《བོན་གྱི་བཀའ་འགྱུར་ཆེན་མོ》སྒྲིག་ཞུའི་སྦྱོང་བརྡར་ཚོགས་འདུ།

[ཟླ་ཚེས། 2017-09-05 00:29:45][རྩོམ་པ་པོ། ][རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་ལྟེ་གནས།][ཀློག་གྲངས། ]

༄༅། །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་རིམ་པའི་ལས་གཞི་《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》ཡི་སྒྲིག་ཞུའི་སྦྱོང་བརྡར་ཚོགས་འདུ་ཁྲི་འདུ་རུ་འཚོགས།


1504543384125536.jpg

 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་ཞུ་དག་བྱེད་སྟངས་སྐོར་སློབ་སྟོན་གནང་བཞིན་པ། 

     སྤྱི་ཟླ་9པའི་ཚེས་4ཉིན་གྱི་ཕྱི་དྲོར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་རིམ་པའི་ལས་གཞི་《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》སྒྲིག་ཞུའི་སྦྱོང་བརྡར་ཚོགས་འདུ་ཁྲི་འདུ་རུ་གཟབ་རྒྱས་ངང་འཚོགས། ཚོགས་ཐོག་ཏུ་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་དབུ་བཞུགས་པའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་མི་གྲངས་བཅོ་ལྔ་ཕྱག་ཕེབས་གནང་ཡོད་ལ། འདི་གའི་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་དང་། འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གཙོས་པའི་རྩོམ་སྒྲིག་པ་ན་རིམ་ཚོགས་ཞུགས་བྱས་ཡོད། ཀྲུའུ་རེན་འོད་ཟེར་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།

     ཐེངས་འདིའི་སྦྱོང་བརྡར་ཚོགས་འདུའི་ཐོག །གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཞོན། ཤར་རྫའི་རི་ཁྲོད་ཀྱི་མཁན་རིག་འཛིན་དབང་རྒྱལ། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། མཚོ་སྔོན་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་གཞོན་རིན་སྤུངས་ཚུལ་བསྟན། སྨན་རིའི་དགེ་བཤེས་གཡུང་དྲུང་བློ་ལྡན་སོགས་ལས་ཀྱི་སྣེ་མོ་བ་མི་གྲངས་བཅོ་ལྔ་ཕེབས་ཡོད།

1504543384594656.jpg
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་།

      དེ་ཡང་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་དཔེ་སྐྲུན་སྒྲིག་ཞུ་བྱ་བར།རྒྱལ་ཁབ་ཀྱི་ཚད་ལྡན་དཔེ་སྐྲུན་ཁང་ནས་རྩོམ་སྒྲིག་དང་དཔེ་སྐྲུན་བྱེད་པར། སྤུས་ཀའི་ཚད་གཞི་དང་མ་ཕྱི་ཚགས་སྒྲིག །ཞུ་དག་བྱེད་སྟངས།མཆན་རྒྱག་ལུགས་སོགས་ཀྱི་ཐད་ནས་ཇི་ལྟར་མཉམ་འཇོག་དགོས་པ་དང་། དཔེ་ཆ་རེ་རེ་བཞིན་ཇི་ལྟར་ཚད་ལྡན་དང་གཅིག་གྱུར་ཡོང་ཐབས་སོགས་ལ་དམིགས་ཏེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་སམ་ཊའི་ཐོག་ཚད་ལྡན་གྱི་ཞུ་དག་བྱེད་སྟངས་སྐོར་དང་མ་ཕྱི་སྒྲིག་ཞུ་བྱ་བའི་སྐོར་ནས་མཛུབ་མོ་རི་སྟོན་གྱི་ཚུལ་དུ་གསལ་སྟོན་དང་དགོངས་འཆར་གང་ལེགས་བསྩལ། དེ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་རྩེ་ཞིག་ཚང་གིས་ཐོག་མར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ངོ་སྤྲོད་མདོར་བསྡུས་ཤིག་གནང་བ་དང་སྦྲགས། གཡུང་དྲུང་བོན་གྱི་བཀའ་བསྟན་མ་དཔེ་སྒྲིག་ཞུ་གཏན་འབེབས་སྐོར་གྱི་སྲོལ་ཡིག་དོན་ཚན་ལྔ་དང་གསལ་བཤད་དོན་ཚན་བརྒྱད་ཅན་སྒྲོག་སྦྱང་གནང་། ད་དུང་ཁོང་གིས། གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་སྒྲིག་ཞུ་བྱ་བའི་ལས་ཀ་འདི་ནི། བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་ཞང་ཞུང་རིག་གནས་འདི་ཉིད་དུས་རབས་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་བའི་བྱ་བཞག་རླབས་ཆེན་ཞིག་ཡིན་པས།ང་ཚོའི་ངོས་ནས་ཅིས་ཀྱང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ལས་ཀར་རམ་འདེགས་བྱ་རྒྱུ་དང་།ཐུན་མོང་ཐོག་ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་ལས་འགན་རླབས་པོ་ཆེ་འདི་ཚད་དང་ལྡན་པ་ཞིག་བསྒྲུབ་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

