མདོ་སྨད་སྟག་ཞིག་དགོན་སྐབས་གསུམ་པའི་སྒྲུབ་ཐོན་མཛད་སྒོ་དང་འབྲེལ་བའི་གནས་གསར།

[ཟླ་ཚེས། 2019-03-10 14:23:21][རྩོམ་པ་པོ། དངོས་གྲུབ་འཕྲིན་ལས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

IMG_1732.JPG
 མདོ་སྨད་སྟག་ཞིག་དགོན་པའི་ཕྱིའི་ཁོར་ཡུག་གི་རྣམ་པ།

       དེ་ཡང་དུས་ཀྱི་སྒྲོན་བསྐལ་ཏེ་འདི་ཕྱིའི་ཕན་བདེའི་འབྱུང་གནས་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་རི་བོ་ཧི་མ་ཡི་གདགས་སྲིབ་ཀུན་ཏུ་རིམ་པར་དར་ཞིང་གདུལ་བྱ་འགྲོ་བ་སོ་སོའི་ཁམས་དང་མོས་ཕྱོགས་ལྟར་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ་ཞེས་སངས་རྒྱས་གཡུང་དྲུང་གི་བོན་རིན་པོ་ཆེ་སྒོ་གསུམ་གྱི་གསོས་སྨན་དུ་བསྟེན་ཞིང་དུས་དེ་ནས་བཟུང་བྱམས་ལྡན་གདོང་དམར་བ་ཞེས་པའི་མཚན་གྱི་ཅོད་པན་ཐོགས། དེ་ནས་རིམ་བཞིན་གཉན་འཕྲང་གི་ལོ་ཟླའི་གོམ་པ་རིམ་གྱིས་བརྒྱུད་དེ་དུས་རབས་ཉེར་གཅིག་ཅེས་པའི་ཤེས་རིག་གི་དུས་ཚིགས་དེར་སླེབས། དུས་མཚུངས་སུ་བསླུ་མེད་ལས་སྨོན་བདེན་པའི་སྟོབས་ཤུགས་སམ་བསླབ་གསུམ་བསྟན་པའི་རྒྱན་མཆོག་སྤྲུལ་སྐུ་ཀུན་བཟང་བློ་གསལ་དང་། སྤྲུལ་སྐུ་ཡེ་ཤེས་ཉི་མ། མཁན་པོ་ཕྲིན་ལས་འོད་ཟེར་སོགས་བླ་གྲྭ་སྡེ་དགོན་ཐུན་མོང་ནས་མཐུན་སྒྲིལ་དཔུང་པ་མཉམ་གཤིབས། རེ་བའི་འདུན་མ་གཅིག་མཐུན་གྱིས་བསྟན་པའི་སྲོག་ཤིང་འཆད་ཉན་སྒོམ་སྒྲུབ་ཀྱི་བྱ་བ་གཙོར་འཛིན་གནང་སྟེཉམས་རྟོག་ཡེ་ཤེས་འབར་བའི་གླིངཞེས་པའི་སྒྲུབ་གྲྭ་བཙུགས་ཤིང་ཀུན་མཁྱེན་ཤར་རྫ་པའི་བཀའ་སྲོལ་ལྟར་ལོ་བཞིའི་རིང་བཅད་རྒྱར་གནང་སྟེ་ད་ལྟའི་ཆར་སྒྲུབ་ཐེངས་བཞི་པ་དབུ་འཛུགས་ཀྱི་སྐལ་བཟང་ཤར་ཡོད། ལོ་ཟླ་དེ་དག་གི་རིང་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ་མ་དགེ་རྒན་དུ་བསྟེན་ཞིང་ཀུན་མཁྱེན་བླ་མའི་མཛོད་ཆེན་སྡེ་ལྔ་གཙོར་བཟུང་གིས་མདོ་སྔགས་རིག་གནས་དང་བཅས་པ་ལ་གང་འཚམ་གྱིས་འཆད་ཉན་སྒོམ་སྒྲུབ་གནང་ཞིང་ད་སྔོན་སྒྲུབ་ཐོན་པ་ཉི་ཤུ་ཡར་འཕེལ་ཞིག་གསོ་སྐྱོང་ཐུབ་པར་བྱུང་ཡོད།

