གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ།

[ཟླ་ཚེས། 2017-05-08 11:44:40][རྩོམ་པ་པོ། དྲུང་ཡིག་ཚན་ཁག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

1494215332108220.png

1494215191119271.jpg


རྒྱལ་བསྟན་དར་རྒྱས་ཡུན་གནས་མཁའ་མཉམ་འགྲོར།།

བདེ་སྐྱིད་དཔལ་འབར་ཞིང་ཁམས་བཀྲ་ཤིས་པའི།།

ཞི་བདེ་སྨོན་ལམ་རྣམ་དཀར་ཆར་ཆེན་གྱིས།།

ཚོགས་གཉིས་རྒྱ་མཚོ་འཕྱུར་ལ་སྙིང་ནས་འདུད།།

   མདོ་དབུས་མཐོ་སྒང་གི་ཤ་ཁྲག་རུས་གསེང་ལས་མཆེད་པའི་བོད་མེས་པོའི་ཆོས་རིག་ནོར་བུའི་བང་མཛོད་ཟླ་མེད་པ་སྟེ།ཞང་ཞུང་རིག་གནས་རྒྱུན་འཛིན་དང་ཁྱབ་གདལ་དར་སྤེལ་བྱེད་པ་ལ།དུས་རབས་དང་ལོ་རྒྱུས་ཀྱིས་སྤྲད་པའི་བཤོལ་མེད་འགན་འཁྲི་ལྕི་མོ་ཕྲག་ཏུ་ལེན་པའི་བཟོད་བསྲན་ཅན་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དོན་གྲོས་ཆོད་གཞིར་བཞགགཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ་ལོ་རེ་བཞིན་དུ།མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་ཆེ་ཆུང་ས་གནས་གང་དུ་བསྡུ་བ་དང་འབྲེལ་ཡུལ་དེར་དངོས་སུ་འཚོགས་རྒྱུ་ཡིན་ཞིང་།དེ་ལ་སྤྱི་ལོ༢༠༡༦ལོར།གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ་སྐབས་དང་པོ་དེ་ཁམས་ཐར་བདེ་མི་གཡོ་བསམ་གཏན་གླིང་དུ་དད་འདུན་དང་སྨོན་སེམས་ཡང་དག་གི་སྒོ་ནས་དངོས་སུ་འཚོགས་ཐུབ་པ་བྱུང་ཡོད།འདིར་གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ་ཞེས་བརྗོད་དོན་ནི།བསྟན་གཙོ་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གསུངས་པའི་ཞི་བདེ་སྨོན་ལམ་དེ་ཉིད་སྐབས་འདིའི་འདོན་པའི་གཙོ་བོར་འཛིན་གྱིན་ཡོད་སྟབས།རྟེན་འབྲེལ་གྱི་གནད་མང་པོ་ཞིག་གི་ཆ་ནས་དེ་ལྟར་གྱི་བརྡ་ཆད་སྦྱར་ཏེ་ལོ་རྒྱུས་ཀྱི་ཁུངས་བཙུན་པར་བྱས་ཡོད་པ་ཤིན་ཏུ་གསལ་བ་ལྟར་ཡིན།

