རྒྱལ་སྤྱི་ལིག་མིན་རྐྱ་བོན་ཚོགས་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ།

[ཟླ་ཚེས། 2017-11-06 13:04:50][རྩོམ་པ་པོ། ལིག་མིན་རྐྱ་བོན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20171106113905.jpg

རྒྱལ་སྤྱི་ལིག་མིན་རྐྱ་བོན་ཚོགས་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ།

微信图片_20171106113907.jpg微信图片_20171106113859.jpg

      སྤྱི་ལོ་༢༠༡༧ཟླ་༡༠པའི་ཚེས་༡༧ཉིན་ཨ་རི་ཝིར་ཇི་ནི་ཡ་(Virginia)མངའ་སྡེ་རུ་གཏན་གཞིས་བྱས་པའི་རྒྱལ་སྤྱི་ལིག་མིན་རྐྱའི་བོན་ཚོགས་ཀྱི་ལྟེ་གནས་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོའི་སྔོན་འགྲོ་རུ་ཉིན་གྲངས་གསུམ་གྱི་རིང་ཡང་སྟོན་བླ་མ་བཀྲ་ཤིས་རྒྱལ་མཚན་མཆོག་དབུ་བཞུགས་ཐོག་རྨུ་རིགས་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག་དང་དགེ་འདུན་རྣམ་པས་རྣམ་པར་རྒྱལ་བའི་སྟོང་མཆོད་ཀྱི་མཆོད་འབུལ་རྒྱས་པ་དང་ཉིན་བཞི་པ་སྤྱི་ཚེས་༢༡ཉིན་གྱི་སྔ་དྲོར་རྣམ་པར་རྒྱལ་བའི་སྦྱིན་སྲེག་སོགས་གཟབ་རྒྱས་གནང་།

 微信图片_20171106113910.jpg微信图片_20171106113913.jpg

      ཕྱི་དྲོར་སྐུ་ཞི་བར་གཤེགས་པ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དགོངས་རྫོགས་བདུན་ཚིགས་ལྔ་པ་དང་འབྲེལ་མཆོད་འབུལ་སྨོན་ལམ་དང་མར་མེ་སྒྲོན་འབུལ་སོགས་གཟབ་རྒྱས་ཞུས། དེ་བཞིན་སྤྱི་ཚེས་༡༧ནས་དབུ་འཛུགས་ཀྱིས་ཉིན་བཞིའི་རིང་ཚེ་དབང་བྱ་རི་མའི་དཔེ་ཁྲིད་དང་ཉམས་ལེན་གཟབ་རྒྱས་གནང་།

 微信图片_20171106113633.jpg微信图片_20171106113645.jpg

      དེ་ཡང་བོན་ཚོགས་དེ་ཉིད་སྤྱི་ལོ་༡༩༩༢ལོར་ཐོག་མར་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ནས་ཨ་རི་མངའ་སྡེ་ཝིར་ཇི་ནི་ཡ་(Virginia)རུ་གསར་བཙུགས་གནང་ཞིང་། རིམ་བཞིན་སློབ་ཚོགས་མང་དུ་འཕེལ་ནས་ད་ལྟའི་ཆར་བྱང་ཨ་རི་དང་ལྷོ་ཨ་རིའི་རྒྱལ་ཁབ་ཁག་འགའ་ཞིག་དང་ཡོ་རོབ་ཀྱི་རྒྱལ་ཁབ་ཉི་ཤུ་ལྷག་དང་དེ་བཞིན་ར་ཤི་ཡ་དང་ཨེ་ཤི་ཡའི་རྒྱལ་ཁབ་འགའ་ཞིག་བཅས་ཁྱོན་རྒྱལ་ཁབ་སུམ་ཅུ་ལྷག་ཏུ་བོན་ཚོགས་བརྒྱ་ལྷག་གསར་བཙུགས་གནང་ཞིང་ལོ་ལྟར་བོན་ཚོགས་དེ་དག་ཏུ་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ནས་དཔེ་ཁྲིད་ཆད་མེད་གནང་མུས་ཐོག་སྔ་ཕྱིར་ཞྭ་དཀར་བསྟན་པའི་གཙུན་རྒྱན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོས་གཙོས་བོན་གྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ་མ་ཞིག་བོན་ཚོགས་དེ་དག་ཏུ་གདན་ཞུའི་ཐོག་སློབ་ཁྲིད་སོགས་གོ་སྒྲིག་གི་གཙོས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་བོན་བསྟན་འཕེལ་རྒྱས་ཐད་ཕྱོགས་གང་ཐད་ནས་ཞབས་ཞུ་ཕུལ་དང་འབུལ་བཞིན་ཡོད།

