སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པའི་གདུང་མཆོད་ཞུགས་འབུལ་གྱི་གནས་ཚུལ།

[ཟླ་ཚེས། 2018-09-04 11:01:10][རྩོམ་པ་པོ། རླབས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 微信图片_20180903225521.jpg

༄༅། །ཨེ་མ་ཧོ། བོན་བརྒྱའི་རིགས་སྣང་མགོན་པོ་སྤྱི་དཔལ་རྗེ།།

དགེ༵་ལེག༵ས་གཞུང་བརྒྱ་སྨྲ་དབང་པཎྜི་ཏ།།

ལྷུ༵ན་གྲུ༵བ་རིག་སྟོང་རང་གྲོལ་ལས་རབ་རྩལ།།

རྒྱ༵་མཚོ༵་ཡེ་ཤེས་མཛོད་འཛིན་གསོལ་བ་འདེབས།།

ཁྱེད་ཐུགས་ཀ་དག་ཀློང་དུ་དེངས་ན་ཡང་།།

གཞན་སྣང་རོལ་བ་འགག་པ་མ་མཆིས་པས།།

སྙིགས་མའི་བསྟན་འགྲོ་རྗེས་འཛིན་དགོངས་བསྐྱེད་ལས།།

ཞིང་འདིར་ཡང་སྤྲུལ་མྱུར་དུ་འབྱོན་པར་གསོལ།།

ཞེས་སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་དགོངས་པ་ཞི་དབྱིངས་སུ་གཤེགས་སྐབས་ཁོང་གི་དངོས་སློབ་བླ་སྤྲུལ་མཁན་གསུམ་གཙོས་འདུས་པ་ཡོངས་ཀྱིས་གསུང་བསྐུལ་ངོར་སློབ་བུ་ཨ་འཇིགས་ཀྱིས་གདུང་མདུན་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་ཕུལ་བའོ།། 

微信图片_20180903225534.jpg微信图片_20180903225442.jpg

མཁས་དང་གྲུབ་པའི་དབང་པོ་ཞྭ་དཀར་བོན་གྱི་གསལ་བྱེད་མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་༧སྐྱབས་རྗེ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ཧོར་ཟླ་༧པའི་ཚེས་༦གི་དགོང་མོའི་ཆུ་ཚོད་༡༡གི་སྟེང་། གདུལ་བྱ་འགྲོ་བ་ཀུན་གྱི་ལས་དང་བསོད་ནམས་ཀྱིས་མ་ཐེག་པ་དང་མི་རྟག་རྟག་ཏུ་རེ་བའི་སྐྱེ་འགྲོ་རྣམས་འཁོར་བ་ལ་སུན་དབྱུང་བའི་ཕྱིར་དུ་རེ་ཞིག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནས་ཞིང་ཁམས་དང་གདུལ་བྱ་གཞན་གྱི་དོན་ལ་དམིགས་ནས་སྐུ་ཞི་བར་གཤེགས་སོང་།

 微信图片_20180903225351.jpg微信图片_20180904001949.jpg

དེ་ནས་བཟུང་ཉིན་བདུན་གྱི་རིང་ལ་བླ་མ་ཁོང་གི་སྲས་ཀྱི་ཐུ་བོར་གྱུར་བ་ཤར་རྫའི་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་དང་། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ། བྱང་སྟོན་ནམ་མཁའ་དྲི་མེད་ཉི་མ་སོགས་སྐྱབས་རྗེ་ཁོང་གི་ཐུགས་ཀྱི་བུ་སློབ་བླ་སྤྲུལ་མཁན་གསུམ་གང་མང་ཞིག་གིས་གསལ་འདེབས་ཀྱི་ཚུལ་དུ། བླ་མའི་གསོལ་འདེབས། མཛད་ཆེན་བཅུ་གཉིས་ཀྱི་བསྟོད་པ། ཚེ་དབང་བོད་ཡུལ་མ་སོགས་ཐུགས་ཡིད་གཅིག་ཏུ་འདྲེས་པའི་སྒོ་ནས་གནད་དུ་སྨིན་པར་དམིགས་ནས་རྣམ་དཀར་དགེ་བའི་ལས་དང་མ་བྲལ་བའི་ངང་ནས་བླ་མ་རིན་པོ་ཆེ་ཚང་གི་དགོངས་བཞེད་ཇི་བཞིན་དུ་གསང་རྒྱ་དམ་པོར་བསྲུང་།

