སྐབས་གཉིས་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་གདན་ས་ཞུ་ཚང་དགོན་དུ་འཚོགས་པ།

[ཟླ་ཚེས། 2018-07-18 17:00:28][རྩོམ་པ་པོ། ཞུ་ཚང་སྐལ་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1531904554376269.jpg

   སྔོན་འཆར་ལྟར་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་རྣམས་ཀྱི་དབུ་བླ་དང་མཁན་པོ་དགེ་བཤེས།   དེ་བཞིན་ཁུལ་དེ་གའི་ལྷག་བསམ་ཅན་གྱི་མི་སྣ་རྣམ་པ་ལྷན་དུ་ཚང་འཛོམ་གྲོས་ཆོད་ཐོག ས་གནས་དེ་གའི་གཞོན་སྐྱེས་ཤེས་ཡོན་ཅན་སྐྱེད་བསྲིངས་ཀྱི་ཆེད་དང་། དེ་བཞིན་ཞང་བོད་ཤེས་རིག་གི་སྒོ་དུ་མར་དམིགས་ཏེ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་ཞེས་པའི་གྲོས་ཚོགས་འདི་བཞིན་ལོ་རེར་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་རྣམས་ལ་མཉམ་འབྲེལ་རེས་མོས་ཀྱི་སྒོ་ནས་འཚོགས་འཆར་ཡོད་པ་ལྟར། འདི་ལོར་དབང་ལྡན་ཞུ་ཡི་གདན་ས་སྤ་ཟླ་ཞུ་དགོན་སྨིན་གྲོལ་གླིང་སྡེ་དགོན་གཉིས་ཀྱིས་གྲ་སྒྲིག་ཟབ་རྒྱས་གནང་བ་དང་འབྲེལ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གོ་སྒྲིག་ཚོ་ཆུང་སྟེ། དབྲ་ཁྱུང་ཐེག་མཆོག་གྲགས་པ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ། དགེ་བཤེས་བསྟན་འཛིན་ཡེ་ཤེས། དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན། དགེ་བཤེས་དྲང་སྲོང་རྒྱལ་མཚན། ཞུ་ཚང་སྐལ་བཟང་རྒྱལ་མཚན་བཅས་ཀྱིས་སྐབས་བབ་འགན་ཁུར་དང་གོ་སྒྲིག་བརྒྱུད། སྐབས་གཉིས་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་འདི་ཉིད་གདན་ས་ཞུ་ཚང་དགོན་སྨིན་གྲོལ་གླིང་དུ་གཟབ་རྒྱས་ངང་འཚོགས་ཐུབ་པར་བྱུང་། 

1531904553121990.jpg 

    ༢༠༡༨//༡༣/ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་ཐོག་ཚོགས་ཞུགས་མི་སྣ་རྣམ་པས་རིམ་པ་བཞིན་འབྱོར་ཐོ་བཀོད་རྗེས། 

1531904552874965.jpg

   ༢༠༡༨//༡༤ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་ཏུ། ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་རྣམས་ཀྱི་འབྲེལ་ཡོད་དབུ་བླ་རྣམ་པ་དང་། སྐུ་ཚབ། གལ་ཆེའི་སྐུ་མགྲོན་རྣམ་པ་བཅས་ཚོགས་ཞུགས་ཐོག་སྐབས་གཉིས་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་དངོས་སུ་དབུ་འཛུགས་གནང་ཡོད། ཐོག་མར་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གོ་སྒྲིག་ཚོ་ཆུང་གི་ཚོགས་གཙོ་ཞུ་དགོན་སྨིན་གྲོལ་གླིང་གི་མཁན་པོ་བསྟན་འཛིན་རྣམ་རྒྱལ་མཆོག་གིས་བགྲོ་གླེང་གི་དབུ་འཛུགས་གནང་སྟེ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་ཚོགས་འདུའི་དམིགས་ཡུལ་དང་དགོངས་དོན་དྲིལ་བསྒྲགས་གནང་ཞིང་ཞིབ་ཚགས་ཀྱི་སྒོ་ནས་ཐེངས་འདིའི་མཛད་རིམ་ངོ་སྤྲོད་གནང་། 

