རིག་འཛིན་ཀུན་གྲོལ་གྲགས་པའི་འཁྲུངས་མཆོད་ཆེན་མོ་འཚོགས་པའི་སྐོར།

[ཟླ་ཚེས། 2017-09-01 22:23:39][རྩོམ་པ་པོ། སྨོན་རྒྱལ་རང་གྲོལ་ཉི་མ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅།། སྨོན་རྒྱལ་བླ་བྲང་དུ་རྒྱལ་དབང་རིག་འཛིན་ཀུན་གྲོལ་གྲགས་པའི་འཁྲུངས་མཆོད་ཆེན་མོ་འཚོགས་པའི་སྐོར།

1504275899731023.jpg

རབ་འབྱམས་བརྒྱ་ཡི་འཕྲིན་ལས་གཅིག་བསྡུས་པ།

འཆི་མེད་གུ་རུ་རྣམ་གསུམ་བྱིན་རླབས་འཆང་།

གཏེར་ཞབས་གཏེར་གྱི་སྐྱོང་བའི་དཔའ་བོ་ཆེ།

ཀུན་གྲོལ་གྲགས་པའི་ཞབས་ལ་གསོལ་བ་འདེབས།

1504275899140907.jpg

                                    

བོད་མེ་བྱ་ལོ་སྤྱི་ལོ་༢༠༡༧བོད་ཟླ་བདུན་པའི་ཚེས་༡༠ཉིན་ཀུན་གྲོལ་སྐྱེ་ཕྲེང་བདུན་པ་སྨོན་རྒྱལ་ནམ་མཁའ་དབང་ལྡན་རིན་པོ་ཆེའི་འདི་ལྟར་འཚོགས་དགོས་པའི་བཀའ་ཕབས་སྤྱི་བོར་བསྩལ་བར་བརྟེན་ལུང་གིས་ཟིན་པའི་རིག་འཛིན་ཀུན་གྲོལ་གྲགས་པའི་འཁྲུངས་མཆོད་འཚོགས་རྒྱུའི་སྟ་གོན་དུ་གྲུབ།  

1504275899111460.jpg
1504275899221097.jpg

    དྲན་པ་ནམ་མཁས་མཛད་པའི་༼སྲིད་པ་རྒྱུད་ཀྱི་ཁ་བྱང་ལས།༽   །ཁོ་བོའི་བྱིན་གྱིས་བརླབས་པའི་བུ། །མདོ་སྨད་སྨོན་གྱི་རྒྱུད་འཛིན་དུ།  །ཀུན་གྲོལ་གྲགས་པ་བྱ་བ་འབྱུང་། །ཁྲོ་བོ་སྤྱི་འདུལ་ལྷ་ཞལ་ཁུམས། །མངོན་ཤེས་གྲུབ་རྟགས་རྫུ་འཕྲུལ་ལྡན། །མདོ་སྨད་ཕྱོགས་ནས་བསྟན་པ་སྤེལ།  །དབང་གི་བུམ་ཆུ་གང་འཐུང་དང་། སྨོན་ལམ་གང་ཐེབ་འདྲེན་པར་བྱེད། ཅེས་གསུངས་པ་ལྟར་ཁྱུང་པོའི་ཡུལ་དུ་སྐུ་འཁྲུངས་ཞིང་མདོ་སྨད་ཕྱོགས་ནས་བསྟན་པ་སྤེལ་ཞིང་རྒྱལ་བསྟན་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྨོན་རྒྱལ་བླ་རབས་རིམ་བྱུང་གི་ཕྲེང་ཐག་ཏུ་ཕེབས་པའི་རིག་འཛིན་ཀུན་གྲོལ་གྲགས་པ་འཁྲུངས་ནས་མི་ལོ་༣༡༧འཁོར་བའི་དུས་འདིར་ཁྱུང་ཡུལ་སྨོན་རྒྱལ་བླ་བྲང་གི་བཤད་སྒྲུབ་འདུས་སྡེའི་རིག་འཛིན་ཀུན་གྲོལ་གྲགས་པའི་འཁྲུངས་མཆོད་ཆེན་མོ་དངོས་སུ་འཚོགས་པ་དང་།