   སྤྱིར་བཏང་འཚོགས་ཡུན་ཉིན་ཕྱེད་ཙམ་གྱིས་འཐུས་པའི་གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོར་ཚོགས་ཞུགས་གནང་མཁན་གྱི་མི་སྣ་ལ་མཚོན་ན།མདོ་དབུས་ཁམས་གསུམ་ནས་བདམས་ཐོན་བྱུང་བའི་མཉམ་འབྲེལ་ལྷན་ཚོགས་ཀྱི་གནད་ཡོད་ལས་འཛིན་སྐྱེས་ཆེན་ལྷན་རྒྱས་སྤྱི་དང་།དེ་བཞིན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་གང་དུ་བསྡུ་བའི་ས་གནས་དེ་འབྲེལ་གྱི་དགོན་སྡེ་ཁག་གི་རྒྱ་ཆེའི་བླ་གྲྭ་ཇོ་སྔགས་རྣམ་པས་མཚོན།མདོར་ན།སྟོན་འཁོར་འདུ་བ་རྣམ་བཞིའི་དཔུང་སྡེ་གནས་དེར་གང་ན་སུ་བཞུགས་ཐམས་ཅད་ཕྱོགས་དང་རིས་སུ་མ་ཆད་པར་གདན་ཐོག་གཅིག་ཏུ་འཛོམས་ཆོག་པ་བྱས་ཏེ།རྒྱལ་བ་བྲུ་ཡི་རིང་ལུགས་ཀྱི་འདོན་དབྱངས་ལྟར་བདེ་ཆེན་རྒྱལ་པོ་ཚར་གསུམ་དང་།སྐྱབས་སེམས།མཛད་བཅུ།མདོ་ཡན་ལག་བརྒྱད་པ།སྐྱེ་སྒོ་གཅོད་པ།སྨོན་ལམ་རྣམ་གསུམ།ཞི་བདེ་སྨོན་ལམ།ཡིག་བརྒྱ།སྒོ་དག་བཅས་སྙན་པའི་དབྱངས་ཀྱིས་གསལ་དག་ཐོན་པར་གསུངས་རྒྱུ་ཡིན་ཞིང་།སྐབས་དེར་ལྷ་མིའི་དང་པ་འདྲེན་ཞིང་ཀུན་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་རྣམ་ལྔ་རྣམ་བརྒྱད་དང་།བསང་གསུར་བདུག་སྤོས།འདོད་ཡོན་རྒྱན་མཛེས་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པའི་སྤྲིན་ཚོགས་ཇི་སྙེད་པ་ཐམས་ཅད།རང་གཞན་ཤི་གསོན་ཡོངས་ཀྱི་དགེ་བའི་རྩ་བ་རྣམ་དག་ཏུ་འགྲོ་བ་ལ།གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོའི་འགན་འཛིན་ཚན་ཆུང་ནས་ཐབས་ཤེས་གང་ལེགས་བརྒྱུད་དེ་ལག་ལེན་དུ་བསྟར་བར་བྱ་རྒྱུ་ཡིན།

གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོའི་བྱེད་སྒོ་འདི་བཞིན་སྤེལ་བའི་དམིགས་ཡུལ་ནི།དེ་ཡང་ཕན་བདེ་ཀུན་གྱི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་།ཡང་ཆེད་སངས་རྒྱས་གཡུང་དྲུང་བོན་གྱི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཡངས་པའི་ས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།དེ་ལ་བརྟེན་ནས་སྟོང་གསུམ་འཇིག་རྟེན་ཆེན་པོའི་ཁམས་རབ་འབྱམས་མཐའ་ཀླས་པར་འཚེ་མེད་ཞི་བདེ་ལེགས་ཚོགས་དཔལ་ཡོན་གྱི་བདེ་སྐྱིད་དུས་རྟག་ཏུ་ཉམས་པ་མེད་པར་གོང་ནས་གོང་དུ་འཕེལ་ཞིང་།འཛམ་གླིང་མཐའ་དབུས་ཀྱི་སྐྱེ་རྒུ་རྣམས་ཀྱིས་ཐོག་དྲངས་འདས་མ་ད་གསུམ་ཀུན་ཏུ་གཡུང་དྲུང་བོན་གྱི་བསྟན་པའི་དོན་ཆེད་ལ།ཚེགས་དང་བརྩོན་འགྲུས་བསྐྱེད་ཅིང་ཁབ་དང་སྐུད་པའི་འབྲེལ་ཐོགས་ཅན་གྱི་སེམས་ཅན་ཡོད་དོ་ཅོག་གི་ཚེ་འདིའི་བསམ་དོན་དང་ཕྱི་མའི་དགེ་དོན་མཐའ་དག་ཡིད་བཞིན་དུ་འགྲུབ་པ་དང་།ལྷག་དོན་སྐྱེ་བཞི་རྒྱུད་ལྔས་བསྡུས་པའི་རང་གཞན་ཤི་གསོན་ཡོངས་ཀྱི་ཐར་བའི་དགེ་རྩ་དམ་པ་དང་བསོད་ནམས་ཀྱི་ཚོགས་ཆེན་བླ་མེད་དུ་རྫོགས་པའི་གསོས་སྨན་ཉག་གཅིག་ཡོང་བའི་ཆེད་དུ་ཡིན།