1531904553937490.jpg

   མཚམས་དེར་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱིས་དཔྱད་གླེང་ཉིན་དང་པོའི་སྔ་དྲོའི་ཚོགས་ཐེངས་དང་པོའི་གཙོ་སྐྱོང་གནང་བ་དང་འབྲེལ། ལྷ་ས་བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་རྒན་སྒང་རུ་དར་རྒྱས་དགོན་གྱི་མཁན་པོ་དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་སྤུ་རྒྱལ་ཤེས་རིག་དཔྱད་གླེང་དང་འབྲེལ་བའི་སློབ་སྟོན་དགོངས་འཆར་ཟབ་ཅིང་རྒྱས་པ་གནང་ཡོད་པ་ལྟར་དེར་ཡོད་ཚོགས་ཞུགས་མི་སྣ་ཀུན་གྱིས་དགའ་བསུ་ཚད་མེད་ཞུས། དེ་ནས་དངོས་གཞིའི་བགྲོ་གླེང་དངོས་སུ་དབུ་འཛུགས་བྱས་ཤིང་། ཐེངས་འདིའི་བགྲོ་གླེང་གི་ནང་དོན་བཞི་རུ་ཕྱེས་པའི་ལོ་རྒྱུས་ཚན་པ་རྣམས་རིམ་པ་བཞིན་སྒྲོག་སྦྱོང་བྱས་ཡོད་པ་སྟེ། སྤུ་རྒྱལ་རིག་སློབ་ཁང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་བསྟན་འཛིན་དགེ་ལེགས་དང་། གཡམ་ཐ་བྱ་ཆེན་དགོན་པའི་བླ་མ་དགེ་བཤེས་དྲང་སྲོང་རྒྱལ་མཚན་རྣམ་གཉིས་ཀྱིས་རིམ་པ་བཞིན་སྟོན་པ་འཆི་མེད་གཙུག་ཕུད་སྐོར་དང་། གཡམ་བྲག་གཡུ་མཚོའི་སྐོར་གྱི་ངོ་སྤྲོད་དང་དཔྱད་གཏམ་སྤེལ། དེ་ནས་དགེ་བཤེས་གཡུང་དྲུང་བསྟན་པ་ལགས་ཀྱིས་སྔ་དྲོའི་ཚོགས་ཐེངས་གཉིས་པའི་གཙོ་སྐྱོང་གནང་ཐོག  ཐེངས་འདིའི་ཅོང་རི་དགོན་གྱི་སྐུ་ཚབ་སྤུ་རྒྱལ་རིག་སློབ་ཁང་གི་སློབ་གཉེར་བ་ཞུ་ཚང་སྐལ་བཟང་རྒྱལ་མཚན་དང་། དངོས་གྲུབ་ཕྲིན་ལས། གཡུང་དྲུང་མཐར་ཕྱིན་བཅས་ཀྱིས་ལོ་རྒྱུས་ཚན་པའི་ནང་དོན་ལྟར། རིམ་པ་བཞིན་བོན་དཔེ་གེ་ཁོད་བོན་སྐོར་དང་། ལོ་ངམ་རྟ་རྫི། ཁྲོ་ཚང་འབྲུག་ལྷའི་རྣམ་ཐར་སོགས་ཀྱི་སྐོར་ནས་སོ་སོའི་དཔྱད་རྩོམ་བགྲོ་གླེང་དང་དྲི་བ་དྲི་ལན་གནང་། 

 1531904554450542.jpg

   ཉིན་གུང་ཕྱག་ཚོད་བཅུ་གཉིས་ཐོག་སྦྲ་གུར་ཕུབ་པའི་རྩྭ་ཐང་ཐོག་ཉིན་གུང་གི་གསོལ་ཚིགས་རོལ་བ་དང་། ཐེངས་འདིའི་ཚོགས་ཞུགས་མི་སྣ་རྣམས་དང་ལྟད་མོ་བ་རྣམས་ཀྱིས་ཉིན་གུང་གི་བར་གསེང་དང་ལྷན་ཁུལ་དེར་ཆགས་ཡོད་པའི་སྤུ་རྒྱལ་གངས་དཀར་གྱི་ཁོར་ཡུག་དང་ཡིད་དུ་འོང་བའི་མཛེས་ལྗོངས་བཅས་ལ་གཟིགས་མོ་རོལ།