微信图片_20180903225539.jpg微信图片_20180903225530.jpg

ཧོར་ཟླ་༧པའི་༡༢ཉིན་གྱི་ཞོགས་པ་ནས་བཟུང་གསང་རྒྱ་གྲོལ་ཏེ་དད་ལྡན་བོན་འབངས་ཡོངས་ལ་སྐྱབས་རྗེ་ཁོང་སྐུ་ཞི་བར་གཤེགས་པའི་གནས་ཚུལ་ཁྱབ་བསྒྲགས་མཛད་ནས་ཀུན་གྱིས་སྡིག་སྤོང་དགེ་སྒྲུབ་དང་ཚོགས་བསགས་ཉམས་ལེན་གྱི་རིམ་པ་ལ་འབད་དགོས་པའི་བརྡ་ཁྱབ་སྤེལ་བ་དང་འབྲེལ། ཉིན་དྲུག་གི་རིང་ལ་ཕྱོགས་ཡོངས་ནས་དམ་པ་ཁོང་གི་བུ་སློབ་དུ་གྱུར་མྱོང་བའི་བླ་སྤྲུལ་མཁན་གསུམ་དང་ཁོང་གི་གདུལ་བྱར་གྱུར་བའི་སེར་སྐྱ་ཕོ་མོ་བགྲང་གིས་མི་ལངས་པ་དག་དད་གདུང་སྐྱོ་གསུམ་གྱི་ཞུམ་པའི་སེམས་དང་བཅས་ཏེ་རྒྱུན་ཆད་མེད་པར་བླ་མ་རིན་པོ་ཆེ་ཚང་གི་གདུང་ལ་མཇལ་དུ་ཡོང་།

微信图片_20180903223841.jpg微信图片_20180903225421.jpg 

ཉིན་དེ་དག་གི་རིང་ལ་སྐྱབས་རྗེ་སྨྲ་བའི་སེང་གེ་སྣང་སྟོན་སྐལ་བཟང་བློ་གྲོས་མཆོག་དང་། གཤེན་གྱི་དྲང་སྲོང་ཆེན་པོ་སྐྱང་སྤྲུལ་དྲི་མེད་འོད་ཟེར། དགའ་མལ་དགོན་པའི་དབུ་བླ་ཁྱུང་ཚ་བསྟན་པ་གོང་འཕེལ། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས། སྣང་ཞིག་བྱ་འཕུར་ཀུན་བཟང་རྒྱལ་མཚན། ཀོ་དགོན་མཁན་པོ་ཚུལ་ཁྲིམས་དགེ་ལེགས། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ། དབྲ་སྤྲུལ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ། གདོང་ལི་ཚང་བསྟན་པ་རབ་རྒྱས། སྤྲུལ་འཆི་མེད་གཡུང་དྲུང་། དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་སོགས་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བླ་སྤྲུལ་མང་པོ་དང་མཚོ་སྔོན་ཉེ་གནས་ཀྱི་བླ་སྤྲུལ་རྣམས་ཀྱིས་བླ་མ་རིན་པོ་ཆེར་དགོངས་རྫོགས་ཀྱི་མཆོད་པ་སྣ་ཚོགས་དངོས་སུ་འབྱོར་དང་བློ་ཡིས་སྤྲུལ་ཏེ་འཁོར་གསུམ་དམིགས་མེད་ཀྱི་ངང་ནས་ཁྱབ་བདལ་ཆེན་པོར་བསྔོས་པར་མ་ཟད།  ཉིན་རེ་བཞིན་གྲྭ་ཚང་འདུས་པ་རྒྱ་མཚོས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་གཞི་བཟུང་ནས་སངས་རྒྱས་སྟོང་གི་མཚན་བརྗོད་ཅིང་། རེབ་གོང་བོན་མང་དང་། སོ་ནག་བོན་མང་། བོན་བརྒྱའི་བོན་མང་། སེ་བརྒྱའི་བོན་མང་། དོ་ཞི་བོན་མང་། ཤར་སྟེང་བོན་མང་། མག་སར་བོན་མང་སོགས་ཕྱོགས་གང་མང་ནས་ཕེབས་པའི་རིག་འཛིན་འདུས་པ་རྒྱ་མཚོས་རེས་མོས་སུ་ཤར་བཀྲ་ཤིས་སྒོ་མང་མཆོད་རྟེན་ཆེན་མོ་ནས་ཚེ་དབང་བོད་ཡུལ་མའི་ཚོགས་འཁོར་བསྐོར། 

