ཀོ་རྒྱལ་དགོན་གྱི་དགེ་བཤེས་མཛད་སྒོ་ཐེངས་བཞི་པ་དང་སྒྲུབ་ཐོན་མཛད་སྒོ་ཐེངས་དྲུག་པའི་གནས་བསྡུས།

[ཟླ་ཚེས། 2019-04-18 21:52:30][རྩོམ་པ་པོ། གོ་སྒྲིག་ཚོགས་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1555595671118810.jpg1555595671137125.jpg

ཀོ་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་གདན་ས་ཁྱུང་ཡུལ་བོན་གྱི་འདུས་སྡེ་དཔལ་གཤེན་བསྟན་ཀོ་རྒྱལ་དགོན་ནས་དེ་སྔོན་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ལ་རིག་པའི་སྣང་བ་རབ་ཏུ་རྒྱས་པའི་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བའི་བཤེས་གཉེན་དུ་མ་ཞིག་བསྐྱེད་བསྲིང་ཞུས་ཡོད་ལ།

1555596431556486.jpg1555595671130988.jpg

   འདི་ལོར་ཀྱང་དགེ་བཤེས་མཛད་སྒོ་ཐེངས་བཞི་པ་དང་། སྒྲུབ་ཐོན་མཛད་སྒོ་ཐེངས་དྲུག་པ་སྤེལ་སྟེ། ༢༠༡༩ ལོའི་ཟླ་བ་ ༤ ཚེས་ ༡ ཉིན་དངོས་སུ་དབུ་འཛུགས་གནང་སྟེ། སྔ་དྲོ་ཕྱག་ཚོད་བཅུ་པའི་ཐོག་ལ་ཁྲི་འཛིན་བླ་མ་རིན་པོ་ཆེ་མཁྱེན་རབ་རྒྱ་མཚོ་མཆོག་དང་། དཔོན་སློབ་རིན་པོ་ཆེ་ཧོར་རུ་ཡོན་ཏན་ཕུན་ཚོགས་མཆོག སྒྲུབ་གྲྭའི་མཁན་རིན་པོ་ཆེ་དགེ་ལེགས་ཚུལ་ཁྲིམས་མཆོག བཤད་སྒྲུབ་འདུས་སྡེའི་དགེ་རྒན་ཆེན་མོ་དགེ་བཤེས་ཚུལ་ཁྲིམས་བློ་གྲོས་མཆོག བཤད་སྒྲུབ་འདུས་སྡེའི་དགེ་རྒན་ཆེན་མོ་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་མཆོག བཀའ་རམས་པ་ཡ་མ་དྲང་སྲོང་བསམ་གཏན་གཡུང་དྲུང་མཐར་ཕྱིན། བཀའ་རམས་པ་ཆུ་ཧོ་དྲང་སྲོང་སྐལ་བཟང་སྦྱིན་པ་རྒྱ་མཚོ། བཀའ་རམས་པ་གཙང་ཚ་དྲང་སྲོང་གཡུང་དྲུང་གཙུག་ཕུད་རྒྱལ་བ་བཅས་དུང་གླིང་སེར་ཕྲེང་གིས་སྣ་དྲངས་ཏེ་དབལ་ཁྱུང་འགྲོ་འདྲེན་གསས་ཁང་དུ་གདན་འདྲེན་ཞུས།

1555596432601842.jpg

   དེ་མཚུངས་དགེ་འདུན་རྣམས་དང་། སྦྱིན་བདག་སྐུ་མགྲོན་རྣམ་པ་བཅས་གསས་ཁང་ནང་དུ་འཛོམས་ནས་ཟབ་ཇ་དང་གྲོ་མ་མར་ཁུ་བཅས་མཆོད་པ་དང་འབྲེལ།

