ཁྱུང་མོ་དགོན་པས་བོན་བརྒྱ་རིན་པོ་ཆེའི་གདུང་མཆོད་འབུལ་བཞིན་པ།

[ཟླ་ཚེས། 2018-08-24 17:28:47][རྩོམ་པ་པོ། སྣང་བཟའ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20180824170527.jpg

ཁྲི་ཀའི་ཁྱུང་མོང་གཡུང་དྲུང་ཕུན་ཚོགས་གླིང་དུ་༧བོན་བརྒྱ་ཐམས་ཅད་མཁྱེན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་གདུང་མཆོད་ལ་གྲྭ་བཙུན་འདུས་པ་རྒྱ་མཚོས་དྲན་པའི་འབུམ་ཚོགས་རྒྱས་འབུལ་བྱེད་བཞིན་པ།

 微信图片_20180824170533.jpg

微信图片_20180824170513.jpg

微信图片_20180824170537.jpg

微信图片_20180824170556.jpg

བོན་བརྒྱ་ཐམས་ཅད་མཁྱེན་པའི་གསོལ་འདེབས།

 

དགེ་ལེགས་རླབས་ཆེན་ཉི་འོད་དགུང་ནས་འཕྲོས།།

ལྷུན་གྲུབ་སྤྲིན་གྱི་མེ་ཏོག་ཆར་དུ་འཇོ།།

རྒྱ་མཚོ་མཐའ་ཡས་སློབ་ཚོགས་སྙིང་གི་དཔྱིད།།

བོན་བརྒྱ་ཐམས་ཅད་མཁྱེན་པར་གསོལ་བ་འདེབས།།

 

མདོ་རྒྱུད་མན་ངག་གནད་དོན་ཐུགས་རྒྱུད་འབྱོངས།།

སྔགས་དོན་གསང་ཆེན་ལྟ་བའི་སྒྱུར་ལམ་པ།།

རྫོགས་ཆེན་ཀ་དག་ལྷུན་གྲུབ་ཡེ་ནས་གྲོལ།།

བོན་བརྒྱ་དགེ་ལེགས་རྒྱ་མཚོར་གསོལ་བ་འདེབས།།

 

གངས་ཅན་མཁས་རྒུ་བྱེ་བའི་གཙུག་གི་རྒྱན།།

གཤེན་བསྟན་ཕྱོགས་མེད་སྤེལ་པའི་འཕྲིན་ལས་ཅན།།

མདོ་སྨད་བྱང་རྒྱུད་བསྟན་པའི་ཤིང་རྟ་ཆེ།།

བོན་བརྒྱ་སྨྲ་བའི་སེང་གེར་གསོལ་བ་འདེབས།།

 

ཞེས་པའང་གངས་ཅན་མཁས་མང་བྱེ་བའི་གཙུག་རྒྱན་བོན་བརྒྱ་ཐམས་ཅད་མཁྱེན་པ་རིན་པོ་ཆེ་གང་གི་གསོལ་འདེབས་ཙམ་དུ་རྒྱ་ནག་འཕོ་ཆེན་གྲོང་འཇུག་གི་བླ་རབས་ཉེར་གསུམ་པ་ཁྱུང་མོ་སྟོབས་ལྡན་དབང་ཕྱུག་ཏུ་འབོད་པས་སྒོ་གསུམ་གུས་ཕྱག་དང་བཅས་ཏེ་ཕུལ་བ་དགེ་གྱུར་ཅིག།

 微信图片_20180824170600.jpg

༄༅། །གངས་ཅན་ལྗོངས་ཀྱི་ཕ་ནོར་བོད་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་དང་རིག་གཞུང་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་སྤྱི་དང་། སྒོས་སུ་མདོ་སྨད་བྱང་རྒྱུད་ཀྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་བསྟན་པའི་བདག་ཉིད་ཆེན་མོ་མདོ་སྔགས་རྫོགས་གསུམ་ཐུན་མོང་རིག་གནས་དང་བཅས་པར་ནང་བྱན་ཆུད་པ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་བཀའ་དྲིན་དང་ཐུགས་རྗེ་གཞལ་མཐའ་བྲལ་བ་༸བོན་བརྒྱ་སྨྲ་བའི་སེང་གེ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་ཚུར་མཐོང་གདུལ་བྱའི་སྣང་ངོར་ཡེ་ཤེས་ཀྱི་དགོངས་པ་རེ་ཞིག་གཞི་ཡི་དབྱིངས་སུ་གཟིགས་ཚུལ་བསྟན་པ་ནི་ཡིད་སྐྱོ་བའི་གནས་སུ་གྱུར།

སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ལ་མཛད་རྗེས་བསམ་གྱིས་མི་ཁྱབ་པ་སྐྱེས་ཆེན་དམ་པ་ཁོང་ལྟ་བུ་ཞིག་འདི་ལྟར་ཞིང་ཁམས་གཞན་དུ་གཤེགས་པ་ནི་བོད་སྤྱི་དང་རང་རེའི་གཡུང་དྲུང་བོན་འབངས་ཡོངས་ལ་གྱོང་གུད་ཚབས་ཆེན་ཞིག་ཡིན་པ་ནི་སྨོས་མེད་དང་། ཁྱད་པར་དུ་རང་རེའི་མདོ་གམ་སྨད་ཀྱི་བོན་བསྟན་འཛིན་པ་ཀུན་ལ་བསྟན་པའི་ཀ་ཆེན་འགྱེལ་སོང་བ་དང་དགུང་གི་ཉི་མ་ནུབ་སོང་བ་ལྟ་བུའི་སྡུག་བསྔལ་བཟོད་གླགས་མེད་པ་བྱུང་བས་གདུང་སེམས་མཉམ་བསྐྱེད་ཚད་མེད་པ་ཞུ་བཞིན་ཡོད།

རྒྱལ་བའི་མཆོག་ལ་སྐྱེ་འཆི་མི་མངའ་ཡང་། །རྟག་པར་འཛིན་རྣམས་སུན་ཕྱུང་དགེ་བསྐུལ་ཕྱིར། །ཞེས་གསུངས་པ་ལྟར་རང་ཅག་གདུལ་བྱ་རྣམས་ལ་དགེ་བསྐུལ་གྱི་ཕྱིར་དུ་ཡིན་པ་ལྟར་རྗེས་འཇུག་སྤྱི་དང་ལྷ་སྡེ་མི་སྡེ་ཡོངས་ནས་གདུང་མཇལ་མཆོད་འབུལ་གྱི་དགེ་སྒྲུབ་ཚོགས་བསགས་ལ་ཅི་ནུས་ཀྱིས་འབད་འབུངས་ཞུ་ཞེས།

ཁྱུང་མོ་སྐྱེས་མིང་འཛིན་པ་སྟོབས་ལྡན་དབང་ཕྱུག་ཏུ་འབོད་པས་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་བཏེགས་པ་དགེ་གྱུར་ཅིག ༢༠༡༨།༠༧།༡༣ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།