གཡུང་དྲུང་བོན་གྱི་མི་སྣ་གསོ་སྐྱོང་བྱེད་ཚུལ།

[ཟླ་ཚེས། 2018-10-06 21:05:45][རྩོམ་པ་པོ། ཤར་དྲུང་མུ་ཧ་ར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

68282888888888.jpg

འོ་ལགས་སོ།

དེ་རིང་བཀྲ་ཤིས་དུས་འཛོམས་ཀྱི་ཉིན་མོ་འདི་ལ།

ཚོགས་པ་འདིའི་ཐོག་ལ་ཕེབས་པའི་གོང་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་མ་ཚད་དེ་འོག་གི་སྐྱ་སེར་རིས་སུ་མ་ཆད་པ་ཁྱེད་རྣམ་པས་དཀའ་མོའི་ཚགས་དང་དཀོན་པོའི་རྒྱུ་གང་ལའང་མ་འཛེམ་པར་བསམ་པ་བཟང་པོ་དར། ལྷག་བསམ་བཟང་པོ་དུང་ལྟ་བུ་ཁུར་ནས་སྐུ་ལྗིད་མོས་ཡང་མོ་དང་ཐུགས་བྲེལ་མོས་དལ་མོ་བྱས་ནས་ཞལ་འཛུམ་མདངས་དང་བཅས་ཕེབས་པ་ལ་ངས་འདི་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

དེ་དང་ཆ་གཅིག་ཏུ་ད་དེ་རིངཁྱེད་རྣམ་པའི་བསམ་བློ་བརྗེ་རིས་དང་། ལྟ་བ་བགྲོ་གླེང་། ནུས་ཤུགས་མཉམ་འདོན་གྱི་སྐོར་ནས་བགྲོ་གླེང་མང་པོ་བྱས་སོང་། དེ་དང་བསྟུན་ནས་རང་གི་སྐད་ཆ་ཁ་ཤས་ཤིག་བཤད་རྒྱུ་ཡིན། རང་གི་བསམ་ཕྱོགས་དང་ལས་ཕྱོགས་གཉིས་ནས་བསམ་ཕྱོགས་སྐོར་ཡིན་ལགས། འདི་ཡི་ཁ་བྱང་ལ་སངས་རྒྱས་ཀྱི་བསྟན་པའམ་«གཡུང་དྲུང་བོན་གྱི་མི་སྣ་གསོ་སྐྱོང་བྱེད་པ»ཟེར་ནས་བཏགས་ཡོད། དེ་ཡིན་དུས་དང་པོ་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་སྲོལ་གཏོད་པ་པོ་སུ་རེད་ཟེར་ན། སངས་རྒྱས་སྟོང་གི་ཐུ་བོ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཆེ་དེ་རེད། བསྟན་པ་འདི་ཡང་བྱུང་ཡུལ་གྱི་ཁུངས་བཙུན་ལ་ལོ་རྒྱུས་ཀྱི་ཕུགས་ཐག་རིང་བ་ཞིག་ཡིན་ན་ཡང་དུས་ཀྱི་འཕོ་འགྱུར་དང་གྲུབ་མཐའི་ཆགས་སྡང་གིས་དར་ནུབ་མང་པོ་ཞིག་བྱུང་བ་རེད། རེད་དེ་གྲུབ་ཆེན་གོང་མ་དག་གིས་དཀའ་སྡུག་མང་པོ་ཞིག་གི་ཁྲོད་ནས་རང་ཚུགས་བཟུང་རང་བསྟན་སྐྱོང་ནས་ད་ལྟ་མཇལ་རྒྱུ་ཡོད་པ་འདི་རེད། མདོར་ན་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གཏང་དགོས་ན། མི་སྣ་ག་འདྲ་གསོ་སྐྱོང་བྱེད་དགོས་རེད་ཟེར་ན།

