འཇོ་མདའ་སེ་ཞིག་དགོན་ནས་དགོངས་ཞག་ཚང་ཉིན་གདུང་མཆོད་ཕུལ་བ།

[ཟླ་ཚེས། 2017-11-05 21:53:41][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

微信图片_20171105214545.jpg

      སྙིགས་དུས་བསྟན་པའི་གསལ་བྱེད་རང་ཅག་བོན་འབངས་ཡོངས་ཀྱི་ལྷ་སྐལ་སྐྱབས་རྗེ༧སྨན་རི་མཁན་ཆེན་༣༣པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ཉིད།  སྤྱི་ལོ་༢༠༡༧ཟླ་༩ཚེས་༡༤ཉིན་འཕགས་ཡུལ་བྱེས་ཀྱི་གདན་ས་༧སྨན་རིའི་བླ་བྲང་དུ་རེ་ཞིག་འདི་སྣང་སྐུ་ཡི་བཀོད་པ་བོན་དབྱིངས་སུ་བསྡུས་རྐྱེན་ཕྱི་ནང་བོན་འབངས་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་མགོན་པོ་གང་ཉིད་ཀྱི་གདུང་མཆོད་དུ་དམིགས་ཏེ་ཚོགས་བསགས་མཆོད་སྤྲིན་དང་དགེ་རྩ་བསམ་གྱིས་མི་ཁྱབ་པ་སྒྲུབས་དང་སྒྲུབ་བཞིན་ལགས་ན།   

 微信图片_20171105214541.jpg

      དེ་མཚུངས་སུ་མདོ་ཁམས་༧སེ་ཞིག་དགོན་གཡུང་དྲུང་རབ་བརྟན་གླིང་གི་སྒོམ་སྒྲུབ་ཁག་ནས་སྐྱབས་རྗེ་རིན་པོ་ཆེའི་སྐུ་པར་མདུན་དུ་རྣམ་ལྔས་མཚོན་པའི་མཆོད་པའི་སྤྲིན་ཚོགས་རྒྱས་འབུལ་དང་གསོལ་འདེབས་དབྱངས་སུ་གྱེར་ཞིང་མཉམ་མེད་བླ་སྒྲུབ་དང་དྲན་པ་ཡབ་སྲས། སྟག་ལ་སོགས་ཀྱི་ཚོགས་འཁོར་རྒྱས་འབུལ་ཞུས་ཤིང་། དེ་བཞིན་དགོན་གྲྭ་ཚང་བླ་གྲྭ་ལྷན་འཛོམ་དང་སྐྱ་སེར་མཉམ་འཚོགས་བྱས་ཤིང་མཉམ་མེད་བླ་སྒྲུབ་ཀྱི་ཚོགས་འཁོར་རྒྱས་འབུལ་དང་འདྲེན་པ་གང་གི་སྐུ་པར་མཐོང་གྲོལ་གྱི་མདུན་དུ་དངོས་བཤམ་མཆོད་པའི་སྤྲིན་ཚོགས་རྒྱ་ཆེར་འབུལ་ཞིང་གདུང་ཤུགས་དྲག་པོའི་གསོལ་འདེབས་སྨོན་ལམ་བགྱིས་པ་དང་།   

 微信图片_20171105214552.jpg

  ལྷ་སྡེ་མངས་ཚོགས་རྣམས་ཀྱིས་སྙིང་པོ་རྣམ་གསུམ། ཡིག་བརྒྱ།  ས་ཏྭ།  མ་ཏྲི་སོགས་བསྙེན་གྲང་ཁྲི་འབུམ་བྱེ་བ་མང་པོ་དང་ཚེ་ཐར་སྲོག་བླུ་གང་མང་།  ཤ་མི་ཟ་བ་དང་སྒོ་བཤས་དང་རྒྱ་བཤས་སྤངས་མཁན་དང་ད་དུང་ཤོ་བག་སྣ་ཐ་ཆང་རག་སྤང་བ་སོགས་ལོ་དང་ཟླ་བ་ཞེ་དགུའི་རིང་ལ་དགེ་སྒྲུབ་སྡིག་སྤང་གི་གཡར་དམ་བཅས་ཤིང་མདོར་ན་སྐྱབས་རྗེ་མཆོག་གི་གདུང་མཆོད་དགོངས་རྫོགས་ལ་དམིགས་ཏེ་ཚོགས་བསགས་དགེ་རྩ་སྒྲུབས་དང་སྒྲུབ་བཞིན་པའི་གནས་ཚུལ་རག་བསྡུས་སུ།  སྐྱབས་རྗེ་མཆོག་གི་དགོངས་ཞག་ཚང་བའི་ཉིན་དགོན་གྱི་ལས་འཛིན་རྣམས་ཀྱིས་ཕུལ།

微信图片_20171105214548.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།