 微信图片_20171106113834.jpg微信图片_20171106113837.jpg

微信图片_20171106113840.jpg微信图片_20171106113843.jpg

      བོན་ཚོགས་དེ་དག་ཏུ་གཏན་བཞུགས་ཀྱི་དབུ་བླ་ཡང་མང་པོ་ཞིག་བསྐོས་བཞག་གནང་ཞིང་མ་འོངས་པར་ཡང་བསྐོ་འཆར་ཡོད་པ་རེད། སྤྱིར་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་མཛད་འཕྲིན་དེ་དག་གིས་གངས་ཅན་གྱི་ཤེས་རིག་སྤྱི་ལ་ཞབས་འདེགས་འགྲུབ་བཞིན་ཡོད་ལ་དམིགས་བསལ་དུ་ཞང་བོད་མེས་པོའི་ཆོས་རིག་གཡུང་དྲུང་བོན་གྱི་བསྟན་པ་ལ་སྲི་ཞུ་རླབས་པོ་ཆེ་རུ་གྱུར་ཞིང་གཡུང་དྲུང་བོན་གྱི་ཐུན་མིན་གྱི་སྔགས་སེམས་ཀྱི་སྒོམ་ཁྲིད་ལ་བརྟེན་ནས་ནུབ་ཕྱོགས་ཀྱི་མི་རིགས་མང་པོར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དང་མི་ཚེའི་ནང་འགྱུར་བ་དངོས་སུ་ཕྱིན་པ་གྲངས་ལས་འདས་པ་བྱུང་ཡོད།

 微信图片_20171106113812.jpg微信图片_20171106113815.jpg

      དེ་བཞིན་ཁོང་གིས་མཛད་རྩོམ་གནང་བའི་དེབ་དང་སློབ་ཁྲིད་བཅས་སྐད་རིགས་ཉི་ཤུ་ལྷག་བསྒྱུར་ཡོད། དེ་དག་ལ་ཆོས་ཉམས་ལེན་དོན་གཉེར་ཅན་གྱི་སློབ་མ་ཙམ་མ་ཡིན་པར་ཨ་རིས་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་ནང་དམའ་རིམ་སློབ་གྲྭ་ནས་མཐོ་རིམ་སློབ་གྲྭ་དེ་བཞིན་ཚོང་གི་སྡེ་ཚན་དང་སྤྱི་ཚོགས་ཞབས་ཞུ་བའི་སྡེ་ཁག སྨན་ཁང་འདྲ་མིན་དང་རྒན་གསོ་ཁང་དེ་བཞིན་བཙོན་ཁང་བཅས་སུ་ཡང་དོན་གཉེར་བྱེད་བཞིན་ཡོད་ལ་དུས་དང་སྐབས་སུ་སྡེ་ཚན་དེ་དག་ཏུ་བཀའ་སློབ་ཆེད་གདན་ཞུ་ཡང་མང་པོ་གནང་བཞིན་ཡོད།

微信图片_20171106113805.jpg微信图片_20171106113810.jpg

微信图片_20171106113845.jpg微信图片_20171106113847.jpg

      སྤྱི་ཚེས་༢༢ཉིན་དེར་ཉེར་ལྔ་འཁོར་བའི་མཛད་སྒོ་དངོས་སུ་ཚོགས། དེ་ཡང་ཉིན་དེའི་སྔ་དྲོར་བསང་གསོལ་རྒྱས་འབུལ་དང་ལྷ་རྒྱལ་གསོལ་གནང་ཞིང་སྐུ་མགྲོན་དང་མང་ཚོགས་ལ་འབྲས་སིལ་དང་གསོལ་ཇ་རྒྱས་འབུལ་ཞུས། དེ་རྗེས་ཚོགས་ཁང་ནང་དུ་དགེ་སློབ་ཚང་མས་གསོལ་འདེབས་དང་མཎྜལ་འདེགས་འབུལ་སོགས་ཞུས་རྗེས་རྒྱལ་སྤྱི་ལིག་མིན་རྐྱའི་ཚོགས་གཙོ་Robert Patzigནས་མཛད་རིམ་ངོ་སྤྲོད་ཞུས།