1504543384112407.jpg
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཀྱི་མཛེས་རྩལ་ཀུན་འདུས་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྒན་ཀརྨ་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

1504543385621766.jpg

མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་སྒྲིག་ཞུ་བྱེད་སྟངས་སྐོར་གསུང་བཞིན་པ།

      དེ་ནས་རིམ་བཞིན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཀྱི་མཛེས་རྩལ་ཀུན་འདུས་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྒན་ཀརྨ་ཚེ་རིང་ལགས་དང་། ནག་ཆུ་སྦྲ་ཆེན་རྫོང་སྤ་ཚང་དགོན་གྱི་དགེ་འདུན་པ། མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་སོགས་ཀྱིས་མ་ཕྱི་སྒྲིག་ཞུ་བྱེད་པའི་ཐད་ནས་སོ་སོའི་དགོངས་འཆར་ལྷུག་བསྩོལ་གནང་། ད་དུང་ཚོགས་འདིར་ཕེབས་པའི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་འདི་གའི་རྩོམ་སྒྲིག་པ་རྣམས་ཀྱིས་རྩོམ་སྒྲིག་ཞུ་དག་ཐད་ནས་བགྲོ་གླེང་གནང་།

1504543385605672.jpg

ཚོགས་འདུའི་ཡུལ་དངོས་ཀྱི་འདྲ་པར།

      ཐེངས་འདིའི་ཚོགས་འདུའི་ཐོག་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་སྒྲིག་ཞུ་བྱ་བའི་ཐད་མཁན་སྤྲུལ་དགེ་བཤེས་རྣམ་པ་དང་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་རྣམས་བགྲོ་གླེང་ལྷུག་པོ་གནང་སྟེ། འབྱུང་འགྱུར་གྱི་ལས་ཀའི་བཀོད་སྒྲིག་དང་བྱེད་ཕྱོགས་གཏན་འཁེལ་བྱས།འཆར་གཞི་ལྟར་ན། 2019ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་རིམ་པའི་ལས་གཞི་《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་བརྒྱ་དང་བརྒྱད་ཀྱི་བདག་ཉིད་ཅན་ཞིག་དཔེ་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད།

ཚོགས་འདིར་ཕེབས་པའི་མཁན་སྤྲུལ་དགེ་བཤེས་རྣམས་ཀྱིས་དཔེ་སྐྲུན་ཁང་གི་དཔེ་དེབ་འགྲེམ་སྟོན་ཁང་དུ་གཟིགས་སྐོར་གནང་བཞིན་པའི་འདྲ་པར།

ཐེངས་འདིའི་ཚོགས་འདུ་གྲོལ་རྗེས་ཀྱི་མཉམ་པར།



 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།