IMG_2752.JPG1555595671130988.jpg

   དཔོན་སློབ་རིན་པོ་ཆེ་ཡོན་ཏན་ཕུན་ཚོགས་མཆོག་ནས་བཤད་པའི་གཞུང་བསྒྱུར་གོང་མ་གསུངས་རྗེས་སུ་བཀའ་རམས་པ་རྣམས་ཀྱིས་རིམ་བཞིན་དུ་བཤད་པ་ཕུལ། ཉིན་གུང་ཆུ་ཚོད་བཅུ་གཉིས་ཐོག་གཏོང་སྒོ་ཆེན་མོ་བཏང་། ཕྱི་དྲོ་ཕྱག་ཚོད་གསུམ་པའི་ཐོག་ཁྲི་འཛིན་མཆོག་དང་། དཔོན་སློབ་དགེ་བཤེས་བཀའ་རམས་པ་སོགས་དང་སྐྱ་སེར་ལྷན་རྒྱས་འདུ་ཁང་ནང་གདན་ཞུས་བྱས་ཏེ་བཀྲ་ཇ་དང་བཞེས་ཏོག་ཕུལ་ནས་བཀའ་རམས་པ་རྣམ་གསུམ་གྱིས་བཀྲ་ཤིས་གསོལ་བ་དང་བསྔོ་བ་སྨོན་ལམ་གྱིས་རྒྱས་གཏབ་སྟེ་ཉིན་དང་པོའི་བཀའ་རམས་པ་གསུམ་གྱི་སྔོན་འགྲོའི་མཛད་སྒོ་མཇུག་ལེགས་པར་གྲུབ།

1555595672118883.jpg

   ཚེས་ ༢ ཉིན་བཀའ་རམས་པ་མང་ལ་དྲང་སྲོང་ཚངས་སྲས་བློ་གྲོས་རྒྱལ་མཚན། བཀའ་རམས་པ་ཁྱུང་སེར་དྲང་སྲོང་ཡོན་ཏན་མཁྱེན་རབ་མཐར་ཕྱིན། བཀའ་རམས་པ་སྟག་ཤམ་དྲང་སྲོང་ཚེ་དབང་བློ་གསལ་རྒྱལ་མཚན་རྣམ་གསུམ་དང་།

1555595672995798.jpg

   ཚེས་ ༣ ཉིན་བཀའ་རམས་པ་སྟ་ག་དྲང་སྲོང་རྣམ་དག་རིག་འཛིན་སྙིང་པོ་དང་། བཀའ་རམས་པ་ཁྱུང་པོ་དྲང་སྲོང་ཚུལ་ཁྲིམས་སངས་རྒྱས་ཕུན་ཚོགས། བཀའ་རམས་པ་འ་ཝ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ལྷུན་གྲུབ་རྣམ་གསུམ།

1555595672694963.jpg

   ཚེས་ ༤ ཉིན་བཀའ་རམས་པ་གསེར་ཤུལ་དྲང་སྲོང་བློ་གསལ་གཡུང་དྲུང་རྣམ་དག་དང་། བཀའ་རམས་པ་གོ་འཇོ་དྲང་སྲོང་ཕུན་ཚོགས་ཚུལ་ཁྲིམས་ནོར་བུ་རྣམ་གཉིས་བཅས་ཀྱིས་གདན་འདྲེན་དང་། གཏོང་སྒོ། སྔ་དྲོར་བཤད་པ་དང་། ཕྱི་དྲོ་བཀྲ་ཤིས་གསོལ་བ་སོགས་གོང་དང་གཅིག་མཚུངས་མཛད།

1555595672199237.jpg

   མཛད་སྒོ་ཉིན་ལྔ་པ་དངོས་གཞིའི་དམ་བཅའ་ཆེན་མོ་ཚེས་ ༥ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠ པའི་ཐོག་དབྲ་ཁྱུང་མཁྱེན་རབ་རྒྱ་མཚོ་མཆོག་དང་། དཔོན་སློབ་ཡོན་ཏན་ཕུན་ཚོགས་རྣམ་གཉིས་གཙོས་པའི་བླ་མ་དགེ་རྒན་དགེ་བཤེས་སོགས་དང་། སྐུ་མགྲོན་སྦྱིན་བདག་དད་འབངས་ལྷ་སྡེ་རྣམས་གསས་ཁང་ནང་དུ་འཛོམས་པའི་དབུས་སུ་བཀའ་རམས་པ་ཡ་མ་དྲང་སྲོང་བསམ་གཏན་གཡུང་དྲུང་མཐར་ཕྱིན་དང་། བཀའ་རམས་པ་ཆུ་ཧོ་དྲང་སྲོང་སྐལ་བཟང་སྦྱིན་པ་རྒྱ་མཚོ། བཀའ་རམས་པ་གཙང་ཚ་དྲང་སྲོང་གཡུང་དྲུང་གཙུག་ཕུད་རྒྱལ་བ་རྣམས་ཀྱིས་དམ་བཅའ་གོང་འོག་རིམ་བཞིན་ངག་རྒྱུགས་ཕུལ།

