གཟི་འོད་འབར་བའི་ཞང་ཞུང་ལྷ་རིས་སྒྱུ་རྩལ།

[ཟླ་ཚེས། 2018-04-05 12:46:15][རྩོམ་པ་པོ། མགོན་པོ་ཚེ་བརྟན།][རྩོམ་ཁུངས། རྔ་བའི་གསར་འགྱུར་དྲ་བ།][ཀློག་གྲངས། ]

རྔ་བ་རྫོང་ཞང་ཞུང་ལྷ་རིས་སྒྱུ་རྩལ་གླིང་གི་གནས་ཚུལ་རགས་བཀོད།

སྔོན་འགྲོའི་ཤེས་བྱ།

            ཐང་ག་ལ། སྐྱ་ཐང་དང་། ཚོན་རྫོགས། ཐང་ནག མཚལ་ཐང་། གསེར་ཐང་། གོས་སྐུ། གོས་སྐུ་འབུར་མ། འཚེམ་ཐང་། འཐག་ཐང་། མུ་ཏིག་གི་ཐང་ག ཕྱིས་སུ་དར་བའི་ཆུ་རིས་མ། ཕྱི་གླིང་ལུགས་ཀྱི་འབུར་ཚུགས་ཅན་སོགས་ཡོད་པ་ལས། སྐྱ་ཐང་ནི། རས་གཞི་དཀར་པོའི་སྟེང་དུ་སྐྱ་རིས་བྲིས་ཟིན་པ་དང་ཐོག་མར་ཚོན་གྱིས་གནམ་ས་དབྱེ་བར། མཐིང་དང་ཡང་ན་རམ་གྱི་ཁ་ཆུ་དྭངས་མས་ནམ་མཁའ་མདངས། དེ་ནས་སྤང་གི་ཁ་ཆུ་དྭངས་མས་ས་གཞི་མདངས། དེ་ནས་རྒྱབ་ནས་མདུན་གི་རིམ་པ་བཞིན་ཚོན་བྱུག་ལ། མདངས་ཀྱི་གཙོ་བོ་བྱས་ཤིང་བྱུག་ཚོན་སླ་ཞིང་དྭངས་བ་སྐྱ་ཐང་གི་ཁྱད་ཆོས་ཡིན། ཚོན་རྫོགས་ནི། སྐྱ་རིས་གྲུབ་ཟིན་པ་དང་མཐིང་སྐྱ་གར་སླ་རིམ་པ་གསུམ་ཡན་དུ་སྦྱོར་ནས་ནམ་མཁའ་ལ་འོག་ནས་གྱེན་དུ་རིམ་བཞིན་ཚོན་མ་སྐམ་ཙམ་དུ་རློན་མདངས་ཀྱིས་ཚོན་སྐྱ་བ་ནས་གར་བར་གར་སླའི་མཚམས་མི་མངོན་པར་བྱ། ས་གཞི་ལའང་སྤང་སེར་གྱི་སྤང་སྐྱ་སོགས་ཀྱིས་གོང་བཞིན་བྱ། བྱུག་ཚོན་སྐྱ་ཐང་ལས་གར་ཞིང་མཐུག་པས། སྣུམ་ཞིང་བཀྲག་མདགས་ཆེ་བ་ཚོན་རྫོགས་ཀྱི་ཁྱད་ཆོས་སོ།། 