 1531904553839119.jpg

   ཉིན་གུང་ཕྱག་ཚོད་དང་པོའི་ཐོག་ཏུ་དབྲ་ཁྱུང་སྐལ་བཟང་ནོར་བུ་གཙོས་པའི་དགོན་སྡེ་རི་ཁྲོད་ཁག་གི་དབུ་བླ་རྣམ་པ་དང་། དགེ་བཤེས་བསྟན་འཛིན་རྣམ་རྒྱལ་སོགས་སྐབས་གཉིས་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་འགན་འཛིན་མི་སྣ་བཅས་ཚང་འཛོམ་ཐོག་ལོ་རྗེས་མའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་འཚོགས་སྟངས་དང་། སྐབས་བབ་ཀྱི་འགན་འཛིན་མི་སྣ་བརྗེ་ལེན་བྱེད་རྒྱུའི་སྐོར་ནས་གྲོས་མོལ་གནང་ཞིང་སྐབས་དེར་གྲོས་ཆོད་བྱུང་དོན་ལྟར། སྔར་གྱི་འགན་འཛིན་མི་སྣ་དྲུག་པོའི་ཐོག་ཏུ། བཙུན་མོའི་སྡེ་ཁག་ཤེས་ཡོན་ཅན་གཅིག་དང་། མི་སྐྱའི་སྡེ་ཁག་ནས་ཤེས་ཡོན་ཅན་གཉིས་བཅས་ཁྱོན་སྡོམ་མི་སྣ་གསུམ་ཁ་གསབ་ཏུ་གདམས་ཐོན་བྱུང་། དེ་འབྲེལ་དཔྱད་རྩོམ་ལོ་དེབ་དཔར་སྐྲུན་བྱེད་མཁན་གྱི་རྩོམ་སྒྲིག་ཚན་ཆུང་ལོགས་སུ་བགོས་ཏེ། འབྲེལ་ཡོད་དགོན་སྡེ་ཁག་ནས་ཡིན་པའི་བླ་མ་གསུམ་དང་། དགེ་བཤེས་གཉིས་བཅས་གཙོ་སྒྲིག་པ་དང་དེའི་ཁོང་མི་རུ་གདམས་ཐོན་བྱུང་། 

 1531904553677363.jpg

   དེ་ནས་ཕྱི་དྲོའི་ཚོགས་ཐེངས་དང་པོ་འགོ་འཛུགས་བྱས་པ་དང་འབྲེལ་སྤུ་ལ་ཁྱུང་ནག་དགོན་གྱི་དགེ་བཤེས་ཡེ་ཤེས་གོང་འཕེལ་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། ཁྱུང་པོ་གཡུང་དྲུང་ཕུན་ཚོགས། གཡང་ཆེན་ཕུན་ཚོགས་གཉིས་ཀྱིས་སྤུ་རྒྱལ་ཁུལ་གྱི་དམངས་སྲོལ་རིག་གནས་དང་འབྲེལ་བའི་ལོ་རྒྱུས་སྐོར་ནས་རིག་རྩོམ་བགྲོ་གླེང་གནང་། མཚམས་དེར་ལོ་རྒྱུས་ཚན་པའི་ནང་དོན་ལྟར་གྱི་བགྲོ་གླེང་རྣམས་མཇུག་གྲུབ་མཚམས། གཞུང་ལུགས་སྐོར་གྱི་དཔྱད་རྩོམ་བགྲོ་གླེང་ཟབ་ཅིང་རྒྱས་པའི་ལམ་ནས་གནང་ཡོད་པ་སྟེ། སྤ་ཟླ་ཞུ་ཚང་དགོན་གྱི་མཁན་པོ་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་དང་། སྤུ་རྒྱལ་རིག་སློབ་ཁང་གི་དགེ་རྒན་དགེ་བཤེས་གཡུང་དྲུང་ཕྲིན་ལས་རྣམ་གཉིས་ཀྱིས། རིམ་པ་བཞིན་བོན་གྱི་དཀྱིལ་འཁོར་གྱི་སྒོ་ཡི་སྐོར་དང་། ཐུགས་རྗེ་སེམས་དཔའི་སྐོར་སོགས་གཙོས་པའི་བོན་གྱི་གཞུང་ཆེན་ཁག་དང་འབྲེལ་བའི་དཔྱད་རྩོམ་བགྲོ་གླེང་དང་དྲི་བ་དྲི་ལན་གནང་།