1555595672106684.jpg

   ཉིན་གུང་བཀའ་རམས་པ་ཐུན་མོང་ནས་གཏོང་སྒོ་བཏང་། དྲོ་གཞུང་ཕྱག་ཚོད་དང་པོ་དང་ཕྱེད་ཀའི་སྟེང་དུ་ཁྱུང་པོ་སྟེང་ཆེན་དགོན་གྱི་དཔོན་སློབ་རིན་པོ་ཆེ་རྒྱལ་བ་བསྟན་འཛིན་མཆོག་དབུས་པའི་དགེ་བཤེས་དང་སློབ་གཉེར་བ་ལྔ་བཅུ་ཡས་མས་ཕེབས་ནས་ཕྱི་དྲོ་ཕྱག་ཚོད་ལྔ་དང་ཕྱེད་ཀའི་བར་དུ་བཀའ་རམས་པ་ཁོང་རྣམ་པ་གསུམ་དངོས་གཞིའི་དམ་བཅའ་རུ་བཞུགས་ཏེ་འདི་གའི་དགེ་བཤེས་དང་སློབ་གཉེར་པ་རྣམས་དང་། ཁྱུང་པོ་སྟེང་ཆེན་དགོན་གྱི་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམས་ཀྱིས་རྫོགས་པ་ཆེན་པོ། སྔགས་ཕྱི་ནང་། འདུལ་བ། མཛོད། དབུ་མ་སོགས་ནས་མཚན་ཉིད་རིག་པའི་རྩོད་གླེང་དཔྱིས་ཕྱིན་པ་གནང་།

1555595671118586.jpg

   དེ་བཞིན་ཚེས་ ༦ ཉིན་སྔར་ལྟར་བཀའ་རམས་པ་མང་ལ་དྲང་སྲོང་ཚངས་སྲས་བློ་གྲོས་རྒྱལ་མཚན་དང་། བཀའ་རམས་པ་ཁྱུང་སེར་དྲང་སྲོང་ཡོན་ཏན་མཁྱེན་རབ་མཐར་ཕྱིན། བཀའ་རམས་པ་སྟག་ཤམ་དྲང་སྲོང་ཚེ་དབང་བློ་གསལ་རྒྱལ་མཚན་རྣམ་པས་དམ་བཅའ་གོང་འོག་རིམ་བཞིན་ངག་རྒྱུགས་ཕུལ། དྲོ་གཞུང་ཕྱག་ཚོད་དང་པོ་དང་ཕྱེད་ཀའི་སྟེང་དུ་མཐོང་གྲོལ་རི་ཁྲོད་དགོན་གྱི་དཔོན་སློབ་རིན་པོ་ཆེ་བློ་གྲོས་རབ་གསལ་མཆོག་དབུས་པའི་དགེ་བཤེས་དང་སློབ་གཉེར་བ་སུམ་ཅུ་ལ་ཉེ་བ་ཞིག་ཕེབས་ནས་ཕྱི་དྲོ་ཕྱག་ཚོད་ལྔ་དང་ཕྱེད་ཀའི་བར་དུ་བཀའ་རམས་པ་ཁོང་རྣམ་པ་གསུམ་དངོས་གཞིའི་དམ་བཅའ་རུ་བཞུགས་ཏེ་འདི་གའི་དགེ་བཤེས་དང་སློབ་གཉེར་པ་རྣམས་དང་། མཐོང་གྲོལ་རི་ཁྲོད་དགོན་གྱི་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམས་ཀྱིས་རྫོགས་པ་ཆེན་པོ། སྔགས་ཕྱི་ནང་། འདུལ་བ། མཛོད། དབུ་མ་སོགས་ནས་མཚན་ཉིད་རིག་པའི་རྩོད་གླེང་རྒྱ་ཆེར་མཛད།