   དེ་ཡང་གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ་འཕེལ་རྒྱས་ཀྱི་ལམ་ཁ་སྔར་ལས་ཇེ་བརྟན་དུ་འགྲོ་བའི་མཐུན་རྐྱེན་གྱི་དཔུང་སྡེ་མེད་ཐབས་མེད་པར་དམིགས་ཏེ།མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྟེང་དུ།གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོའི་འགན་འཛིན་ཚན་ཆུང་གསར་དུ་བཙུགས་གནང་མཛད་པ་མ་ཟད།གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན་དང་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་པའི་དབུ་བླ་སྤྲུལ་སྐུ་པད་མ་རིན་ཆེན་མཆོག་ཉིད།གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོའི་སྤྱི་ཁྱབ་འགན་འཛིན་པར་བདམས་ཐོན་བྱུང་བ་དང་།དེ་བཞིན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་པ་མཁན་ཚེ་དབང་རིག་འཛིན་མཆོག་དྲུང་ཡིག་པར་གཏན་འཁེལ་གྱི་གྲོས་ཆོད་བྱུང་།

   དེ་ལ་འདིར་མི་ཚེ་ཡི་ལྷ་སྐལ་གཡུང་དྲུང་བོན་དང་འབྲེལ་ཞིང་།ཞང་ཞུང་ཤེས་རིག་ལ་དོ་སྣང་དང་དགའ་གུས་བླ་ལྷག་ཏུ་ཆེ་བའི་འོ་སྐོལ་སེར་སྐྱ་མང་ཚོགས་སུ་ཡིན་ཡང་།གངས་ཅན་བོད་པའི་ཕ་ཆོས་ཀྱི་རྩ་བ་སྟེ་ཞང་བོད་རིག་གཞུང་རྒྱུན་འཛིན་དང་ཁྱབ་གདལ་དར་སྤེལ་བྱེད་པའི་ལས་དོན་འཕེལ་རྒྱས་སུ་འགྲོ་བ་ལ།ང་ཚོ་རང་ཉིད་ནས་འགོ་བཙུགས་ཏེ་ནུས་པ་འདོན་དགོས་པའི་འགན་འཁྲིའི་འདུ་ཤེས་ཟབ་མོ་མཐོར་འདེགས་ཡོང་སླད་དང་།དེ་མཚུངས་གྱེར་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལས་འཆར་གལ་ཆེན་ཁག་ལ་མི་བུ་རང་སྟེང་ནས་དཔལ་འབྱོར་གྱི་མཐུན་རྐྱེན་རོགས་འདེགས་བྱེད་དགོས་པའི་སེམས་ཤུགས་བཟང་པོ་བསྐྱེད་བསྲིང་བྱེད་པར་བརྩོན་ཞིང་།འོ་སྐོལ་གསོན་པོ་རྣམས་ཀྱི་དོན་བྱ་གང་བརྩམ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཡོད་པ་མ་ཟད།དུས་སྔ་ཕྱི་ཀུན་ཏུ་ཚེ་ལས་འདས་པའི་གཤིན་པོ་ཡོངས་ཀྱི་དགེ་རྫོགས་སུ་བསྔོ་བ་སྨོན་ལམ་ཡང་དག་ཐེབས་པར་བྱེད་པ་སོགས་བསོད་ནམས་དགེ་བའི་སོན་རྩ་འགངས་ཆེན་དུ་དམིགས་ཏེ།གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོ་འཚོགས་པར་གཅེས་སེམས་འབྲེལ་འཇོག་ཞལ་འདེབས་སུ།དོན་དེར་སྤྱི་ཕན་ལྷག་བསམ་དང་ཐུགས་སྣང་སྤྲོ་བོ་ཡོད་རིགས་བོན་དད་སེར་སྐྱ་མང་ཚོགས་མི་རེ་རེ་ནས་ལོ་རེ་བཞིན་དུ།རང་དབང་རང་འཐད་ངང་དྲི་མེད་ལྷ་དར་ཡུག་གཅིག་གི་དོད་དུ་དམངས་སྒོར་གཉིས་རེ་འབུལ་གནང་ཡོད་པའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་བཅས་སོ།།

གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས།

གཡུང་དྲུང་བོན་གྱི་ཞི་བདེ་སྨོན་ལམ་ཆེན་མོའི་འགན་འཛིན་ཚན་ཆུང་།

གཙོ་འགན་པའི་ཞལ་པར་ཨང་གྲངས། 13568790634

དྲུང་ཡིག་པའི་ཞལ་པར་ཨང་གྲངས། 13893969644

༢༠༡༧ལོའི་སྤྱི་ཟླ༥པའི་ཚེས༢ཉིན།

QQ图片20170504214312.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།