 1531904553133463.jpg

   མཚམས་དེར་བར་གསེང་དང་སྦྲག་གསོལ་ཟས་ལ་རོལ་ཟིན་མཚམས་ཕྱི་དྲོའི་ཚོགས་ཐེངས་གཉིས་པ་འགོ་འཛུགས་བྱས་ཤིང་། རེ་ནེ་དགོན་གྱི་བླ་མ་བློ་གྲོས་རྒྱལ་མཚན་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། དངོས་གྲུབ་དང་། མཁན་མོ་ཡེ་ཤེས་བཟང་མོ། སྤུ་རྒྱལ་རིག་སློབ་ཁང་གི་སློབ་གཉེར་བ་ཡོན་ཏན་བཟང་པོ། བརྩོན་འགྲུས་རྒྱལ་མཚན། ཀོ་དགོན་བཤད་གྲྭ་བ་རྣམ་དག་ཡེ་ཤེས་བཅས་ཀྱིས། རྫོགས་ཆེན་གཞི་ཡི་སྐོར་དང་། མདོ་ལུགས་ཀྱི་ལྟ་གྲུབ་སྐོར་སོགས་གཙོས་པའི་འབྲེལ་ཡོད་བགྲོ་གླེང་དང་དྲི་བ་དྲི་ལན་གནང་ཟིན་མཚམས་ཉིན་དེའི་མཛད་རིམ་ཡོངས་སུ་མཇུག་གྲུབ། 

1531904552127008.jpg

   ༢༠༡༨//༡༥ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་ཏུ་ཉིན་གཉིས་པའི་གྲོས་ཚོགས་ཀྱི་མཛད་རིམ་སྟེ། དགེ་བཤེས་དྲང་སྲོང་རྒྱལ་མཚན་ལགས་ཀྱིས་གཙོ་སྐྱོང་གནང་ཐོག་སྤུ་རྒྱལ་རིག་སློབ་ཁང་གི་སློབ་གཉེར་བ་ལུང་རྟོགས་བསྟན་འཛིན་དང་། གཡུང་དྲུང་མི་འགྱུར་གཉིས་ཀྱིས་སྒོ་བཞི་མཛོད་ལྔ་ཉོན་མོངས་ཀྱི་གཉེན་པོ་འགྲོ་ཚུལ་དང་། ཐེག་འགྲེལ་མེ་ལོང་དགུ་སྐོར་དང་འབྲེལ་བའི་སྐོར་ནས་བགྲོ་གླེང་གནང་མཚམས་ཐེངས་འདིའི་གཞུང་ལུགས་སྐོར་གྱི་རིག་རྩོམ་གྱི་ནང་དོན་རྣམས་མཇུག་གྲུབ། དེ་རྗེས་རིག་གནས་སྡེ་ཚན་འགོ་འཛུགས་བྱས་ཤིང་སྤུ་ལ་ཁྱུང་ནག་དགོན་གྱི་དགེ་བཤེས་ཡེ་ཤེས་གོང་འཕེལ་དང་། སྟོང་སྐོར་དགེ་བཤེས་གཡུང་དྲུང་བསྟན་པ་གཉིས་ཀྱིས་བོད་ཀྱི་ཡི་གེའི་འཕེལ་རིམ་དང་། སྤུ་རྒྱལ་གངས་རི་དང་འབྲེལ་བའི་དམངས་སྲོལ་རིག་གནས་སྐོར་ནས་སོ་སོའི་དཔྱད་རྩོམ་བགྲོ་གླེང་དང་དྲི་བ་དྲི་ལན་གནང་།  ཉིན་དེའི་སྔ་དྲོའི་ཚོགས་ཐེངས་གཉིས་པའི་སྐབས་སུ། དགེ་བཤེས་གཡུང་དྲུང་ཕྲིན་ལས་ལགས་ཀྱིས་གཙོ་སྐྱོང་གནང་ཐོག ཁྲོམ་ཚང་དགོན་གྱི་དགེ་བཤེས་སྨོན་ལམ་ཚུལ་ཁྲིམས་དང་། སྐུ་འབུམ་ཉི་ཤར་དགོན་གྱི་སློབ་གཉེར་བ་ལུང་རྟོགས་གཡུང་དྲུང་གཉིས་ཀྱིས་དཔའ་བོ་འབྲུ་ལྔ་དང་འབྲེལ་བའི་འཕྲུལ་ཡིག་སྐོར་དང་། མིང་ཚིག་ཡེ་གེའི་སྐོར་སོགས་ནས་དཔྱད་རྩོམ་བགྲོ་གླེང་གནང་མཚམས་ཐེངས་འདིའི་རིག་གནས་སྡེ་ཚན་གྱི་བགྲོ་གླེང་མཇུག་གྲུབ། 