1555595672114886.jpg

   ཚེས་ ༧ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠ པའི་ཐོག་ཁྲི་འཛིན་དཔོན་སློབ་བླ་མ་དགེ་རྒན་དགེ་བཤེས་སོགས་དང་། སྐུ་མགྲོན་སྦྱིན་བདག་དད་འབངས་ལྷ་སྡེ་རྣམས་གསས་ཁང་ནང་དུ་འཛོམས་པའི་དབུས་སུ་བཀའ་རམས་པ་སྟ་ག་དྲང་སྲོང་རྣམ་དག་རིག་འཛིན་སྙིང་པོ་དང་། བཀའ་རམས་པ་ཁྱུང་པོ་དྲང་སྲོང་ཚུལ་ཁྲིམས་སངས་རྒྱས་ཕུན་ཚོགས། བཀའ་རམས་པ་འ་ཝ་དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་ལྷུན་གྲུབ་རྣམས་ཀྱིས་དམ་བཅའ་གོང་འོག་རིམ་བཞིན་ངག་རྒྱུགས་ཕུལ། དྲོ་གཞུང་ཕྱག་ཚོད་དང་པོ་དང་ཕྱེད་ཀའི་སྟེང་དུ་གཡུང་དྲུང་དཔལ་རི་དགོན་ནས་དགེ་བཤེས་ཁྲི་ལྡེ་རྣམ་རྒྱལ་མཆོག་དབུས་པའི་དགེ་སློབ་སུམ་ཅུ་ལ་ཉེ་བ་ཞིག་ཕེབས་ནས་ཕྱི་དྲོ་ཕྱག་ཚོད་ལྔ་དང་ཕྱེད་ཀའི་བར་དུ་བཀའ་རམས་པ་ཁོང་རྣམ་པ་གསུམ་དངོས་གཞིའི་དམ་བཅའ་རུ་བཞུགས་ཏེ་འདི་གའི་དགེ་བཤེས་དང་སློབ་གཉེར་པ་རྣམས་དང་། གཡུང་དྲུང་དཔལ་རི་དགོན་གྱི་སློབ་གཉེར་བ་རྣམས་ཀྱིས་རྫོགས་པ་ཆེན་པོ། སྔགས་ཕྱི་ནང་། འདུལ་བ། མཛོད། དབུ་མ། ཕར་ཕྱིན། ས་ལམ་སོགས་ནས་མཚན་ཉིད་རིག་པའི་རྩོད་གླེང་རྒྱ་ཆེན་པོ་མཛད།