སྐྱེས་པ་དང་བུད་མེད་གཉིས་ཀ་དགོས་རེད་ཟེར་ནས་བཤད་རྒྱུ་ཡིན། དང་པོ་སྐྱེས་པའི་བསྐོར་ནས་བཤད་རྒྱུ་ཡིན། སྤྲུལ་སྐུ་དང་གདུང་རྒྱུད་པ། རབ་བྱུང་བ་དང་སྔགས་པ། སེར་མོ་བ་རྣམས་རེད། ང་ཚོ་ལ་སྤྲུལ་སྐུ་ཡང་ཡོད་དགོས་སྔ་མོ་ནས་ཡོད་རེད། སྤྲུལ་སྐུ་དྲིན་ཆེན་རྣམ་གཉིས་དང་མ་ཚད་གཏེར་སྟོན་སྤྲུལ་སྐུ་རྣམ་བཞི་སོགས་བསམ་གྱིས་མི་ཁྱབ་པ་བྱོན་ཟིན་པ་དང་ད་ལྟ་ཡིན་ན་ཅི་འདྲའི་བསྟན་འཛིན་གྱི་སྐྱེས་བུ་སྤྲུལ་སྐུ་མང་པོ་ཡོད། གདུང་རྒྱུད་པ་ཡིན་ན་བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ། ཁྱུང་པོ་དཀར་ནག་སེར་གསུམ་དང་ཞིག་པོ་བཅུ་གསུམ་སོགས་ཅི་འདྲའི་བསྟན་འཛིན་སྐྱེས་བུ་མང་པོ་བྱོན་པ་རེད། རེད་དེ་ད་ལྟའི་གནས་འབབ་ལྟ་བུ་ཡིན་ན། རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་མེད་ན་མི་འགྲིག་པ་རེད། དཔེ་དགོན་བདག་ལྟ་བུ་ཞིག་ལ་མཚོན་ན་མདོ་སྔགས་རྫོགས་གསུམ་ལ་སྦྱངས་པ་ཞིག་མེད་ན་རྩ་བ་ནས་མི་འགྲིག་པ་རེད།

དེ་ངས་ཅི་ཤེས་ཏེ། མཁས་གྲུབ་བྱེ་བའི་གཙུག་རྒྱན་དམ་པ། རྒྱུད་གསུམ་བོན་གྱི་མངའ་བདག་ཆེན་མོ། ཀུན་མཁྱེན་རྒྱལ་བ་གཉིས་པ་མཉམ་མེད་བླ་མས་གསུངས་པ་ལྟར་ན། སྦྱོང་བའི་ཤེས་རབ་ཆེ་བ། ཀུན་སློང་གི་བསམ་པ་དག་པ། གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པ་གསུམ་གསུངས་ཡོད། སྦྱོང་པའི་ཤེས་རབ་ཆེ་བ་ནི། མདོ་འབྲི་ཀློག་འདོན་གསུམ་ནས་མཐར་རྫོགས་པ་ཆེན་པོ་ལ་མ་ཐུག་གི་བར་དུ་རབ་ན་ལོ་བཅུ་གཉིས་དང་བཅུ་གསུམ། འབྲིང་ན་ལོ་བརྒྱད་དགུ། མཐའ་ན་ལོ་ལྔ་དྲུག དྲུག་བདུན་རེ་སྦྱོང་པ་བྱེད་རྒྱུ། རེད་དེ་དེས་ད་རུང་མི་འདང་བ་རེད།

གཉིས་པ་ཀུན་སློང་གི་བསམ་པ་དག་པ་ཞིག་དགོས་པ་རེད། ཀུན་སློང་གི་བསམ་པ་དག་པ་དེ་ཡང་། སྤྱིར་བསྟན་འགྲོ་དང་ཁྱད་པར་རང་གི་ཡུལ་དགོན་གཉིས་ལ་ཤ་ཚ་མཁན་ཞིག་ཡོད་དགོས། དཔེར་ན་ཕ་མས་བུ་རྒྱུད་སྐྱོང་པ་ལྟ་བུ་ཞིག་སྐྱོང་དགོས། ཁྱེད་ཀྱི་ལས་འགན་ཡང་དེ་རེད། གདུལ་ཞིང་ཡང་དེ་རེད། ཁྱེད་ཀྱི་འགན་འཁྲི་ཡང་དེ་རེད།