ལྷ་རིས་པ་ཞིག་གི་མི་ཚེའི་བྱུང་རབས་བརྗོད་པ།

           ཞང་བོད་ལྷ་རིས་པ་སྣང་ཞིག་སྐྱབས་སམ་པུར་མིང་ལ་ཨ་སྣང་པེ་ཟེར་བ་ཁོང་ནི་རྔ་བ་རྫོང་གི་ཡིན་ལ། ཁོའི་ད་ལྟ་རྔ་བ་རྫོང་ཞང་ཞུང་ལྷ་རིས་སྒྱུ་རྩལ་གླིང་གི་འགན་ཁུར་བ་དང་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་ཁུར་བཞིན་ཡོད། ཁོང་ལོ་བཅུ་གཅིག་ནས་བཟུང་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བཟོ་རིག་སྒྱུ་རྩལ་ལ་སྦྱང་མགོ་བརྩམས་ཏེ། ལྷ་རིས་པ་རྒན་བློ་གྲོས་རྒྱལ་མཚན་མཆོག་གི་མདུན་ནས་ཞང་ཞུང་ལྷ་རིས་ལ་མི་ལོ་བཞི་རུ་སྦྱངས་པ་བྱས། དེ་རྗེས་གོས་ལྷ་པཎྡི་ཏའི་རྒྱུད་འཛིན་པ་ས་སྐྱའི་དགེ་སློང་ལུང་རྟོགས་རྒྱ་མཚོའི་མདུན་ནས་མི་ལོ་ལྔ་ཙམ་དུ་གོས་བྲིས་ལ་སྦྱངས་བ་བྱས་པ་སོགས་མི་ཚེ་གང་བོར་ལྷ་རིག་སྒྱུ་རྩལ་གྱི་ཕྱོགས་ལ་འབད་པ་ལྷོད་མེད་བྱས། ལྷག་པར་དུ་མི་ལོ་སུམ་ཅུ་ལྷག་གི་རིང་ལ་བོད་ཀྱི་ས་གནས་སོ་སོར་སོང་ནས་གནའ་བོའི་ཐང་རྙིང་གི་ཉམས་མ་ཤོར་ལ་རིན་པོ་ཆེའི་ཚོན་མདོག་གི་མདངས་མ་ཤོར་བའི་ཐང་ག་བརྒྱ་ཕྲག་ལྷག་བཞེངས་པས། བོད་ཀྱི་ས་ཆ་སོ་སོར་ཁོའི་བྲིས་པའི་ཐང་གར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཅིང་བསྟོད་པའི་མཐེ་བོང་བསྒྲེང་མཁན་མང་པོ་ཡོད་པར་མ་ཟད། བོད་མདོ་དབུས་ཁམས་གསུམ་གྱི་ལྷ་རིས་པ་མང་པོའི་ཁོའི་ཕྱག་རྒྱུན་ལ་ལས་ལེན་པ་རེད། ལྷག་པར་དུ་ཁོང་གིས་སྐུ་ངལ་ལ་མ་འཛེམས་པར་བོད་རང་ཉིད་ཀྱི་ཡབ་མེས་གོང་མས་ཕྱི་རབས་སྐྱེས་བོའི་བགོ་སྐལ་དུ་བཞག་པའི་རིག་གནས་ཁྱད་པར་བ་འདི་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་ཆེད། ༢༠༠༣ལོར་རྔ་བ་རྫོང་དུ་ཞང་ཞུང་ལྷ་རིས་སྒྱུ་རྩལ་ཞེས་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས། རྒྱས་མདོའི་ཐིག་རྩ་གཞིར་བཞག་ཐོག་ལུགས་སོ་སོའི་ཐིག་རྩ་འཐེན་ལུགས་ལ་དཔེ་ཁྲིད་བྱས་ནས། སྔ་གཞུག་ཏུ་སློབ་མ་༣༠ལྷག་གསོ་སྐྱོང་བྱས་པས། ༢༠༡༣ལོར་རྒྱལ་སྤྱིའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནས་ཁོང་ལ་ཞང་ཞུང་ལྷ་རིས་སྒྱུ་རྩལ་མི་སྣའི་ཆེས་མཐོའི་བྱ་དགའ་གནང་བ་དང་། ༢༠༡༧ལོར་ཁུལ་ཡོངས་ཀྱི་སྒྱུ་རྩལ་འགྲན་བསྡུར་ཁྲོད་ཁོང་གིས་བྲིས་པའི་ཐང་ག་ལ་དངུལ་གྱི་རྟགས་མ་ཐོབ་པ་མ་ཟད། ༢༠༡༥ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་གཙོ་སྒྲིག་གནང་བའི་《ཞང་བོད་གདན་རབས་》ཞེས་པའི་དེབ་ཐོག་ཏུ་བཀོད་པའི་ཁོང་གིས་བརྩམས་ཆོས་ལ་དམིགས་བསལ་གསལ་བཤད་དང་དཔྱད་འཇོག་བྱས་ནས། ཁོང་གི་འབྲི་ལུགས་འདི་ལ་བོད་ཀྱི་མཁས་དབང་རྣམས་པས་བསྟོད་བསྔགས་བྱས་པས། ད་སྐབས་ས་ཆ་སོ་སོའི་ལྷ་རིས་པ་རྣམས་ཀྱི་རེ་འདུན་ལྟར་ཐིག་རྩ་འདེབས་ལུགས་སྐོར་གྱི་དཔེ་ཁྲིད་དང་རིག་གཞུང་བགྲོ་གླེང་སོགས་ལ་གདན་ཞུ་གནང་བཞིན་ཡོད།  ༢༠༡༦ལོར་ཁོང་ཉིད་ཞང་ཞུང་ཐང་གའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པར་བདམས་ནས། སྲིད་གཞུང་གིས་སྣང་ཞིག་སྐྱབས་ཀྱི་ཐང་གའི་ཁྲིད་སྦྱོང་ལྟེ་གནས་ལ་ཐོབ་ཐང་དཔང་ཡིག་སྤྲད། ད་ལྟ་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་ཁུལ་རྙིང་བ་རུ་ཞིང་ཆེན་བཞི་ནས་ཡོང་བའི་སློབ་མ་༤༠ཙམ་ཞིག་ལ་ཞིང་བོད་ཐང་གའི་འབྲི་ལུགས་ཁྲིད་བཞིན་ཡོད་ཅིང་། སློབ་མ་འདི་དག་ནི་གཙོ་བོ་སློབ་སྦྱོང་གི་གོ་སྐབས་ཤོར་བའི་རོང་འབྲོག་དཀྱུས་མའི་བུ་ཕྲུག་དང་དབང་བོ་སྐྱོན་ཅན། ཕ་མ་མེད་པའི་ད་ཕྲུག་སོགས་ཡིན། ཁོང་གིས་བཤད་རྒྱུར། རང་ནུས་ཅི་ལྕོགས་ཀྱིས་ཉམས་ཆུང་གི་སློབ་མ་མང་པོ་ཞིག་ལ་རིན་མེད་སློབ་ཁྲིད་བྱེད་རྒྱུ་ནི་རང་གི་མི་ཚེའི་རེ་བ་ཉག་གཅིག་ཡིན་ཞེས་བཤད། སློབ་མ་ཚེ་དབང་ནོར་བུ་ནི་སྣང་ཞིག་ནས་ཡོང་བ་ཡིན་ལ། ཁོ་ལྷ་རིས་སྒྱུ་རྩལ་སློབ་གླིང་འདིར་ཡོང་ནས་ལོ་གཅིག་དང་ལོ་ཕྱེད་ཀ་ཙམ་ཞིག་འགོར་ཡོད་ལ། ད་ལྟ་ཐིག་རྩ་འདེབས་ལུགས་སོགས་རྨང་གཞིའི་སྐོར་སྦྱང་ཚར་ནས། ཐང་ག་དངོས་འབྲི་འགོ་རྩོམ་བཞིན་ཡོད། ཁོའི་གསར་འགོད་པར་བཤད་རྒྱུར་ལོ་གཅིག་དང་ཕྱེད་ཀའི་རིང་རང་ཉིད་ལ་མཚོན་ན་ཐང་གའི་སྐོར་གྱི་ཤེས་བྱ་མང་པོ་ཞིག་ཁོང་དུ་ཆུད་ཡོད་པ་མ་ཟད། འགྲོ་ལུགས་འགྲོ་སྟངས་སོགས་ཀྱི་ཐད་ནས་ཡང་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། ལྷག་པར་དུ་ལྷ་རིས་སྒྱུ་རྩལ་སློབ་གླིང་འདི་ལ་སློབ་རིན་སྐར་མ་གཅིག་ཀྱང་མི་དགོས་པས།ང་ཚོར་མཚོན་ན་ཕན་ཐོག་ཆེན་པོ་ཐོབ་བཞིན་ཡོད་པ་རེད་ཟེར།

