ཡིད་སྐྱོ་བའི་གནས་ཚུལ།

[ཟླ་ཚེས། 2019-04-30 07:25:18][རྩོམ་པ་པོ། ལྷ་བུ་བློ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20190430071314.jpg

སྙིགས་མའི་དུས་འདིར་བསླབ་གསུམ་ངུར་སྨྲིག་གི་རྒྱལ་མཚན་མཐོན་པོར་བསྒྲེངས་ཤིང་བཤད་སྒྲུབ་ཉི་ཟླའི་གཟི་འོད་ཐུགས་ལ་མངའ་བའི་སྐྱེས་བུ་ཆེན་པོ། ལུང་རྟོགས་བསྟན་པའི་མཛོད་འཛིན་བཅུ་རིག་ཤེས་བྱའི་གཞུང་ལུགས་ལ་མཁྱེན་རྟོགས་ཤེས་རབ་ཀྱི་སྒོ་མོ་ཡངས་པོར་ཕྱེས་པའི་བླ་མ་དམ་པ། མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ༧རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་མཆོག་གི་སྐུ་མཆོག་གསེར་གྱི་ཉི་མ་རེ་ཞིག་ནུབ་ཕྱོགས་ཆུ་ལྷའི་ཕང་བར་ཡིབ་སྟེ། ཇི་སྐད་དུ་རྫོགས་ཆེན་ལས། དུས་གསུམ་སངས་རྒྱས་མྱ་ངན་འདས་ཚུལ་བསྟན།། ཁམས་གསུམ་སེམས་ཅན་དེ་བཞིན་སྒྱུ་མ་ལ།། ཞེས་གསུངས་པ་བཞིན་རང་རེ་གདུལ་བྱ་རྟག་འཛིན་ཅན་རྣམས་གྱིས་དགེ་བ་ཕྱི་བཤོལ་དུ་མི་འགྲོ་བ་དང་། མི་རྟག་དྲན་བསྐུལ་གྱི་གདམས་པ་ཟབ་མོ་དོན་གྱིས་བསྟན་ཏེ། གཟུགས་སྐུ་རྣམ་པ་མི་ཡི་ཚུལ་དུ་བཞུགས་ནས་དགུང་ལོ་དགུ་བཅུ་བཞེས་པའི་དུས་རྟིང་འདིར། འཇིག་རྟེན་འདི་རུ་གདུལ་བྱ་འདྲེན་པའི་སྐུ་ཡི་འཕྲིན་ལས་ཡོངས་སུ་རྫོགས་ཏེ།  འབྱུང་ལྡན་སུམ་བརྒྱ་གཅིག་གི་ནང་ཚན། བོད་ས་ཕག་ལོའི་དབོ་ཟླའི་ནག་ཕྱོགས་རྒྱལ་བ་གཉིས་པ་སྟེ། སྤྱི་ལོ༢༠༡༩ལོའི་ཟླ༤ཚེས༢༧ཉིན་གྱི་པེ་ཅིང་ཆུ་ཚོད་གསུམ་གྱི་སྟེང་དུ་རྗེ་བཙུན་བླ་མ་དམ་པ་མཆོག་གིས་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པའོ།།  མདོ་ལས། སེང་གེ་རྩལ་རྫོགས་གངས་རིའི་ཁ་ནས་མཆོངས།། ངམ་གྲོག་ཤ་ཤོ་གྱེན་ཐུར་ཉམ་མི་ང་།། གང་ལྟར་གཟས་ཀྱང་རྩལ་གསུམ་དབྱུང་བས་བདེ།། དེ་དང་འདྲ་བར་མི་མཆོག་སྐྱེས་བུ་ཡིས།། གཡུང་དྲུང་བོན་ལ་ཤེས་པའི་རྩལ་རྫོགས་པས།། གང་ནས་བརྟག་ཀྱང་དོན་ལ་བཞག་པས་བདེ།། ཞེས་པ་ལྟར་