་སྦྱིན་བདག་རྣམས་ལ་བཀའ་དྲིན་མཚོན་བྱེད་ཀྱི་ལེགས་སྐྱེས་ཕུལ། དེ་བཞིན་དུ་ལས་རིགས་ཁག་སྟེ་ཞང་ཞུང་ཤེས་རིག་ཞིབ་འཇུག་གི་རྩོམ་སྒྲིག་པ་དང་དཔྱད་འདེམ་པ། ཧི་མ་ལ་ཡའི་བོན་དྲ་བའི་ལས་སྒྲུབ་མི་སྣ། བོད་ལྗོངས་ཞང་ཞུང་རིག་དངོས་ཁྱད་ཐོན་ཚད་ཡོད་ཀུང་སིའི་མི་སྣ་སོགས་ལ་ཚོགས་པའི་ངོས་ནས་ལེགས་སྐྱེས་གནང་།

  ཕྱི་དྲོ་ཆུ་ཚོད་༡༦སྟེང་། དྲུང་ཡིག་པ་མཁན་པོ་བསྟན་པའི་ཉི་མས་མདོ་འཛིན་གནང་སྟེ་ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་འཚོགས། དེ་ལ་ཚོགས་མི་སོ་སོས་རང་རང་གི་བསམ་ཚུལ་སྣ་ཚོགས་བརྗོད་ནས་གྲོས་མོལ་གནང་།

  ཚེས་༢༤ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་། གཡུང་དྲུང་བོན་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་བཞི་བ་འཚོགས། དྲུང་ཡིག་པ་མཁན་པོ་ཚེ་དབང་རིག་འཛིན་གྱིས་མདོ་འཛིན་གནང་། སྤྲུལ་པདྨ་རིན་ཆེན་མཆོག་གིས་ཞི་བདེ་སྨོན་ལམ་ཆེན་མོ་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་བ་དང་གངས་ལྗོངས་མདོ་དབུས་ཁམས་གསུམ་ནས་ཞི་བདེ་སྨོན་ལམ་ཆེན་མོར་འབྲེལ་ཐོགས་ཀྱི་རྩིས་ཐོ་ཞིབ་གསལ་དུ་སྙན་ཞུ་ཕུལ། ཚོགས་ཞུགས་པ་ཡོངས་དང་། ཤར་ཁོག་གི་མཁན་སློབ་བླ་སྤྲུལ་གྲྭ་མང་འདུས་པ་ཡོངས། གཡུང་དྲུང་བོན་ཞི་བདེ་སྨོན་ལམ་ཆེན་མོར་མཉམ་ཞུགས་གནང་།

  ཕྱི་དྲོའི་ཆུ་ཚོད་༡༣དང་ཕྱེད་ཀའི་སྟེང་ནས། ཚོགས་འདུར་ཕེབས་པའི་བླ་སྤྲུལ་སྐྱེས་ཆེན་རྣམས་ཀྱིས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་།


  ཕྱི་དྲོའི་ཆུ་ཚོད་༡༥སྟེང་། དྲུང་ཡིག་པ་ཤེལ་ཞིག་དོན་ལྷས་མདོ་འཛིན་གནང་ནས་ཚོགས་མི་ཡོངས་ཀྱིས་ཚོགས་འདུའི་གྲོས་གཞི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་འཚོགས།

  ཆུ་ཚོད་༡༦དང་ཕྱེད་ཀའི་སྟེང་། དྲུང་ཡིག་པ་རྒྱལ་མཚན་དྲི་མེད་ལགས་ཀྱིས་མདོ་འཛིན་གནང་སྟེ་ཚོགས་འདུའི་གྲོས་གཞི་དང་མཐུན་པའི་བགྲོ་གླེང་ཚོགས་འདུ་འཚོགས།

  ཚེས་༢༥ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་ནས། དྲུང་ཡིག་པ་ཨ་ཀུན་གསལ་ཟླ་བས་མདོ་འཛིན་གནང་སྟེ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད་གཏན་འབེབས་ཚོགས་འདུ་འཚོགས།  

       སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་ནས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཐེངས་གསུམ་པའི་མཇུག་སྡོམ་ཚོགས་འདུ་འཚོགས།

   དྲུང་ཆེ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་མདོ་འཛིན་གནང་ནས་གྲོས་ཆོད་ཁྱབ་བསྒྲགས་མཛད། རིན་སྤུངས་དགོན་པའི་ཀྲུའུ་རེན་གཞོན་པ་ཨ་དཔལ་བཟང་གིས་རིན་སྤུངས་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཞུགས་པ་ཡོངས་ལ་ཕེབས་སྐྱེལ་དང་བཀྲ་ཤིས་བདེ་ལེགས་ཞུ་བའི་གསུང་བཤད་གནང་།

  གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིན་སྤུངས་དགོན་པར་མཉམ་འབྲེལ་ལྷན་ཚོགས་ཀྱི་ངོས་ནས་དྲན་རྟེན་ལེགས་སྐྱེས་གནང་བ་དང་ལྷག་པར་དུ་རྒྱལ་བའི་བཀའ་རིན་པོ་ཆེ་ཚར་གཅིག་བཀའ་དྲིན་ལེགས་མཚོན་དུ་བསྩལ།  

     ཐེངས་འདིའི་འགན་ཁུར་བ་རིན་སྤུངས་དགོན་པས་ཐེངས་རྗེས་མའི་འགན་ཁུར་བ་མཚོ་སྔོན་དུང་དཀར་དགོན་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚོན་རྟགས་སོགས་བརྒྱུད་སྤྲོད་གནང་། 

 ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཐེངས་གསུམ་པའི་མཇུག་སྡོམ་གསུང་བཤད་གལ་ཆེན་གནང་།

  ཚོགས་ཞུགས་པ་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་ཏེ་ཐེངས་འདིའི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་བཅས་ཉིན་དེ་དག་གི་གནས་ཚུལ་མདོར་བསྡུས་ཙམ་མོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།