ཞང་ཞུང་བོན་གྱི་ཐང་ག་གླེང་བ།

           ཞང་ཞུང་བོན་གྱི་ཐང་ག་འབྲི་ལུགས་ནི་བོད་ཀྱི་ཐང་ག་འབྲི་ལུགས་ཁྲོད་ཁྱད་ཆོས་འབུལ་དུ་ཐོན་པའི་ཐང་ག་འབྲི་ལུགས་ཤིག་ཡིན་ལ། ཞང་ཞུང་བོན་གྱི་ཐང་ག་བཞེངས་བའི་བཟོ་རིག་དེ་ལ་ལུགས་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད། ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གསར་འགོད་པ་ཆེད་དུ་རྔ་བ་རྫོང་ཞང་ཞུང་ལྷ་རིས་སྒྱུ་རྩལ་གླིང་དུ་སོང་ནས་བཅར་འདྲི་བྱེད་སྐབས། ཞང་བོན་ལྷ་རིས་པ་ཨ་ཁུ་ཨ་སྣང་པེ་ཚང་ལ་ཞང་ཞུང་བོན་གྱི་ཐང་གའི་སྐོར་ནས་བཅར་འདྲི་བྱས། ཁོང་གིས་གསུངས་རྒྱུར། ཞང་ཞུང་བོན་གྱི་ཐང་ག་འབྲི་ལུགས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཡོད་ཀྱང་། དེ་ལས་ཀྱང་འབུལ་དུ་ཐོན་པའི་གལ་ཆེའི་ཁྱད་ཆོས་གསུམ་ཡོད་དེ། ལོ་རྒྱུས་ཀྱི་ཕུགས་རིང་བ་དང་བྱུང་རབས་ཀྱི་ཁུངས་བཙུན་པ། ཆག་ཚད་ཀྱི་ལུགས་མི་འདྲ་བ་སོགས་ཡོད། 