གསུམ་པ་གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པ་ནི། མཛངས་མོས་ལྟོ་ཚད། ཚོང་པས་ཐེག་སྟོབས། བླ་མས་བློ་ཚད་དང་བསྟུན་ནས་སྐྱོང་དགོས་པ་རེད། དཔེར་ན་དགོན་བདག་དེས། རབ་བྱུང་བ་ལྟ་བུ་ཞིག་ལ་མཚོན་ན་གྲྭ་ཆུང་ལ་སློབ་གྲྭ། སློབ་གྲྭ་དེ་ཡང་བྲིས་སློབ་འདོན་གསུམ་ཁ་ཚང་བ་ཞིག་ཡོད་དགོས་པ་དང་། གྲྭ་རྒན་ལ་སྒྲུབ་གྲྭ། སྒྲུབ་གྲྭ་ཡིན་ན་ལོ་ཡར་ངོ་ལ་འཆད་ཉན་དང་མར་ངོ་ལ་སྒོམ་སྒྲུབ་ཡོད་པ་དང་། བཤད་གྲྭ་ཡིན་ན་དགོན་པ་རེ་ལ་རེ་རེ་མེད་ན་མི་དགོས། ཁུལ་རེ་ལ་རེ་རེ་ཡོད་ན་འགྲིག་འདུག་བསམ། སྔགས་པ་དང་སེར་མོ་བ་ཞིག་ཡིན་ན། ཨ་ཁྲིད་སྔོན་དངོས་རྗེས་གསུམ་ལ་རྒྱུད་སྦྱངས་དང་བསགས་སྦྱངས་དང་། གསང་སྔགས་རྒྱུད་སྡེ་བཞི་ལ་འཆད་ཉན་དང་། སྒོམ་སྒྲུབ་སོགས་ཡོད་སའི་ས་ཆ་རེ་བཀོད་སྒྲིག་བྱེད་དགོས། མི་སྐྱ་ཕོ་མོ་འདྲ་ཡིན་ན། སློབ་གསོ་གཏང་རྒྱུ་དང་དགེ་སྡིག་བླང་དོར་མང་པོ་བཤད་ནས་རང་རང་གི་ལྷ་སྡེ་ལ་རང་རང་གི་བསྟན་པ་སྤེལ་དགོས། ལྷ་སྡེ་དེ་ཐག་རིང་ཐུང་གང་ན་ཡོད་ན་རང་རང་གི་བླ་གྲྭ་རྣམ་པས་བདག་པོ་བརྒྱག་རྒྱུ། ཁོ་ཚོ་ལ་འབུམ་དགུ་དང་འཕོ་ལུང་དངོས་གཞི་ལ་སོགས་པ་བསག་བཅུག་རྒྱུ། དེ་ལྟ་བུའི་ཁྱད་པར་གསུམ་དང་ལྡན་པའི་དགོན་བདག་དེ། སྤྲུལ་སྐུ་སྔགས་པ་གདུང་རྒྱུད་སུ་ཡིན་ན་འགྲིག་རེད། རེད་དེ་དེ་ལྟ་བུའི་ཆ་རྐྱེན་ལྡན་མཁན་མང་པོ་ཞིག་ཡོད་ན་མ་འོངས་པར་དགོན་པའི་དགོན་བདག་དེ་མ་སྲིད་པ་རྒྱལ་མོ་ལ་གདམ་བཅུག་རྒྱུ་མ་གཏོགས། མི་ཡིས་གདམ་མི་ཉེན། སྨན་རིའི་མཁན་རབས་རིམ་བྱོན་ཚང་མ་རྟགས་སྒྲིལ་འཕངས་ནས་མ་སྲིད་པ་རྒྱལ་མོས་གདམ་པ་མ་གཏོགས་མིས་བསྐོས་པ་ཞིག་གཅིག་ཀྱང་ཡོད་མ་རེད། བསྐོས་བཞག་པ་དེ་ཚོ་ཡིན་ན་འདིས་བསྟན་པ་བསྐྱངས་ཐུབ་ཡོད་མ་རེད། འདིས་བསྟན་པ་འཛིན་མ་ཐུབ་ཟེར་རྒྱུ་གཅིག་ཀྱང་ཡོད་མ་རེད། དེ་རྣམ་ཐར་ལ་ལྟོས་དང་ཤེས་གསལ་རེད། ཚང་མ་བསྟན་འཛིན་གྱི་སྐྱེས་བུ་རྐྱང་པ་བྱོན་པ་རེད། དཔེར་ན་གདུང་རྒྱུད་པ་དང་སྤྲུལ་སྐུ་འདྲ་ཡིན་ན་སྐུ་ཕྲེང་སྔོན་མ་དེས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་རྒྱུ་ཡིན་ནའང་རྗེས་མ་དེས་བྱེད་མ་ཐུབ་སོང་བ་འདྲ་བོ། སྐུ་ཕྲེང་སྔོན་མ་དེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་ཡིན་ནའང་རྗེས་མ་དེས་སྣེ་གཅིག་ཀྱང་མི་ཤེས་རྒྱུ་འདྲ་བོ་བྱུང་ན། བསྟན་པ་ལ་འཕེལ་འགྲིབ་ཆེན་པོ་འོང་པ་རེད། དེ་ཡིན་དུས་རིང་ལུགས་འཁྲུལ་མེད་རྒྱལ་བ་སྨན་རི་བ་ཟེར་ནས་གྲྭ་ཆུང་ཞིག་ཡན་ཆད་ཀྱིས་འདོན་པ་རེད། འདོན་པ་ཙམ་གྱིས་མི་ཆོག་ཀི ལག་ལེན་བསྟར་དགོས་ཀི། ལག་ལེན་བསྟར་དགོས་ན་ཅི་ལྟ་བུ་ཞིག་བསྟར་དགོས་ཟེར་ན། སྨན་རིའི་མཁན་རབས་སོ་བཞི་པ་བསྐོས་པ་ལྟར་དུ་རྟགས་སྒྲིལ་འཕེན་དགོས། འདི་ང་ཚོ་མི་གཅིག་ལ་དགའ་མི་དགའ་གང་ཡང་མ་རེད། བསྟན་པ་གཅིག་གི་ཆགས་འཇིག་ལ་ཐུག་ནས་བཤད་པ་རེད། ཚང་མས་བསམ་མནོ་རྒྱ་ཆེ་ས་ལ་བཏང་། དམིགས་ཡུལ་ཕུགས་འདུན་རིང་ས་ལ་ལྟ། ཚང་མས་སངས་རྒྱས་ཀྱི་བསྟན་པ་ལ་བསམས་ནས་དེ་ལས་དགོས། སེམས་ཅན་གྱི་བདེ་སྐྱིད་ལ་བསམས་ནས་དམིགས་ཡུལ་དེ་ཁུར་དགོས།