1504275899794969.jpg
1504275899127477.jpg

 ཐོག་མར་ཚེས་བཅུའི་ནམ་ལངས་སྐར་མ་གདུ་བུ་ལ་ཁེལ་བ་དང་བསྟུན་ནས་བླ་རབས་རིམ་བྱོན་གྱི་གཟིམས་ཆུང་ཁང་དུ་བླ་བྲང་གི་བླ་མ་དང་མཁན་པོ་རྣམས་དབུ་བཞུགས་ཐོག་སྒྲུབ་གྲྭ་བ་བཅས་ཀྱི་བླ་ཆེན་དྲན་པ་ཡབ་སྲས་གསུམ་གྱི་ཚོགས་འཁོར་ཕུལ།  ཕྱག་ཚོད་བཅུ་པའི་ཐོག་ནས་ཉམས་རྒྱུད་ཀྱི་བླ་མ་དང་དགོངས་རྒྱུད་ཀྱི་བླ་མ་དག་གི་ཟབ་ལམ་བླ་མེད་རྫོགས་པ་ཆེན་པོའི་ཉམས་སྣང་རྩལ་དུ་བཏོན་པའི་དཀར་ཁྲིད་དང་དམར་ཁྲིད་ཞེས་པ་གདམས་པ་རྩལ་ཆེན་པོ་ལས་དམར་ཁྲིད་ཀྱི་གདམས་པའི་མཛོད་འཆང་བ་རྗེ་ཀུན་གྲོལ་གྲགས་པ་དེ་ཉིད་ཀྱི་དགོངས་འདུས་བཞི་ལས་རྫོགས་ཆེན་༼ཁྲིད་ཡིག་དམར་མོ་མཛུབ་ཚུགས་༽སྨོན་རྒྱལ་བླ་མའི་མིང་ཙམ་འཛིན་བདག་གིས་བློ་སྦྱོང་གི་སྐོར་ནས་དཔེ་ཁྲིད་དབུ་འཆད་དུ་ཕུལ། ཕྱག་ཚོད་བཅུ་གཅིག་ནས་གཙུག་ལག་ཁང་གི་གསེར་གདུང་སྣང་སྲིད་དཔལ་བཅས་དགོན་སྐོར་སེར་ཕྲེང་ཕེབས་ནས་དམ་འདུ་ཉེར་གཅིག་གི་མཇུག་གྲུབ་མཚམས་བྲུ་ཚང་བ་འདུལ་བ་རྒྱལ་མཚན་གྱིས་མཛད་པས་མཚན་ལྡན་བླ་མ་མཆོད་པ་གྱེར་ཏེ་རྣམ་ལྔའི་མན་དྷལ་མཆོད་པ་ཕུལ། 