微信图片_20180903225455.jpg微信图片_20180904003233.jpg 

ལྷ་སྡེ་སོ་སོ་ནས་ཕེབས་པའི་དགེ་བསྙེན་མ་རྣམས་ཀྱིས་ཉིན་རེ་བཞིན་བསྙུང་གནས་ཀྱི་གསོ་སྦྱོང་བླངས་ཏེ་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ལ་ཚུལ་བཞིན་དུ་གནས། དེ་བཞིན་དུ་ཕྱོགས་སོ་སོ་ནས་ཕེབས་པའི་བླ་གྲྭ་སེར་སྐྱ་ཕོ་མོ་སྟོང་ཕྲག་ལྷག་གིས་བླ་མའི་རྣལ་འབྱོར་གྱི་བཟླས་བརྗོད་དང་བཅས་གདུང་རིན་པོ་ཆེར་ཕྱག་འཚལ་བསྐོར་བ་བགྱིས་ཏེ་ཚོགས་བསགས་དགེ་སྒྲུབ་ཀྱི་ལས་ལ་བརྩོན་པར་མཛད་ནས་ལྷ་ཁང་དང་འདུ་ཁང་། མཆོད་རྟེན་དང་རྣམ་པར་རྒྱལ་བའི་ཟངས་སྐུ་སོགས་ལ་དད་ལྡན་བརྒྱ་ཕྲག་མང་པོས་མཚན་བསྐོར་བྱས་ཤིང་དང་མར་མེ་ཡི་མཆོད་པ་སྟོང་ཕྲག་མང་པོ་རྒྱུན་ཆད་མེད་པར་ཕུལ།

微信图片_20180903223852.jpg微信图片_20180903223904.jpg微信图片_20180903223900.jpg

微信图片_20180904002054.jpg微信图片_20180904002107.jpg

微信图片_20180904002117.jpg微信图片_20180904002151.jpg

བླ་མ་རིན་པོ་ཆེ་ཚང་གི་གདུང་ཞུགས་འབུལ་གྱི་སྟ་གོན་ལ་ཉིན་གསུམ་གྱི་རིང་ཁོང་ཚང་གི་དངོས་སློབ་དང་སློབ་རྒྱུན་དུ་གྱུར་བའི་ལྷ་བཟོ་བརྒྱ་ཕྲག་ལྷག་གིས་གོ་ཁྲབ་མཚོན་ཆ་སོགས་ཀྱི་ཙ་ཀ་ལི་སྟོང་ཕྲག་ལས་བརྒལ་བ་དཀར་དམར་ཚོན་གྱིས་བྲིས་ཤིང་། ཡང་ཁོང་གི་བུ་སློབ་ཏུ་གྱུར་བའི་བྲིས་པ་སུམ་ཅུ་ལྷག་གིས་སྐུ་གསུམ་མེ་ལྷ་དང་དཔའ་བོ་འབྲུ་ལྔ་སོགས་ཤག་ཏི་སྟོང་ཕྲག་ལས་བརྒལ་བ་ཞིག་ལྷ་ཤིང་ཤུག་པའི་སྟེང་ལ་བཙོ་མ་གསེར་གྱིས་ལེགས་པར་བྲིས། དད་ལྡན་ཤིང་བཟོ་དག་གིས་ཁང་བཟང་རིན་པོ་ཆེ་ལྷ་ཡི་གཞལ་ཡས་ཁང་དང་འདྲ་བ་དཔང་མཐོ་ལ་ཡིད་དུ་འོངས་པ་ཞིག་བཟོས་ཤིང་། རྡོ་བཟོ་བ་དག་གི་གདུང་ཁང་རིན་པོ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གྱི་དབྱིབས་དང་འདྲ་བ་ཞིག་ལེགས་པར་བརྩེགས། མདོར་ན་མཆོད་རྫས་ཀྱི་སྐོར་ལ་རྣམ་ལྔ་རྣམ་བརྒྱད་དང་། བསྲེག་རྫས་ཀྱི་སྐོར་ལ་དཀར་གསུམ་མངར་གསུམ་སོགས་གཙོས་གདུགས་དང་རྒྱལ་མཚན། གསེར་དངུལ་དང་གཡུ་བྱུར། སྨན་སྣ་དང་ཤིང་སྣ་སོགས་ཆོ་གའི་ཟིན་བྲིས་ཇི་བཞིན་ཡོངས་སུ་མ་ཚང་བ་མེད་པར་བྱས།

 微信图片_20180904002136.jpg微信图片_20180904002043.jpg

དེ་ནས་ཧོར་ཟླ་༧ཚེས་༡༦ནས་བཟུང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས་པའི་གཤེན་གྱི་དྲང་སོང་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་དང་ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ། ཁམས་སྡེ་དགེ་ཁྲོ་ཚང་དགོན་པའི་བྱ་རྒོད་སྤྲུལ་སྐུ་གཡུང་དྲུང་བསམ་གཏན་དང་མཁན་པོ་གཡུང་དྲུང་ཉི་རྒྱལ། གཡུང་དྲུང་རིན་ཆེན་ནམ་ཡོངས་གྲགས་སུ་ཨ་ཁུ་དྲན་པ་སོགས་དགེ་སློང་བཅུ་ཕྲག་ལྷག་གིས་ཤར་བཀྲ་ཤིས་སྒོ་མང་མཆོད་རྟེན་ནས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་གཞི་བཟུང་ནས་ཉིན་གསུམ་གྱི་རིང་ལ་སངས་རྒྱས་སྟོང་གི་མཚན་བརྗོད་ཅིང་མཐར་གདུང་ཞུགས་འབུལ་གྱི་སྦྱིན་བསྲེག་གི་གཞུང་དང་བསྒྲགས་ནས་གདུང་དངོས་སུ་ཞུགས་འབུལ་གྱི་གྲ་སྒྲིག་བྱས།

 微信图片_20180904002342.jpg微信图片_20180903225548.jpg

1536031971146308.jpgtibet28215759.jpg

微信图片_20180904002411.jpg微信图片_20180904002456.jpg

ཧོར་ཟླ་༦པའི་ཚེས༡༨ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་པའི་སྟེང་གདུང་ཞུགས་འབུལ་གྱི་དབུ་བཟུང་ནས་རྩེ་སྒྲུབ་གྲྭའི་ལྷ་ཁང་རྩ་གསུམ་ཀུན་འདུས་ཀྱི་གཞལ་ཡས་ནས་རྗེ་བླ་མ་མཆོག་གི་གདུང་རིན་པོ་ཆེ་ཁོང་གི་སྲས་ཀྱི་ཐུ་བོར་གྱུར་བ་ཤར་རྫའི་རྒྱལ་ཚབ་འཇིགས་མེད་རིག་པའི་དབང་ཕྱུག་གཙོར་མཛད་པའི་བླ་སྤྲུལ་མཁན་གསུམ་གྱིས་མདུན་བསུས་ཤིང་གྲྭ་ཚང་འདུས་པ་རྒྱ་མཚོས་ན་བཟའ་གོས་དྲུག་གསོལ་ཤིང་ཕྱག་ཏུ་གདུགས་དང་རྒྱལ་མཚན། དུང་དང་རྔ་གཤང་། འཕན་དང་དར་དཔྱང་། རྒྱ་གླིང་དང་སྦུབ་ཆིལ། མེ་ཏོག་དང་སྤོས་མེ་སོགས་ཐོགས་ནས་བསྟར་ལ་སྒྲིགས་ཏེ་དད་གུས་གདུང་གསུམ་གྱི་ངང་ནས་ཤར་ཕྱོགས་མངོན་པར་དགའ་བའི་མདུན་རིའི་རྩེར་སྤྱན་འདྲེན་བྱས་ཤིང་།  