གཉིས་པ་བུད་མེད་ཡིན་ནའང་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉམས་སུ་ལེན་ཆོག་པ་རེད། སྐྱེས་པ་དང་གཅིག་པ་རེད། སྤོབས་པ་ཞུམ་མི་རུང་། སྟོན་པ་སངས་རྒྱས་ཞབས་བཞུགས་སྐབས་ཡིན་ན་ཕོ་གྲལ་གཡས་དང་མོ་གྲལ་གཡོན་བྱས་ནས་བཞག་པ་རེད། འདིར་གསར་བཞག་ཅིག་གཏན་ནས་མ་རེད། སྤྱིར་བཏང་ཕོ་མོ་གཉིས་ཀ་ཁྱད་ཡོད་མ་རེད། ད་ལྟ་འཛམ་བུ་གླིང་ལ་ཕྱེད་ཀ་སྐྱེས་པ་དང་ཕྱེད་ཀ་བུད་མེད་རེད། ཚང་མ་མང་ཉུང་འདྲ་མཉམ་རེད། མ་འོངས་པར་སྐྱེས་པ་དང་བུད་མེད་གཉིས་ཀས་རང་རང་ནུས་པའི་སྒོ་ནས་བསྟན་པ་འཛིན་དགོས་པ་རེད་མ་གཏོགས་གཡུང་དྲུང་བོན་གྱི་རྗེས་འཇུག་དཔེ་ཉུང་ཉུང་རེད།