1531904552302986.jpg

    མཚམས་དེར་ལུགས་གཉིས་སློབ་གསོའི་སྐོར་གྱི་བགྲོ་གླེང་སྡེ་ཚན་ཏེ། སྤུ་རྒྱལ་རིག་སློབ་ཁང་གི་སློབ་གཉེར་བ་རྒྱལ་བསྟན་ཆོས་འཕེལ་དང་། ཁྱུང་ཡུལ་བྱ་ཟེ་དགོན་གྱི་བཤད་གྲྭ་བ་ཁྲི་གཙུག་ཡོན་ཏན་གཉིས་ཀྱིས་བཤེས་གཉེན་བླ་མ་བསྟེན་ཚུལ་སྐོར་དང་། དགོན་པའི་སྒྲིག་གཞིའི་ལམ་ལུགས་སྐོར་ནས་བགྲོ་གླེང་གནང་། དེ་རྗེས་ཉིན་གུང་གསོལ་ཟས་རོལ་ཟིན་མཚམས་ཕྱོགས་ཁག་ནས་ཕེབས་པའི་ཚོགས་ཞུགས་མི་སྣ་རྣམས་ཀྱིས་བར་གསེང་གི་དུས་ཚིགས་དང་སྦྲག་དགོན་གྱི་སྤྱི་གླིང་ནང་དུ་སྤྲོ་གསེང་དང་གཙུག་ལག་ཁང་གི་མཆོད་མཇལ་གནང་།

1531904552132636.jpg

   ཉིན་གུང་ཆུ་ཚོད་གཉིས་དང་ཕྱེད་ཀའི་ཐོག་ཉིན་དེའི་ཕྱི་དྲོའི་ཚོགས་ཐེངས་དང་པོ་འགོ་འཛུགས་བྱས་ཤིང་། སྤུ་རྒྱལ་རིག་སློབ་ཁང་གི་སློབ་གཉེར་བ་དངོས་གྲུབ་ཕྲིན་ལས་ལགས་ཀྱིས་གཙོ་སྐྱོང་གནང་བ་དང་། ཁྱུང་པོ་སྟེང་ཆེན་དགོན་གྱི་བཤད་གྲྭ་བ་ཀུན་བཟང་ལྷུན་གྲུབ་དང་། ཡུལ་མི་བསོད་ནམས་གཡུང་དྲུང་། ཚེ་རིང་རྡོ་རྗེ། སྐལ་བཟང་དཔལ་ལྡན། འབྲུག་ཚེ་རིང་བཅས་ཀྱིས་སྤྱི་ཚོགས་ཡར་རྒྱས་ཀྱི་ཐབས་ལམ་དང་། དཔེ་ཀློག་གི་སློབ་གསོ། ཕ་སྐད་གཙང་མའི་རིན་ཐང་སྐོར་སོགས་ནས་བགྲོ་གླེང་ཟབ་རྒྱས་གནང་ཡོད་པ་དང་འབྲེལ་ཐེངས་འདིའི་དངོས་གཞིའི་བགྲོ་གླེང་ཡོངས་སུ་མཇུག་གྲུབ།