微信图片_20180903225556.jpg微信图片_20180904002544.jpg

tibet28220314.jpg微信图片_20180904090210.jpg

ལམ་གྱི་གཡས་གཡོན་དང་གོང་འོག་བར་གསུམ་དུ་དད་ལྡན་མང་ཚོགས་ཁྲི་སྟོང་མང་པོས་དད་གདུང་འདྲེས་མའི་མཆི་མ་དང་བཅས་ཏེ་གསོལ་འདེབས་དང་མྱ་ངན་གྲངས་མེད་དང་ལྷན་དུ་སྤྱན་དྲངས་ཤིང་གདུང་ཁང་ནང་དུ་བཞུགས་སུ་གསོལ་ནས། སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་དང་ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་རིན་པོ་ཆེ། ཁམས་སྡེ་དགེ་ཁྲོ་ཚང་དགོན་པའི་བྱ་རྒོད་སྤྲུལ་སྐུ་གཡུང་དྲུང་བསམ་གཏན་དང་མཁན་པོ་གཡུང་དྲུང་ཉི་རྒྱལ། དགེ་སློང་གཡུང་དྲུང་རིན་ཆེན་སོགས་བླ་གྲྭ་བཅུ་ཕྲག་ལྷག་གིས་སྦྱིན་བསྲེག་གི་ཆོ་ག་གསུངས་དང་འབྲེལ་ཨ་ལགས་དྲི་མེད་རིན་པོ་ཆེ་ཚང་གིས་རྗེ་བླ་མའི་སྐུ་གདུང་རྒྱལ་བའི་དཀྱིལ་འཁོར་དངོས་སུ་སྐུ་གསུམ་མེ་ལྷའི་ཀློང་དུ་འཐིམ་པར་མཛད། དེ་དང་ལྷན་དུ་ངུར་སྨིག་འདུལ་བ་འཛིན་པའི་སྡེ་དང་། གསང་སྔགས་རིག་པ་འཛིན་པའི་སྡེ། དད་ལྡན་ཕོ་མོ་ཡོངས་ནས་བླ་མའི་རྣམ་འབྱོར་དང་ཚེ་དབང་སྨོན་ལམ། སྨོན་ལམ་རྣམ་གསུམ་དང་སྙིང་པོ་རྣམ་གསུམ་སོགས་དད་གདུང་གི་དབྱངས་སུ་གྱེར་ནས་ཡོངས་སུ་ཁུ་སིམ་པོར་གྱུར། དེ་ལྟར་བླ་མ་རིན་པོ་ཆེ་ཚང་གི་སྐུ་ཡི་བཀོད་པ་འབྱུང་བ་མེ་ཡི་ངང་དུ་དེངས་པར་མཛད།