         དང་བོ། ལོ་རྒྱུས་ཀྱི་ཕུགས་རིང་བ་ལ་མི་ལོ་ཁྲི་གཅིག་ལྷག་གི་ལོ་རྒྱུས་ལྡན་པའི་རྣམ་མཁྱེན་སྟོན་པ་གཤེན་རབས་མི་བོ་ཆེའི་བཀའ་། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་དང་དཔལ་འབར་འཁོར་ལོ་སྡོམ་པའི་རྒྱུད། སྟོན་མཆོག་གཤེན་རབ་མི་བོའི་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་སོགས་ལས་བཟོ་ཡི་རིག་གནས་ཕུན་སུམ་ཚོགས་པ་ཞིག་གསུངས་བར་མ་ཟད། རྣམ་མཁྱེན་གཤེན་རབ་མི་བོས་བཟོ་རྒྱལ་གར་མ་ལི་ཤོ་ལ་བཟོ་ཡི་རིག་གནས་བསྟན་པ་ནས་བཟུང་། དེ་ཡི་རྒྱུད་འཛིན་འཛམ་གླིང་མཁས་པའི་རྒྱན་དྲུག་གིས་ཡུལ་གྲུ་སོ་སོ་ལ་སྤེལ་ཏེ་ད་ལྟའི་བར་དུ་གནས་བཞིན་པ་འདི་ཡིན།

         གཉིས་པ། བྱུང་རབས་ཁུངས་བཙུན་པ་ལ་ཞང་བོན་གྱི་རིག་གཞུང་འདི་མི་རིགས་དང་རྒྱལ་ཁབ་གཞན་དག་གང་ལའང་འབྲེལ་བ་མེད་པར་བོད་རང་ས་རང་ཡུལ་ནས་བྱུང་བའི་ཡབ་མེས་གོང་མ་རིམ་བྱོན་གྱི་ཕ་ནོར་བུ་ལ་བཞག་པའི་རིག་གནས་ཤིག་ཡིན་པ་མ་ཟད། འཛམ་གླིང་དངོས་དཔང་ལོ་རྒྱུས་སྨྲ་བ་དག་གིས་ཀྱང་མི་ལོ་བཞི་སྟོང་ཙམ་ལ་ངོས་འཛིན་གནང་བའི་སྟོད་མངའ་རིས་ནས་གསར་རྙེད་ཀྱི་ལྷ་སྐུའི་རྡོ་བསྐོས་རི་མོ་དང་གནའ་རབས་ཡོ་ཆས་སོགས་འཛམ་གླིང་ནས་རིན་ཐང་ལྡན་པའི་གྲས་སུ་བཞག་སྟེ་ཞིབ་འཇུག་བྱེད་ཡུལ་གཙོ་བོར་བཟུང་ནས་གལ་ཆེའི་རྩ་བར་འཛིན་བཞིན་ཡོད།

      གསུམ་པ། ཞང་ཞུང་ལྷ་སྐུའི་ཆག་ཚད་གཞན་དང་མི་འདྲ་བའི་ཁྱད་ཆོས་ལ། རྒྱལ་བའི་བཀའ་དགོངས་ལྟར་ན། སངས་རྒྱས་ཀྱི་སྐུ་ཚད་ལ་སྟ་ཟུར་མཚམས་སུ་སོར་བཞི་མི་འཇོག་པ་དང་། སྐེད་སྐབས་ལ་ལ་ཞལ་གང་ཡིན་པ་དང་། དབུ་ཡི་གཙུག་གཏོར་སོར་བརྒྱད་དུ་འདོད་པ་དང་། ད་དུང་ལྷ་མོའི་སྐུ་ཚད་ལ་གདོང་བ་བརྒྱད་འདོད་པ་དང་། ཁྲོ་བོ་ལ་གདོང་བ་དྲུག་ཏུ་འདོད་པ་སོགས་ནི་ཐིག་ཡིག་གཞན་དང་མི་འདྲ་བའི་ཁྱད་པར་ཡིན་ལ། ད་དུང་ཞང་བོད་སྒྱུ་རྩལ་གྱི་ལྷ་སྐུ་བཞེངས་ལུགས་ལ་དེ་བས་ཀྱང་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད་པ་ནི། མི་སྒེར་ཚོས་འོལ་ཚོད་དང་ཉམས་མྱོང་གི་ཁ་བཤད་ཙམ་མ་ཡིན་པར། རྒྱལ་བའི་བཀའ་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཕུགས་རིང་ཞིང་ཆག་ཚད་ཀྱི་འཐུས་ཚང་བའི་བདག་ཉིད་ཅན་ཞིག་ཡིན་ནོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།