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་ལྟ་སྤྱོད་ཟབ་མོ་ཐུགས་སུ་ཆུད་ཅིང་ལུང་རྟོགས་ཡོན་ཏན་གྱི་ཤེས་བྱ་རྒྱ་མཚོ་མངོན་པར་བརྙེས་པའི་བླ་མ་རིན་པོ་ཆེས་ཚེས་༢༧ཉིན་གྱི་ཞོགས་པ་སྐྱ་རེངས་ཤར་མཚམས་སུ་གང་གི་སྐུ་ཚ་བསོད་ནམས་ལ། བླ་མ་བྲུ་ཆེན་གྱི་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་དང་། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་བ། ཀུན་མཁྱེན་ཤར་རྫ་བའི་རྫོགས་ཆེན་སྐུ་གསུམ་རང་ཤར་སོགས་ཁོང་གི་མདུན་དུ་ཞོག་ཅིག་གསུངས་ནས། དེ་བཞིན་བླ་མ་རིན་པོ་ཆེའི་ཕྱག་ཏུ་ཕུལ་བ་དང་།  ཁོང་གིས་འབྲས་བུ་རང་ས་བཟུང་པ་སྐུ་གསུམ་དམར་ཐག་ཆོད་པའི་ཁྲིད་སོགས་དེ་དག་གི་ནང་དུ་བསྟན་པའི་གདམས་པ་ཟབ་མོ་རྣམས་ལ་གཟིགས་ཙམ་མཛད། དེ་ནས་ཕྱག་ཞལ་གཙང་སྦྲ་དང་ཆབ་ཆུ་སོགས་བླངས་ནས། ད་ནི་གཟའ་སྐར་འཕྲོད་སྦྱོར་གང་ལ་ཐུག་ཡོད་དམ་གསུངས་ནས་ལི་ཐོ་ལ་གཟིགས་རྟོག་མཛད་དེ་ལེགས་པའི་གཟའ་སྐར་ལ་གཟིགས། དེ་རིང་བསྟན་འཛིན་སྨོན་ལམ་གྱིས་ཁམས་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་སྒྲུབ་གྲྭ་གསར་འཛུགས་ཀྱི་དབུ་འཛིན་པའི་ཉིན་མོ་རེད་དམ་ཞེས་སོགས་སྐུ་ཚ་མཁན་པོ་བསྟན་འཛིན་སྨོན་ལམ་གྱི་མཛད་འཕྲིན་སྐོར་སོགས་ཞལ་བརྡ་གནང་། དེ་ནས་ཚ་བུ་བསོད་ནམས་ལ་ད་ཁྱེད་ཀྱིས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། སློབ་ཟུར་ཤེས་རབ་བསམ་གཏན། སློབ་ཟུར་ལུང་རྟོགས་རྒྱ་མཚོ་སོགས་འདི་ན་ཕེབས་དགོས་པའི་བརྡ་ཐོངས་ཤོག་གསུངས། དེ་བཞིན་སྐུ་ཚ་བསོད་ནམས་ཀྱིས་བརྡ་བཏང་པ་ལྟར་ཁོང་རྣམས་ཀྱང་སྐུ་མདུན་དུ་ཕེབས་ནས། བླ་མ་རིན་པོ་ཆེ་ལ་མཇལ་ཁ་ཞུས། སྐབས་དེར་ཞལ་གྱི་མདངས་དང་རྣམ་རིག་སོགས་སྔར་ལས་དྭངས་ཤིང་གསལ་བ་ལྟ་བུར་གྱུར་ནས། གང་གི་དངོས་སློབ་མཆོག་གྱུར་རྣམས་ལ་འདའ་དགའ་འཆི་བྲོད་ཀྱི་གཏམ་རྒྱུད་སོགས་གསུངས་ཤིང་ཉེ་འཁོེར་འགའ་རེ་ལ་ཞལ་མཇལ་གནང་ནས་ཐུགས་ལྷོད་ལྷོད་ཀྱིས་ཞལ་བརྡ་མང་དུ་མཛད། དེ་ནས་ཁོང་གི་དངོས་སློབ་རྣམས་དང་མཉམ་དུ་ཨ་སྙན་རྫོགས་གསུམ་གྱི་གསོལ་འདེབས་སོགས་གསུང་བཞིན་པའི་སྒང་ལ་ཁོང་རིན་པོ་ཆེས་ལུས་ཆ་ལུགས་ལྔ་ལྡན་གྱི་ཕྱག་རྒྱ་མཛད་དེ་གདོད་ནས་རང་འབྱུང་འོད་གསལ་ཆེན་པོའི་ངང་ནས་གཡོས་མ་མྱོང་པར་ཀ་དག་རིག་པའི་རྒྱལ་ས་རྗེན་ནེར་གཟིགས་ནས་ཐུགས་དམ་གཡོ་བ་མེད་པའི་ངང་ལ་བཞུགས་པའོ།། དེར་བསྟུན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་ངོ་མཚར་ཞིང་ཡིད་ཆེས་པའི་ཐུགས་དམ་ལ་འདི་ལྟར་བཞུགས་ན་ངེས་པར་དུ་སྔོན་བྱོན་བླ་མ་གོང་མའི་ཕྱག་སྲོལ་བཞིན་ཉིན་གསུམ་གྱི་རིང་དུ་རྗེ་བཙུན་བླ་མ་དམ་པའི་དགོངས་པ་རྫོགས་པའི་གནས་ཚུལ་གསང་རྒྱ་ནན་མོ་བྱ་དགོས་ཞེས་པའི་བཀའ་གསུངས་དང་ལེན་བྱས་མཐར། སྐྱོ་བའི་མཆི་མ་ཤོར་ཞིང་དད་པའི་སྤུ་ལོང་གཡོ་བའི་གནས་ཚུལ་འདི་བྲིས་པ་ལགས། དེ་བཞིན་རང་ཅག་གདུལ་བྱ་ཡོངས་ཀྱི་ལྷ་སྐལ་དུ་བྱོན་པ་སྨྲ་སེང་མི་ཡི་རྣམ་རོལ་ཆེན་པོ་གང་གིས་དགོངས་པ་བོན་དབྱིངས་སུ་བསྡུས་པའི་ངང་ཚུལ་འདིས། གཤེན་བསྟན་སྲིད་པའི་རྔ་ཆེན་རེ་ཞིག་ལྐུགས་ཤིང་། བཤད་སྒྲུབ་ཉི་ཟླའི་འོད་ཟེར་རེ་ཞིག་མོག་པོར་གྱུར་པས་སྐྱོ་སྡུག་གི་མིག་ཆུ་ཤམ་ཤམ་དུ་བཞུར་དགོས་པའི་གནས་སུ་གྱུར་མོད་ཀྱང་། ཡང་གཅིག་བསམ་ན། སྐྱེས་བུ་ཁྱད་པར་ཅན་གྱི་འཁྲུངས་འདས་ཀྱི་དུས་ཚིགས་ནི་ང་ཚོ་གདུལ་བྱ་ཐུན་མོང་གི་བསོད་ནམས་ཚོགས་བསགས་ཀྱི་སྐལ་པ་བཟང་པོ་རུ་གསུངས་ཡོད་པ་ཡིད་ལ་བརྣགས་ཏེ་ས་ཕྱོགས་སོ་སོ་ན་བཞུགས་པའི་དད་ལྡན་སྤྱི་དང་སྒོས་སུ་རྗེ་བཙུན་བླ་མ་དམ་པའི་སྐྱབས་འོག་ཚུད་པའི་སློབ་འབངས་ཡོངས་ལ་དགེ་སྒྲུབ་སྡིག་སྤོང་གི་དྲན་སྐུལ་དང་བཅས་བརྡ་ཁྱབ་འདི་གུས་པས་ཕུལ་བ་ལགས།།

ཞེས་རྗེ་བཙུན་བླ་མ་དམ་པའི་སྐྱབས་འོག་ཏུ་ཚུད་པའི་སྐལ་བཟང་ཅན་ལྷ་བུ་བློ་བཟང་གིས་གདུང་མཆོད་བཀོད་སྒྲིག་ཚན་ཆུང་གི་བཀའ་དགོངས་ལྟར༢༠༡༩ལོའི་སྤྱི་ཟླ༤བའི་ཚེས༢༩ཉིན་གུས་པས་བྲིས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།