1531904552103809.jpg

   ཕྱི་དྲོའི་ཞལ་ལག་གསོལ་ཟིན་མཚམས་སྐབས་གཉིས་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གྲོས་ཚོགས་ཀྱི་མཇུག་བསྡུའི་མཛད་རིམ་གཤམ་གསལ་ལྟར། ཞུ་ཚང་སྐལ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་ཞིང་དགེ་བཤེས་བསྟན་འཛིན་རྣམ་རྒྱལ་གྱིས་དཔྱད་གླེང་གྲོས་ཚོགས་ཀྱི་གོ་སྒྲིག་ཚོགས་པའི་ངོས་ནས་མཇུག་བསྡུའི་གསུང་བཤད་ཟབ་རྒྱས་གནང་། གསུང་བཤད་ཀྱི་ནང་དོན་ནི། ཐེངས་འདིའི་བགྲོ་གླེང་གི་འགོ་མཇུག་བར་གསུམ་གྱི་སྤྱིའི་ཕྱོགས་སྡོམ་དང་འབྲེལ། སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་ཁ་ཕྱོགས་དང་གནས་སྟངས། དགོས་ཕན་སོགས་ཀྱི་ཐད་ནས་ཞིབ་ཚགས་ཀྱིས་ངོ་སྤྲོད་གནང་ཟིན་མཚམས་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་ཁག་གི་འབྲེལ་ཡོད་དབུ་བླ་རྣམས་ཀྱིས་རྣམ་པ་ཀུན་ཏུ་མཛད་རིམ་འདིར་ཐུགས་ཁུར་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞེས་སོགས་ཟབ་ཅིང་རྒྱ་ཆེ་བའི་བཀའ་སློབ་གནང་། དེ་རྗེས་དམུ་ཐ་ལྷ་ལུང་དགོན་པའི་ཁྲི་འཛིན་བླ་མ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེས། ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་དགོན་སྡེ་རི་ཁྲོད་ཡོངས་ཀྱི་སྐུ་ཚབ་གནང་སྟེ། གྲོས་ཚོགས་ཀྱི་འགན་འཛིན་མི་སྣ་དང་། གསར་དུ་གདམས་ཐོན་བྱུང་བའི་འགན་འཛིན་མི་སྣ་རྣམས་དང་། སྐབས་གཉིས་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་ཚོགས་ཞུགས་མི་སྣ་ཡོངས་ལ་རྟེན་འབྲེལ་ལེགས་མཚོན་གྱི་མགུལ་དར་གསོལ་ཞིང་། དེར་ཡོད་ཚོགས་ཞུགས་མི་སྣ་རྣམས་དང་ལྟད་མོ་བ་རྣམས་ཀྱིས་དགའ་བསུའི་ཐལ་སྒྲའི་ངང་ནས་མཇུག་སྡོམ་གྱི་མཛད་རིམ་ལེགས་པར་གྲུབ། མཐར་ཞུ་དགོན་སྨིན་གྲོལ་གླིང་སྤུ་རྒྱལ་རིག་སློབ་ཁང་གི་གཙུག་ལག་ཁང་ཆེན་མོའི་མདུན་དུ་དྲན་རྟེན་མཉམ་པར་བསྒྲོན་ཞིང་། སྐབས་གཉིས་པའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གི་གྲོས་ཚོགས་འདི་བཞིན་རྒྱལ་ཁའི་ངང་ནས་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་སྤུ་རྒྱལ་ཤེས་རིག་དཔྱད་གླེང་གོ་སྒྲིག་ཚོ་ཆུང་གི་ཁོང་མི་དྲྭ་མིང་དུ་ཞུ་ཚང་བ་འབོད་པས་བྲིས།

༢༠༡༨//༡༥ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།