ད་ལྟ་ང་ཚོའི་བསྟན་པ་འདི་ཡིན་ན་སྐད་རིགས་མང་པོ་དང་མི་རིགས་མང་པོ་ལ་སྤེལ་ཐུབ་ཡོད་མ་རེད་ཟེར་ན་ཆོག་པ་རེད། རེད་དེ་འཛམ་གླིང་མཁས་པའི་གཙུག་རྒྱན་དམ་པ་མཁས་སློབ་རྣམ་གཉིས་ཀྱི་བཀའ་དྲིན་གྱིས་སྔར་དང་མི་འདྲ་བར་འཛམ་བུ་གླིང་ལ་ཁྱབ་བསྒྲགས་ཅུང་ཙམ་སོང་ཡོད་རེད། དེ་ད་རུང་ང་ཚོས་རྒྱ་ཇེ་ཆེ་དང་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་པ་རེད། དེ་དགོས་དུས་སྐད་རིགས་མང་པོ་མ་ཤེས་ན་མི་རིགས་གཞན་ལ་བསྟན་པ་གཅིག་སྤེལ་དགོས་ན་སྤེལ་མི་ཐུབ་པ་རེད། དེ་ཚོའི་སྐད་དང་ཡི་གེ་སྦྱང་དགོས་ན་མི་ཁ་ཤས་གཅིག་གི་སྦྱོང་ན་ནུས་པ་ཆེན་པོ་ཐོན་ཟེར་ན་དཀའ་མོ་རེད། མི་མང་པོ་ལ་སྦྱོང་བཅུག་དགོས་པ་རེད། རེད་དེ་མདོར་བསྡུས་ན་སྤྱི་སྐད་ཆེན་པོ་གཉིས་ཀྱི་ནང་དུ་བསྡུ་ན་ཆོག་གི རྒྱ་ཡིག་དང་དབྱིག་ཡིག་འདི་གཉིས་རེད། འདི་ཕལ་ཆེར་ས་ག་ན་སོང་ན་ཡུལ་ག་ན་བསྡད་ན། འདི་གཉིས་མི་གོ་རྒྱུ་ཕལ་ཆེ་ཡོད་ས་མ་རེད། དེ་ཡིན་དུས་སློབ་གླིང་འདི་དང་འདི་ལྟ་བུ་ཡིན་ན། བོད་ཀྱི་སྐད་ཡིག་སྟེང་ནས་མདོ་སྔགས་སེམས་གསུམ་དེ་སྦྱོང་དགོས་པ་དེ་བཤད་མ་དགོས་པ་རེད། རེད་དེ་དེའི་ཟུར་ནས་རྒྱ་ཡིག་དང་དབྱིག་ཡིག་ཟུར་སྦྱོང་ངམ་ཆེད་སྦྱོང་བྱེད་བཅུག་རྒྱུ་དེ་རྩ་ཆེན་རེད་བསམ། སྐད་ཡིག་དེ་གཉིས་ལ་ཕུལ་དུ་ཕྱིན་པའི་མི་སྣ་ཉིས་བརྒྱ་ཙམ་ཞིག་གསོ་སྐྱོང་སྤྲད་ཐུབ་སོང་བ་ཡིན་ན་མ་འོངས་པར་རྒྱལ་ཁབ་ཉིས་བརྒྱ་ཚོད་ཅིག་ལ་གཏང་རྒྱུ་ཡིན་ན་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་འཛམ་བུ་གླིང་ལ་རྒྱ་ཇེ་ཆེ་དང་ཕུན་སུམ་ཇེ་ཚོགས་ལ་འགྲོ་རྒྱུ་རེད། རེད་མ་གཏོགས་སྐད་རིགས་གཅིག་དང་མི་རིགས་གཅིག་གི་སྟེང་ལ་ང་ཚོའི་བསྟན་པ་འདི་ཡུན་རིང་པོ་དང་རྒྱ་ཆེན་པོ་འགྲོ་ཐུབ་དགོས་ན་དཀའ་མོ་རེད། དཔེར་ན་སྔར་ཞང་ཞུང་གི་སྐད་ཡིག་གི་སྟེང་ལ་མདོ་སྔགས་སེམས་གསུམ་ཚང་མ་ཡོད་ཟེར་བ་རེད། རེད་དེ་ད་ཐར་ཐོར་ཙམ་ལས་རིག་རྒྱུ་མི་འདུག མི་རིགས་གཅིག་གི་ནང་ན་ཡང་གཡུང་དྲུང་བོན་ལ་བདག་པོ་རྒྱག་མཁན་དེ་བརྒྱ་ཆ་བརྒྱའི་ནང་ནས་བརྒྱ་ཆ་དགུ་བཅུ་ཙམ་དེ་མ་རེད།

