ཤེས་རིག་བདུད་རྩིའི་རྒྱ་མཚོའི་རྩོམ་རིག་འགྲན་བསྡུར་གྱི་གཟེངས་རྟགས་བྱ་འགུལ་སྤེལ་བ།

[ཟླ་ཚེས། 2017-02-16 22:14:05][རྩོམ་པ་པོ། སྟོང་སྲས་ལྷ་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

cc.jpg
«ཤེས་རིག་བདུད་རྩིའི་རྒྱ་མཚོ»འཁྲུངས་ནས་མི་ལོ་བདུན་འཁོར་བའི་གཟེངས་རྟགས་ཚོགས་འདུ་དང་གཟེངས་རྟགས་བྱ་དགའ་ཁྱབ་བསྒྲགས་གནང་བ།

aa.jpg

     དེ་ཡང་སྤྱི་ལོ་༢༠༡༧ལོའི་ཟླ་བ་༢ཚེས་༡༥ཉིན་༧དཔལ་གཤེན་བསྟན་ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་གིས་གཙོ་གཉེར་གནང་བའི་ལོ་དེབ་«ཤེས་རིག་བདུད་རྩིའི་རྒྱ་མཚོ»འཁྲུངས་ནས་མི་ལོ་བདུན་འཁོར་བའི་རྩོམ་རིག་གཟེངས་རྟགས་ཚོགས་འདུ་དངོས་སུ་འཚོགས་གནང་ཞིང་། ༧ཞུ་སྟོན་བསྐལ་བཟང་མཐོང་གྲོལ་ཡོན་ཏན་རྒྱ་མཚོ་མཆོག་དབུ་བཞུགས་ཐོག་འདི་གའི་རྩོམ་སྒྲིག་ལྷན་ཚོགས་དང་དགོན་པའི་ལས་གཉེར་བཅས་ཞུགས་གནང་མཛད། ཚོགས་ཐོག་ཏུ་རྩོམ་སྒྲིག་ལྷན་ཚོགས་ནས་འདས་པའི་ལོ་ལ་ཕྱིར་དྲན་དང་མ་འོངས་པར་འཛམ་གླིང་རང་བཞིན་ཅན་དུ་ཁ་ཕྱོགས་ཏེ་གསུང་གནད་གལ་པོ་ཆེ་གནང་།