微信图片_20180903225628.jpg微信图片_20180903225636.jpg 

ཧོར་ཟླ༧པའི་ཚེས་༢༣ཉིན་གྱི་ཞོགས་པའི་ཆུ་ཚོད་༨པའི་སྟེང་སྐྱང་སྟོན་རྒྱལ་བའི་དབང་པོ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་དང་བྱང་སྟོན་མཆོག་སྤྲུལ་དྲི་མེད་ཉི་མ། སྤྲུལ་སྐུ་ལྷུན་གྲུབ་དཔལ་ཆེན་རྒྱ་མཚོ། སྐུ་ཚ་བྱ་འཕུར་གཡུང་དྲུང་དབང་རྒྱལ། བོན་བློན་སྤྲུལ་སྐུ་བསྟན་པ་རབ་རྒྱས། མཁན་པོ་བསྟན་པའི་ཉི་མ། དགེ་སློང་བསྟན་པ་དར་རྒྱས། ཁྲི་ལྷ་རྗེ་བླ་མ། སྤྱི་ཚང་གཡུང་དྲུང་། བློ་གྲོས་དཔལ་ལྡན། བསྟན་འཛིན་རྣམ་རྒྱལ། ལྷུན་འགྲུབ་རྣམ་རྒྱལ། འཕྲིན་ལས་ཉི་མ། ལུང་རྟོགས་དཔལ་ལྡན་སོགས་བླ་སྤྲུལ་དགེ་སློང་བཅུ་གྲངས་ལྷག་གིས་གདུང་ཞུགས་འབུལ་གྱི་གནས་སམ་ཤར་མངོན་པར་དགའ་བའི་མདུན་རིའི་རྩེར་ཕྱག་ཕེབས་གནང་སྟེ། ཁྲོ་རྒྱལ་གོང་འོག་ནས་མཚམས་གཅོད་དང་སྒོ་དབྱེ་སོགས་ནས་ཁྲུས་ཀྱི་རིམ་པ་སོགས་ལེགས་པར་གྲུབ་རྗེས་སྔར་གྱི་གདུང་རིན་པོ་ཆེར་ཞབས་ཏོག་འབུལ་མཁན་དགེ་སློང་རྣམས་ཀྱིས་གདུང་རུས་ལེགས་པར་བསལ་བ་དང་།

微信图片_20180904002807.jpg微信图片_20180904003215.jpg 

微信图片_20180904002234.jpg微信图片_20180904002523.jpg

གྲྭ་ཚང་འདུས་སྤྱི་ནས་ཚེ་དབང་བོད་ཡུལ་མའི་གཞུང་བསྲིངས་ཏེ་སྤྱན་འདྲེན་གྱི་མཚམས་ནས་གདུགས་རྒྱལ་མཚན་དང་དུང་རྒྱ་གླིང་། རྔ་གཤང་རོལ་མོ་དང་བཅས་སེར་ཕྲེང་ལ་བསྟར་བ་དང་། དེའི་འཕྲོར་བོན་མང་རིག་འཛིན་འདུས་པ་རྒྱ་མཚོས་ཀྱང་ཞྭ་མོ་གོས་སྡོམ་དང་བཅས་པའི་སྔགས་ཆས་རྣམས་ཆ་ཚང་བར་མནབས་ཤིང་དུང་རྒྱ་གླིང་དང་རྔ་གཤང་རོལ་མོ་སོགས་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པས་སེར་ཕྲེང་གི་རིམ་པ་ལེགས་པར་བསྒྲིགས་ཤིང་། དད་ལྡན་མང་ཚོགས་ཕོ་མོ་རྒན་གཞོན་ཀུན་གྱིས་མ་ཏྲིའི་དབྱངས་དང་བཅས་སྐྱབས་རྗེ་བླ་མ་མཆོག་གི་གདུང་རུས་གདན་འདྲེན་གྱིས་ཚོགས་ཆེན་འདུ་ཁང་དུ་བསུ་མ་མཛད་ཅིང་། བླ་སྔགས་ཡོངས་ཀྱིས་མཛད་པ་བཅུ་གཉིས་དང་རྣམ་དག་འགྱུར་མེད་སོགས་གསུངས་ཞོར་ཡབ་རྗེ་བླ་མའི་གདུང་རུས་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་མཐོང་བ་དོན་ལྡན་གྱི་སྟེང་དུ་བཞུགས་སུ་གསོལ་ལོ།། 

微信图片_20180903225647.jpg

微信图片_20180904003254.jpg微信图片_20180904003320.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།