ང་ཚོས་གཡུང་དྲུང་གི་བོན་འདི་བདག་པོ་རྒྱག་མཁན་གྱི་མི་སྣ་དེ་ཇེ་མང་ལ་གཏང་དགོས། རྒྱལ་ཁབ་མང་པོ་དང་མི་རིགས་མང་པོ་སྐད་རིགས་མང་པོ་ཞིག་ལ་སྤེལ་བ་དང་གནས་པར་བྱེད་མ་ཐུབ་ན། མ་འོངས་པ་ལ་ག་འདྲ་ཞིག་འོང་ཧ་གོ་རྒྱུ་མ་རེད། ད་ལྟ་འཛམ་བུ་གླིང་ནས་སྐད་ཡིག་གི་ཆག་འཇིག་འགྲོ་དང་འགྲོ་བཞིན་པ་རེད། མི་རིགས་གཅིག་གི་སྐད་ཡིག་དེ་གཅིག་ནུབ་སོང་རྒྱུ་ཡིན་ན་དེ་ལ་བརྟེན་པའི་མི་རིགས་དེས་རིག་གཞུང་དང་སངས་རྒྱས་ཀྱི་བསྟན་པ་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་གསུམ་ཚང་མ་འཇིག་རྒྱུ་རེད། དཔེར་བཞག་ན་སྡོང་པོ་ཞིག་གི་རྩ་བ་འགྱེལ་སོང་བ་ཡིན་ན་དེ་ལ་བརྟེན་པའི་ཡལ་ག་དང་ལོ་མ་འབྲས་བུ་དང་བཅས་པ་འཇིག་རྒྱུ་རེད། མ་འོངས་པར་ཆགས་འཇིག་ཅི་དང་ཅི་ལྟ་བུ་བྱུང་ཡང་ལོགས་གཅིག་ལ་འཇིག་བཞིན་ཡོད་ནའང་ལོགས་གཅིག་ལ་གནས་ཐུབ་པ་ཅིག་དགོས་པ་རེད། དཔེར་ན་ཡེ་ཤུ་ཆོས་ལུགས་སྤེལ་སྟངས་འདྲ་ཡིན་ན་དཔེ་ཐབས་མཁས་པ་རེད། ད་ལྟར་འཛམ་བུ་གླིང་ནས་ཆོས་ལུགས་ཀྱི་རིག་གཞུང་ཆུང་དགོས་ན་ཡེ་ཤུའི་ཆོས་ལུགས་ལས་ཆུང་ཞིག་ཡོད་མ་རེད་ཟེར་ནི། དེབ་ཆུང་ཆུང་གཅིག་ལས་ཡོད་མ་རེད་ཟེར་ཤས་འགི ཁོ་ཚོས་ཆོས་སྤེལ་ལུགས་དེ་ཡག སྤེལ་སྟངས་དེ་མཁས་སོང་བ་རེད། མི་འཇོན་ཐང་ཅན་དང་ཐོབ་ཐང་ཅན་ཕྱུག་པོ་དེ་ཚོ་ཡི་ལག་ཏུ་སོང་ཡོད་རེད། མི་དེ་ཚོས་མི་བརྒྱ་སྟོང་མང་པོ་ཁ་ལོ་བསྒྱུར་བ་རེད། ང་ཚོའི་བསྟན་པ་ཡིན་ན་ཐབས་མཁས་པའི་སྒོ་ནས་སྤེལ་རྒྱུ་དེ་རྩ་ཆེན་པོ་རེད། གཞུང་ལུགས་ཤིག་ཆེ་དགོས་ན་སངས་རྒྱས་བསྟན་པའམ་གཡུང་དྲུང་བོན་བས་ཆེ་ཞིག་ཡོད་དཀའ་རྒྱུ་རེད། དར་ཁྱབ་ཆུང་དགོས་ན་གཡུང་དྲུང་གི་བོན་བས་དར་ཁྱབ་ཆུང་ཞིག་ཡོད་རབས་མེད། དེ་དར་ནུབ་མང་པོ་བྱུང་དང་ཆགས་འཇིག་མང་པོ་བྱུང་བས་ཡིན་ན་ཐང་། སྤེལ་སྟངས་ཐབས་མ་མཁས་སོང་བ་ཡིན་ན་ཡང་ཐང་། མ་འོངས་པ་ལ་ཐབས་མཁས་པའི་སྒོ་ནས་བསྟན་པ་སྤེལ་རྒྱུ་དང་འཛམ་བུ་གླིང་དུ་ང་ཚོའི་