微信图片_20171106113649.jpg 

微信图片_20171106113727.jpg

      དེ་རྗེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ནས་ཐོག་མར་སློབ་སྦྱོང་གི་བརྒྱུད་རིམ་ནས་རིམ་པར་སློབ་ཐོན་བྱུང་རྗེས་ནུབ་ཕྱོགས་སུ་དགེ་རྒན་གནང་ཞིང་རིམ་པར་སློབ་ཚོགས་འཕེལ་རྒྱས་དང་ཐོག་མར་ལིག་མིན་རྐྱའི་ཚོགས་པ་འཛུགས་སྐྲུན་གནང་ཕྱོགས་སོགས་མི་ལོ་ཉེར་ལྔའི་ནང་གི་ཉམས་མྱོང་དེ་ཡང་གཙོ་བོ་ལྷ་མི་རྣམ་འདྲེན་ཆེན་པོ་མཆོག་དང་༧རྩ་བའི་བླ་མ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ། ༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་པའི་བཀའ་དྲིན་བྱིན་རླབས་དང་སྐྱེ་བྱེད་ཀྱི་ཡབ་ཡུམ་དམ་པ་སོགས་ཀྱི་བཀའ་དྲིན།ནུབ་ཕྱོགས་སུ་ཐོག་མར་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་ནས་མིག་དཔེ་ལམ་སྟོན་གནང་བ་སོགས་ལས་བྱུང་བ་ཡིན་པའི་སྐོར་སོགས་གསུང་བཤད་གཟབ་རྒྱས་གནང་།

 微信图片_20171106113703.jpg微信图片_20171106113748.jpg

      དེ་རྗེས་ལིག་མིན་རྐྱ་རྒྱལ་སྤྱི་སློབ་ཚོགས་ནས་བཀའ་དྲིན་རྗེས་དྲན་དུ་བླ་མ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ལ་མཎྜལ་འདེགས་འབུལ་དང་ལེགས་སྐྱེས་སོགས་རྒྱས་འབུལ་ཞུས། སྐབས་དེར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་སྨན་རི་བའི་ཁྲི་འཛིན་མཆོག་དང་ཡོངས་འཛིན་སྨྲ་བའི་དབང་པོ་རྣམ་གཉིས་ཀྱིས་བོན་ཚོགས་འདི་ཉིད་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུས་པའི་གསུང་འཕྲིན་བསྩལ་བ་རྣམས་ཁོང་ལ་ཕུལ། དེ་བཞིན་སྐུ་མགྲོན་དུ་ཕེབས་པའི་བོད་ཀྱི་ཆོས་བརྒྱུད་གཞན་གྱི་སྐུ་ཚབ་ཁག་དང་ནུབ་གླིང་དུ་ཆགས་པའི་བོན་ཚོགས་ཁག་གཞན་ནས་ཀྱང་ལེགས་སྐྱེས་སོགས་ཕུལ་ཞིང་རྒྱལ་སྤྱི་ལིག་མིན་རྐྱའི་ཚོགས་གཙོ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་སྔ་དྲོའི་མཛད་སྒོ་མཇུག་བསྡུས།

 微信图片_20171106113706.jpg

微信图片_20171106113759.jpg

      ཉིན་གུང་ཕྱག་ཚོད་དང་པོའི་ཐོག་བཞེས་ལག་མཆོད་གྲུབ་མཚམས་ས་གནས་ཀྱི་བོད་དང་ཧི་མ་ལ་ཡའི་མང་ཚོགས། དེ་བཞིན་ཕྱི་རྒྱལ་སློབ་མ་སོགས་ནས་བོན་འབྲེལ་སྙིང་པོ་རྣམ་གསུམ། བླ་མའི་རྣལ་འབྱོར་སོགས་རོལ་དབྱངས་དང་འབྲེལ་གྱེར་འདོན་དང་དམིགས་བསལ་དུ་ས་གནས་བོད་ཀྱི་གཞོན་སྐྱེས་བྱིས་པ་ཁག་ནས་ཞི་བར་གཤེགས་པ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་གསོལ་འདེབས་དབྱངས་ལ་གྱེར་འདོན་ཞུས། ཉེར་ལྔ་འཁོར་བའི་དྲན་དེབ་དང་ཡོ་རོབ་ལིག་མིན་རྐྱའི་དུས་དེབ་ཕྱོགས་བསྒྲིགས་ཀྱི་དེབ་ཅིག ཚེ་དབང་བྱ་རི་མའི་ཉམས་ལེན་དབྱིན་སྒྱུར་གྱི་དེབ་སོགས་འགྲེམས་སྤེལ་གནང་། བར་གསེང་ཁག་ཏུ་སྐུ་མགྲོན་ཁག་ལ་ལིག་མིན་རྐྱའི་སློབ་གླིང་གི་ལྷ་ཁང་དང་དཔེ་མཛོད། མགྲོན་ཁང་དང་ལས་ཁུངས་དེ་བཞིན་གསར་དུ་སྐྲུན་བཞིན་པའི་རྣམ་རྒྱལ་ཁང་སོགས་ཁོར་ཡུག་ཧྲིལ་པོ་གཟིགས་འབུལ་ཞུས་ནས་མཛད་སྒོ་ཁ་དགེ་བཀྲ་ཤིས་ངང་མཇུག་བསྡུས།