IMG_1733.JPG
སྐབས་གསུམ་པའི་སྒྲུབ་གྲྭའི་དགེ་སློབ་མཉམ་པར།

      སྐབས་གསུམ་པའི་གྲུབ་གྲྭ་སྟེ་སྤྱི་ལོ་༢༠༡༥ཟླ་༣ཚེས་༩བོད་ཤིང་མོ་ལུག་གི་ཧོར་ཟླ་༡ཚེས་༡༨ཉི་མ་མེ་བཞིའི་འགྲུབ་སྦྱོར་ཉིན་དབུ་བཙུགས་ཏེ་ལོ་བཞི་ཡི་རིང་ཕྱིའི་བཅའ་ར་སྒྲིག་གཞི། ནང་གི་ཁྲིད་ལུང་དབང་གསུམ། ཐུན་སྒོམ་ཉམས་ལེན། བཅའ་འདོན་གྱེར་དབྱངས། འབུད་དཀྲོལ་རྡུང་གསུམ་དང་། མ་ཚད་དེའི་རིང་གསོལ་ཟས་འཚོལ་སྒྲུབ། ཁོར་ཡུག་རྟེན་བཞེངས། སྦྱོང་གྲྭ་བ་རྣམས་ལ་ཡི་གེ་བསླབ་རྒྱུ། ཐ་ན་འདུས་སྤྱིའི་ཞལ་ལག་གཡོ་སྦྱོར་ལ་སོགས་མཁན་རིན་པོ་ཆེ་ཕྲིན་ལས་འོད་ཟེར་ལགས་ཀྱིས་གཙོ་འགན་བཞེས་ཤིང་ཞལ་བཀོད་དང་བཀའ་དྲིན་བླ་མེད་སྐྱོང་གནང་བ་རེད། དེ་བཞིན་ཐེངས་འདིའི་སྒྲུབ་ཐོན་པ་བསོད་ནམས་གཡུང་དྲུང། བསོད་ནམས་ལྷུན་གྲུབ། ཚེ་དབང་ཕྲིན་ལས། བསྟན་འཛིན་རྒྱ་མཚོ། བཤད་སྒྲུབ་ཕུན་ཚོགས། སངས་རྒྱས་བསྟན་འཛིན། བསྟན་འཛིན་ལྷུན་གྲུབ། རིན་ཆེན་ཕུན་ཚོགས་བཅས་རྣམ་པ་བརྒྱད་ཀྱིས་མི་ལོ་བཞི་ཡི་རིང་མཁན་རིན་པོ་ཆེ་ཕྲིན་ལས་འོད་ཟེར་ལགས་ཀྱི་བཀའ་དགོངས་འོག་ཐུན་སྒོམ་ཉམས་ལེན། སྔོན་འགྲོ་བསགས་སྦྱོང་། ཆོ་ག་ཕྱག་ལེན། འབུད་རྡུང་དཀྲོལ་གསུམ། ན་བཟའ་གསོལ་སྟངས་ལ་སོགས་ཚུལ་ལྡན་གྱི་བཙུན་པ་ཞིག་ལ་དགོས་ངེས་ཀྱི་ཡོན་ཏན་ཐམས་ཅད་གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་གཅིག་ནས་གཉིས་སོ་སོའི་སེམས་ལ་འཇགས་ཐབས་དང་གཤིས་ལ་གོམས་ཐབས་སོགས་ཚུལ་བཞིན་གནང་སྟེ་མཐར་སྤྱི་ལོ། ༢༠༡༩/༢/༢༧ བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་ལོའི་ཟླ་བ་དང་པོ་སྔོན་མའི་ཚེས་༢༣ ལྷག་པ་ལྷ་མཚམས་འགྲུབ་སྦྱོར་ཉིན་སྤྲུལ་སྐུ་རིན་པོ་ཆེ་ཀུན་བཟང་བློ་གསལ་དང་། སྤྲུལ་སྐུ་རིན་པོ་ཆེ་ཡེ་ཤེས་ཉི་མ། མཁན་རིན་པོ་ཆེ་ཕྲིན་ལས་འོད་ཟེར་སོགས་བླ་གྲྭ་མཉམ་འཛོམས་ངང་སྒྲུབ་ཐོན་པ་རྣམ་པ་ལ་བཀྲ་ཤིས་རྟེན་འབྲེལ་དུ་རྟེན་གསུམ་དང་སྐུ་འགྱེད་མགུལ་དར་ཕུལ་བ་བཅས་སྐབས་གསུམ་པའི་སྒྲུབ་ཐོན་མཛད་སྒོ་ཟབ་རྒྱས་ངང་སྤེལ།