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཁྱབ་བསྒྲགས་གཏང་དགོས། དེ་གཏང་དགོས་ན་གོང་ནས་ཞུས་པ་ལྟར་དུ་མི་རིགས་མང་པོའི་སྐད་ཡིག་ཤེས་རྒྱུ་དེ་རྩ་ཆེན་རེད། དཔེར་ན་ང་ཚོ་ད་སྔོན་རྒྱབ་ཁབ་མང་པོ་ཞིག་དང་མི་རིགས་མང་པོ་ཞིག་ལ་བརྒྱུད་ནས་བསྟན་པ་སྤེལ་བསམ་རྒྱུའི་བསམ་བློ་མེད་པ་འདི་ནད་ཅི་ཞིག་ན་སོང་བ་རེད། སྐད་རིགས་མ་ཤེས་པའི་སྐྱོན་རེད། ས་ཆ་དེར་འགྲོ་བསམ་རྒྱུ་དང་བསྟན་པ་སྤེལ་བསམ་རྒྱུའི་བསམ་མནོ་སྐྱེ་ཕོད་ཡོད་མ་རེད། དཔེར་བཞག་ན་མི་ནམ་མཁར་འཕུར་མི་དྲན་རྒྱུ་དེ། གཤོག་པ་མེད་པ་ལ་བརྟེན་ནས་འཕུར་མི་དྲན་པ་རེད། བྱ་ནམ་མཁར་འཕུར་འདོད་པ་དེ་གཤོག་པ་ཡོད་པ་ལ་བརྟེན་ནས་འཕུར་བ་རེད། དཔེ་དེའི་ནང་བཞིན་དུ་ང་ཚོ་ཡང་མི་རིགས་གཞན་དང་རྒྱལ་ཁབ་གཞན་དུ་འགྲོ་མ་འདོད་པ་དང་བསྟན་པ་སྤེལ་མི་བསམ་རྒྱུ་དེ་སྐད་དང་ཡི་གེ་མ་ཤེས་པའི་སྐྱོན་རེད། དེ་ཡིན་དུས་ང་ཚོ་ཚང་མ་ལ་སེམས་ནང་དུ་སྤོབས་པ་ཡོད་དགོས་འཆར་གཞི་ཡོད་དགོས། ས་ག་ན་སོང་ན་ཡུལ་ག་ན་བསྡད་ན་རང་ཚུགས་བརྟན་པོ་གཟུང་དགོས། རང་བསྟན་རང་གིས་སྤེལ་དགོས། ང་བོན་པོ་ཡིན་ཟེར་དགོས། ད་མདོར་བསྡུ་ན་སྐྱ་སེར་རིས་སུ་མ་ཆད་པར་ང་ཚོ་ཚང་མས་བསམ་མནོ་གཅིག་ལ་གཏོང་དགོས། དམིགས་ཡུལ་གཅིག་ཏུ་གཟུང་དགོས། ང་ཚང་ལ་མཐུན་སྒྲིལ་ཡོད་དགོས། མཐུན་སྒྲིལ་མེད་ན་དོན་ཆེན་མི་འགྲུབ། སྙིང་རུས་མེད་ན་མཁས་པ་མི་འགྱུར་གསུངས་པ་ལྟར་དུ་རང་ཅག་ཚང་མས་མཐུན་སྒྲིལ་བྱེད་རྒྱུ་འདི་གཙོ་ཆེ། མཐུན་པའི་ལག་གདང་གཅིག་ཏུ་བསྒྲིལ་ནས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་འདི་འཛམ་བུ་གླིང་ལ་ཁྱབ་སྤེལ་གཏོང་དགོས། འཛམ་བུ་གླིང་གི་མི་ཚང་མའི་སེམས་ནང་ལ་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་སྤེལ་ཐུབ་དགོས། སྤེལ་ཐུབ་པའི་སྨོན་འདུན་དང་མཉམ་དུ་མཚམས་བསྡུ་རྒྱུ་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།