1555595671315724.jpg

   ཚེས་ ༨ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠ པའི་ཐོག་ཁྲི་འཛིན་དཔོན་སློབ་བླ་མ་དགེ་རྒན་དགེ་བཤེས་སོགས་དང་། སྐུ་མགྲོན་སྦྱིན་བདག་དད་འབངས་ལྷ་སྡེ་རྣམས་སྔར་ལྟར་གསས་ཁང་ནང་དུ་འཛོམས་པའི་དབུས་སུ་བཀའ་རམས་པ་གསེར་ཤུལ་དྲང་སྲོང་བློ་གསལ་གཡུང་དྲུང་རྣམ་དག་དང་། བཀའ་རམས་པ་གོ་འཇོ་དྲང་སྲོང་ཚུལ་ཁྲིམས་ཕུན་ཚོགས་ནོར་བུ་རྣམ་གཉིས་ནས་དམ་བཅའ་གོང་འོག་རིམ་བཞིན་ངག་རྒྱུགས་ཕུལ། དྲོ་གཞུང་ཕྱག་ཚོད་དང་པོ་དང་ཕྱེད་ཀའི་སྟེང་དུ་ཁྱུང་པོ་རི་བོ་རྩེ་དྲུག་དགོན་གྱི་དཔོན་སློབ་རིན་པོ་ཆེ་བསྟན་པའི་རྒྱལ་མཚན་མཆོག་དབུས་པའི་དགེ་བཤེས་དང་སློབ་གཉེར་བ་ལྔ་བཅུ་ལ་ཉེ་བ་ཞིག་ཕེབས་ནས་ཕྱི་དྲོ་ཕྱག་ཚོད་ལྔ་དང་ཕྱེད་ཀའི་བར་དུ་བཀའ་རམས་པ་ཁོང་རྣམ་པ་གཉིས་དངོས་གཞིའི་དམ་བཅའ་རུ་བཞུགས་ཏེ་འདི་གའི་དགེ་བཤེས་དང་སློབ་གཉེར་པ་འགའ་ཞིག་དང་། རྩེ་དྲུག་དགོན་གྱི་དགེ་བཤེས་རྣམ་པ་དང་སློབ་གཉེར་བ་རྣམས་ཀྱིས་རྫོགས་པ་ཆེན་པོ། སྔགས་ཕྱི་ནང་། འདུལ་བ། མཛོད། དབུ་མ། ཕར་ཕྱིན། སོགས་ནས་མཚན་ཉིད་རིག་པའི་རྩོད་གླེང་རྒྱ་ཆེན་པོ་མཛད་དེ་དངོས་གཞིའི་དམ་བཅའ་ཆེན་མོ་མཇུག་གྲུབ།

1555595671720997.jpg

   མཛད་སྒོ་ཉིན་དགུ་པ་དགེ་བཤེས་ཁྲི་བཞེངས་མཛད་སྒོ་སྟེ། ཚེས་ ༩ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༡༠ པའི་ཐོག་ཁྲི་འཛིན་མཁྱེན་རབ་རྒྱ་མཚོ་མཆོག་དང་། དཔོན་སློབ་དགེ་རྒན་དགེ་བཤེས་སོགས་དང་། དེ་བཞིན་ཚན་པ་སྣ་ཚོགས། དགེ་བཤེས་ཕྱག་འཁྱེར་དང་། དམ་རྫས་བསྲུང་མདུད་སོགས་དང་ལྷན་དགེ་བཤེས་ཁྲི་བཞེངས་གནང་རྒྱུའི་རིག་པ་སྨྲ་བ་བཅུ་གཅིག་བཅས། དབལ་ཁྱུང་འགྲོ་འདྲེན་གསས་ཁང་ཆེན་མོའི་ནང་ཕེབས་བསུ་དང་འབྲེལ་གྲལ་ལ་འཁོད་རྗེས་སུ། དགེ་བའི་བཤེས་གཉེན་རྣམ་པ་གཙོས་རིགས་པ་སྨྲ་བའི་འདུས་གྲྭ་ཡོངས་ཀྱིས་བཀྲ་ཤིས་པའི་ཤིས་ཚིག་སྣ་ཚོགས་ཀྱིས་མཆོད་པ་ཕུལ་ཞིང་བཀྲ་ཤིས་དམ་བཅར་བཞུགས།

1555595671112665.jpg1555595671939814.jpg

   དེ་བཞིན་དད་ལྡན་རྣམ་པས་འགྱེད་དང་ཟས་སྣས་མཚོན་པའི་མཆོད་སྤྲིན་བླ་ན་མེད་པ་བཏེགས་པའི་མཐར་འདོན་པས་བརྒྱན་ཏེ་འདུ་འཚོགས་རེ་ཞིག་གྲོལ། སླར་ཡང་དུས་ཚོད་དང་པོའི་ཐོག་འཚོགས་བརྡ་དང་འབྲེལ་གཙུག་ལག་ཁང་དུ་འདུས་སྡེ་སེམས་དཔའ་རྒྱ་མཚོ་གྲལ་དུ་འཁོད་རྗེས་དཔོན་སློབ་རིན་པོ་ཆེ་ནས་མཚན་བཏགས་གསུངས་ཤིང་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་དངོས་སུ་གསོལ། ཁྲི་འཛིན་རིན་པོ་ཆེ་ནས་བསྔོ་བ་གསུངས་རྗེས་དགེ་བཤེས་རྣམ་པས་མཆོད་ཚིག་གསུངས།