1552199175269508.jpg1552199175137693.jpg1552199175189296.jpg
སྐབས་གསུམ་པའི་སྒྲུབ་ཐོན་ལས་གྲྭ་སར་ཕེབས་མཁན་གྱི་མཉམ་པར།

         ཀུན་འབུམ་གོ་འབྱེད་ལས། རིག་པའི་གནས་ལྔ་མ་སྦྱོང་ན། །ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །སྒོ་འགག་དབང་པོས་མཐོང་བ་མིན། །ཞེས་གསུངས་པ་ལྟར་གོང་གི་བླ་སྤྲུལ་མཁན་གསུམ་གྱི་བཀའ་དགོང་བཞིན་སྐབས་གསུམ་པའི་སྒྲུབ་ཐོན་པ་བསོད་ནམས་གཡུང་དྲུང། བསོད་ནམས་ལྷུན་གྲུབ། ཚེ་དབང་ཕྲིན་ལས། བསྟན་འཛིན་རྒྱ་མཚོ། སངས་རྒྱས་བསྟན་འཛིན། བསྟན་འཛིན་ལྷུན་གྲུབ། རིན་ཆེན་ཕུན་ཚོགས་རྣམ་པ་བདུན་ཀུན་མཁྱེན་ཤར་རྫ་པའི་གདན་སར་ཕེབས་ཤིང་རིན་ཆེན་ཕུན་ཚོགས་དང་བསྟན་འཛིན་ལྷུན་གྲུབ་གཉིས་སྒྲུབ་གྲྭ་དང་གཞན་ལྔ་བཤད་གྲྭར་མཉམ་ཞུགས་གནང་ཡོད།

IMG_1737.JPG
སྐབས་གསུམ་པ་དང་བཞི་པའི་དགེ་སློབ་མཉམ་པར།

       དུས་མཚུངས་སུ་༢༠༡༩/༢/༢༧ བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་ལོའི་ཟླ་བ་དང་པོ་སྔོན་མའི་ཚེས་༢༣ ལྷག་པ་ལྷ་མཚམས་འགྲུབ་སྦྱོར་ཉིན་བླ་སྤྲུལ་མཁན་གསུམ་དབུ་བཞུགས་ཐོག་གསར་རྙིང་གི་སྒྲུབ་ཐོན་པ་ཡོངས་དང་། གྲྭ་ཚང་ཐུན་མོང་དགྱེས་འཛོམས་ངང་བླ་མེད་སྤྲིན་གྱི་ཚོགས་མཆོད་རྒྱས་འབུལ་བཅས་སྐབས་བཞི་པའི་གྲུབ་གྲྭ་དབུ་འཛུག་གནང་ཤིང་གསར་ཞུགས་སྒྲུབ་གྲྭ་བ་རྣམ་པ་ལ་མགུལ་དར་དང་ཡི་རངས་ཀྱི་མེ་ཏོག་གཏོར། དེ་བཞིན་གསར་རྙིང་གི་སྒྲུབ་ཐོན་དང་གྲྭ་ཚང་རྣམ་པ་ཀུན་གྱིས་ཐུགས་མཐུན་ཁྲིམས་བཙུན་ངང་། སྒྲུབ་པ་ཉམས་ལེན། རིག་གནས་སློབ་སྦྱོང་། བསྟན་པ་བཞེངས་བསྐྲུན་སོགས་ལྷག་བསམ་རྣམ་དག་གིས་སྒྲུབ་དགོས་ཚུལ་གྱི་སྐོར་ནས་བླ་སྤྲུལ་མཁན་གསུམ་གྱིས་བཀའ་སློབ་ཟབ་རྒྱས་བསྩལ། མཐར་མང་འདུས་སེམས་དཔའ་རྒྱ་མཚོ་ཡོངས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གྱེར་ཞིང་མཛད་སྒོ་དེ་ཉིད་མཇུག་ལེགས་པར་གྲུབ་པ་བཅས་སོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།