1504275899104395.jpg
1504275899387630.jpg

   དེ་ནས་བླ་གྲྭ་འདུས་ཚོགས་ཀྱི་རིག་འཛིན་ཀུན་གྲོལ་གྲགས་པའི་བཞུགས་ཁྲིའི་མདུན་དུ་སྒོ་གསུམ་དད་པའི་ཕྱག་དང་གདུང་ཤུགས་དད་པའི་བཅས་མོས་འདུན་གྱི་གསོལ་བ་ཕུར་ཚུགས་སུ་གཏབས། ཕྱག་ཚོད་བཅུ་གཉིས་ནས་བཤད་གྲྭ་བ་རྣམས་ནས་འཆད་རྩོད་ཀྱི་རྣམ་པའི་ཐོག་ནས་མ་འོངས་བར་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་པ་ཆེན་པོའི་གཞུང་ཆེན་ཁག་དཔེ་རྒྱུན་འབྲེལ་བ་མེད་པའི་རྟེན་འབྲེལ་དང་བཅས་རྩོད་པའི་མཆོད་པ་ཕུལ།  འཇུག་ཏུ་རྗེ་ཀུན་གྲོལ་གྲགས་པ་སྐུ་ཕྲེང་གསུམ་པ་དང་ལྷག་པར་དུ་ཀུན་གྲོལ་བཞི་པ་བསྟན་འཛིན་ཚུལ་ཁྲིམས་གྲགས་པའི་དབང་དམ་འབྲེལ་བའི་སྨན་རི་མཁན་ཆེན་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་མཛད་པའི་བསྟན་རྒྱས་སྨོན་ལམ་དང་འཇའ་ཚོན་སྙིང་པོས་མཛད་པའི་གཡུང་དྲུང་བསྟན་པ་དར་བའི་མེ་ཆེན་ཞེས་ཕྱག་མཆོད་གི་མཇུག་བསྡུས་རྗེས་ས་གསུམ་ལ་འགྲན་པའི་ཟླ་དང་བྲལ་ཞིང་བོད་རབ་བྱུང་༡༢སྤྱི་ལོའི་དུས་རབས་བཅུ་བདུན་པའི་མཇུག་བཅོ་བརྒྱད་པའི་དུས་འགོའི་ནང་དུ་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་བོན་བསྟན་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དང་མ་ཟད་རྒྱལ་དབང་སྤྲུལ་སྐུ་རྣམ་བཞིའི་ཡ་གྱལ་དམ་པ་གང་ཉིད་ཀྱི་མཛད་རྗེས་དག་ཡིད་ལམ་ལ་འཆར་བཞིན་དུ་རྗེས་འཇུག་བོན་འབངས་རྣམས་དམ་པ་གང་དེའི་ཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་སྙིགས་དུས་ཀྱི་སེམས་ཅན་རྣམས་རང་ཁ་མའི་དབང་དུ་མ་སོང་བ་དང་ལས་འབྲས་ལ་སྲུང་བརྩི་སྐྱབས་གནས་བསླུ་མེད་དཀོན་མཆོག་གསུམ་སེམས་གཏིང་ནས་བརྗེད་མི་ཐུབ་པ་དང་ལྷག་ཏུ་ཞང་ཞུང་ནས་དར་བའི་མ་བགོས་སྤྱི་ནོར་ཟབ་ལམ་རྫོགས་པ་ཆེན་པོའི་བྱིན་རླབས་རང་རྒྱུད་ལ་སྦྱར་ཏེ་འཕོ་ཆེན་ཀ་དག་ཟབ་ལམ་རིན་པོ་ཆེ་ལམ་སློང་དུ་འགྱུར་ནས་མཐར་མ་གྱུར་འགྲོ་རྣམས་སྨིན་གྲོལ་བྱང་ཆུབ་ཀྱི་ལམ་ལ་འགོད་པའི་སྨོན་ལམ་དང་བཅས་མཇུག་གྲུབ་བོ།   

སྨོན་རྒྱལ་བླ་བྲང་གི་དབུ་རྩེར་སྨོན་རྒྱལ་ཉི་མིང་འབོད་པ་དེས་གྲུབ་བརྙེས་རིག་འཛིན་གོང་མ་རྒྱལ་དབང་ཀུན་གྲོག་གྲགས་པ་སྐུ་འཁྲུངས་པའི་དུས་དང་གྲུབ་དབང་བཟོད་པ་རྒྱལ་མཚན་དགོངས་པ་བོན་དབྱིངས་སུ་བསྡུས་པའི་དུས་སུ་དགེ་སྦྱོར་བྱ་བ་ལ་འབད་ན་རྒྱ་འགྱུར་སྟོང་འགྱུར་གི་འཕེལ་ཁ་མྱུར་བའི་དོན་དེ་དེ་བཞིན་དུ་འགྲུབ་པར་ཤོག མུ་ཙུག་སྨར་རོ།


 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།