1555596431615569.jpg1555595671458073.jpg

   དེ་ནས་མཁན་སློབ་དགེ་རྒན་རྣམ་པས་དགེ་བཤེས་ཕྱག་འཁྱེར་དང་། མགུལ་དར་བྱིན་མདུད་བཅས་གནང་། དགེ་བའི་བཤེས་གཉེན་རྣམ་པས་མཚན་ཉིད་ཚིག་བཀྲའི་རིམ་པ་སྙན་པའི་དབྱངས་དང་བརྗིད་པའི་འགྲོས་ཀྱིས་གསུངས་རྗེས་འདུས་སྡེ་སེམས་དཔའ་རྒྱ་མཚོ་འདུ་ཁང་ཕྱི་རོལ་དུ་ཕེབས། མཁན་རིན་པོ་ཆེས་ཁྲུས་གནང་ཞིང་།

1555596430409834.jpg

   འདུ་ཁང་བསྐོར་བ་གྲུབ་རྗེས་བཀའ་རམས་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་སྐལ་པ་བཟང་ཞེས་སྙན་པའི་རྔ་གསང་ཕྱོགས་སུ་འཁྱུད་པ་དང་འབྲེལ། དགེ་བཤེས་ཁྲི་བཞེངས་གནང་ཏེ་འདུས་སྡེ་ཡོངས་དང་། དད་ལྡན་ལྷ་འབངས་ཀྱིས་མཇལ་ཁ་ཞུས་པ་དང་བཅས་ཐེངས་འདིའི་དགེ་བཤེས་མཛད་སྒོ་གཟབ་རྒྱས་ངང་མཇུག་གྲུབ།

1555596580106443.jpg1555595670337197.jpg1555596580361553.jpg

   ཚེས་ ༡༠ ཉིན་དྲོ་གཞུང་ཕྱག་ཚོད་དང་པོའི་ཐོག་ཏུ་ཁྲི་འཛིན་བླ་མ་དང་དགེ་བཤེས་འདི་གའི་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་རྣམས་གཙོས་པའི་འདུས་སྡེ་ཡོངས་སུ་དབལ་ཁྱུང་འགྲོ་འདྲེན་གསས་ཁང་ནང་དུ་འཛོམས་ནས་སྒྲུབ་ཐོན་རྣམ་པས་མང་ཇ་དང་སྐུ་འགྱེད་སོགས་གཏོང་སྒོ་ཆེན་མོ་བཏང་ནས་བླ་མ་དང་སློབ་དཔོན་སོགས་ནས་བྱིན་མདུན་མགུལ་དར་ཕྱག་ཁྱེར་སོགས་གནང་ནས་སྒྲུབ་ཐོན་གྱི་མཛད་སྒོ་ལེགས་པར་གྲུབ་ནས་ཕྱི་དྲོ་སྒྲུབ་ཐོན་རྣམས་ཀྱིས་གཏང་རག་ཐུགས་སྤྲོ་བཏང་ནས་འདུས་སྡེ་ལྷན་རྒྱས་ཀྱིས་དེ་ལ་དགའ་བའི་དཔལ་གྱིས་རོལ།

1555596580101103.jpg1555596580126616.jpg1555596581281772.jpg

   ཚེས་ ༡༡ ཉིན་གསར་ཕེབས་དགེ་བཤེས་རྣམ་པའི་གཏང་རག་ཐུགས་སྤྲོ་ཆེན་མོ་ལ་ཉིན་གང་བོར་རོལ་མྱོང་མཛད་ནས་བཀྲ་ཤིས་བདེ་ལེགས་ངང་དུ་མཇུག་གྲུབ་པའི་གནས་བསྡུས་སུ།

1555596581132322.jpg

ཐེངས་བཞི་པའི་དགེ་བཤེས་མཛད་སྒོ་གོ་སྒྲིག་ཚོགས་ཆུང་གིས་བྲིས། 2019 - 4 - 11

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།