 微信图片_20171106113708.jpg

微信图片_20171106113711.jpg

      སྤྱི་ཚེས་༢༣དང་༢༤ཉིན་གཉིས་རིང་ལིག་མིན་རྐྱའི་སློབ་གླིང་ནས་གོ་སྒྲིག་ཞུས་ཏེ་སྲོལ་རྒྱུན་དང་ཚན་རིག་(Science & Spirituality Conference: Addressing physical and Emotional Pain)གི་བགྲོ་གླེང་ཞིག་ཚོགས་གནང་ཞིང་། ཚོགས་ཐོག་ཏུ་ཨ་རི་དང་ཡོ་རོབ་སོགས་ནས་སེམས་ཁམས་རིག་པའི་མཁས་དབང་དང་དམིགས་བསལ་ཆེད་ལས་པ། ལོ་མང་སྒོམ་ཉམས་ལེན་དང་ཚན་རིག་ལ་ཉམས་མྱོང་ཅན། བོད་ལུགས་གསོ་རིག་སྨན་པ་སོགས་གསུང་བཤད་མཁས་དབང་བཅུ་གཅིག་ལྷག་གདན་ཞུས་ཀྱིས་སྲོལ་རྒྱུན་སེམས་ཀྱི་ཉམས་ལེན་དང་ཚན་རིག་དང་འབྲེལ་ཏེ་སྒོམ་གྱི་ཉམས་ལེན་གྱི་ཕན་ནུས།

 微信图片_20171106113831.jpg

微信图片_20171106113850.jpg微信图片_20171106113853.jpg

      དེ་བཞིན་བོད་ཀྱི་རྩ་རླུང་འཕྲུལ་འཁོར་ཉམས་ལེན་ལ་ཚན་རིག་པས་དཔྱད་ཞིབ་གནང་བའི་གྲུབ་འབྲས་དང་། གཡུང་དྲུང་བོན་གྱི་ལྟ་གྲུབ་ནས་བྱུང་བའི་ལུས་ངག་ཡིད་གསུམ་སྟེ་སྒོ་གསུམ་གྱི་རྣལ་འབྱོར་ལ་ཉམས་ལེན་དང་འབྲེལ་ཏེ་དཔྱད་ཞིབ་བྱས་པའི་གྲུབ་དོན། བོད་སྨན་གྱི་ངོ་སྤྲོད་དང་བོད་ལུགས་གསོ་རིག་གིས་དུས་རབས་ཉེར་གཅིག་པའི་མི་ལ་ཕན་ནུས་སྐོར་སོགས་བགྲོ་གླེང་གཟབ་རྒྱས་འཚོགས་ཞིང་ཉིན་གཉིས་པའི་ཉིན་རྒྱབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་དང་ལྷན་སྒོམ་ཐུན་དང་འབྲེལ་ཁོང་གིས་བཀའ་སློབ་གནང་ཞིང་། དེ་མཚམས་ལིག་མིན་རྐྱ་བོན་ཚོགས་ཀྱི་ཚོགས་གཙོ་Robert Patzigདང་བགྲོ་གླེང་གོ་སྒྲིག་པ་Alejandro Chaoul བཅས་ནས་ཐུགས་རྗེ་ཆེ་ཞུ་དང་བཅས་ཏེ་རྒྱལ་ཁའི་ངང་ལིག་མིན་རྐྱའི་བོན་ཚོགས་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ་མཇུག་བསྡུས་པའོ།། །།

微信图片_20171106113714.jpg

微信图片_20171106113856.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།