ee.jpg

    ང་ཚོས་འདི་ཉིད་འདོན་ཐེངས་བདུན་ལ་སླེབས་པའི་སྐབས་དང་བསྟུན་ནས་སྔོན་དུ་དྲ་རྒྱ་སོ་སོ་ནས་ཁྱབ་བསྒྲགས་ཕུལ་དོན་བཞིན་ངེད་རྩོམ་སྒྲིག་ཚོགས་པས་དེ་སྔར་ལོ་དེབ་ནང་དུ་བཀོད་ཟིན་པའི་རྩོམ་པ་པོ་དག་ལ་རྟེན་འབྲེལ་མཚོན་བྱེད་དང་ཡང་ན་རྩོམ་པ་པོ་དག་ལ་སྤྲོ་བ་ཅུང་བསྐྱེད་ཕྱིར་རྩོམ་རིག་བདམ་གསེས་ཀྱི་ལས་འགུལ་ཆུང་ཆུང་ཞིག་སྤེལ་བ་ཡིན། སྤྱིར་རྩོམ་རིག་བདམ་གསེས་ལ་དཀའ་ཁག་ཆེན་པོ་སྲིད་པས་འདི་ཡིན་འདི་མིན་གྱི་ཤན་འབྱེད་ཡེ་ནས་དཀའ་མོད། འོན་ཀྱང་བདམ་གསེས་བྱེད་ཕྱོགས་ཀྱི་ཐད་ནས་༧སྐྱབས་རྗེ་རིན་པོ་ཆེ་ཡོངས་འཛིན་སྨྲ་དབང་མཆོག་དང་༧སྐྱབས་རྗེ་ཐམས་ཅད་མཁྱེན་པ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས་མཆོག་གྱུར་གྱི་སྐྱེས་བུའི་ཞལ་རྩོམ་རྣམས་ཕུད། དེ་མིན་ངེད་རྩོམ་སྒྲིག་པ་ཡོངས་ཀྱིས་ཉིན་གསུམ་བཞིའི་རིང་དུ་ལོ་དེབ་བདུན་པོའི་མགོ་མཇུག་བར་གསུམ་ལ་ཞིབ་བལྟ་བྱས་ནས་སྡེ་ཚན་རེ་རེའི་ནང་ནས་རེ་རེ་སྟེ་དྲུག་རེ་དང་ཡོངས་སྡོམ་རྩོམ་སོ་དྲུག་བདམས་པ་ཡིན། མཐར་གྲོས་སྡོམ་ཚོགས་འདུའི་སྐབས་༧ཞུ་སྟོན་རིན་པོ་ཆེ་ཡོན་ཏན་རྒྱ་མཚོ་ལ་སྙན་གསན་ཕུལ་བ་བརྒྱུད་མཐར་སྡོམ་གྱི་བདམ་གསེས་རྩོམ་སྣ་དྲུག་ཐག་གཅོད་གནང་བ་ཡིན། འདིའི་དམིགས་བྱའི་རྩ་དོན་ནི། ཚིག་སྒྲིག་གི་ནུས་པ་ཙམ་མ་ཡིན་པར་རྩོམ་གྱི་ནང་སྙིང་གི་བརྗོད་དོན་དང་དེའི་ཁ་ཕྱོགས། ཡང་ན་སྤྱི་ཕན་གྱི་ནང་དོན་ལྡན་པ་མི་རིགས་ཀྱི་རིག་གཞུང་ལ་བློ་བསྐྱེད་སྤྲད་ཐུབ་པ་རང་ཕྱོགས་ཀྱི་བློ་ཡིས་འཐེན་འཁྱེར་མ་ཡིན་པ་སོགས་ཏེ་གང་མང་ཞིག་གི་ཆ་ལ་གཞིགས་ཏེ་བདམས་པ་ཡིན།

dd.jpg

    ཐེངས་འདིར་ཐོབ་པའི་རྩོམ་པ་པོའི་མཚན་དང་རྩོམ་གྱི་མིང་། སྡེ་ཚན་དང་པོ། ལོ་རྒྱུས་གསེར་རིའི་བང་རིམ་ནང་། རྩོམ་པ་པོ“དགེ་བཤེས་ཚུལ་ཁྲིམས་འབྱུང་གནས”ལགས་ཀྱི་ཁྲོམ་ཡུལ་དུ་དབང་ལྡན་ཞུ་ཡི་བསྟན་པ་དར་ཚུལ་ཞེས་པ་དེ་དང་། སྡེ་ཚན་གཉིས་པ། བསླབ་བྱ་རིན་ཆེན་གསེར་ཞུན་ནང་། རྩོམ་པ་པོ“ཨ་ཀུན་གསལ་ཟླ་བ”ལགས་ཀྱི་ཞི་བདེ་སེམས་ཀྱི་བསླབ་བྱ་ཞེས་པ་དེ། སྡེ་ཚན་གསུམ་པ། རིག་གནས་མུན་སེལ་སྒྲོན་མེའི་ནང་། རྩོམ་པ་པོ“ཁྱུང་སྨྱུག་མཛེས”ལགས་ཀྱི་སུམ་ཅུ་བའི་དཔེ་བརྗོད་གཞུང་ལུགས་རྒྱ་མཚོར་འཇུག་པ་ཞེས་པ་དེ། སྡེ་ཚན་བཞི་པ། སྙན་རྩོམ་ཚངས་སྲས་བཞད་སྒྲའི་ནང་། རྩོམ་པ་པོ“ཉག་གཡུ་འབྲུག་”ལགས་ཀྱི་ཁྱོད་དང་ང་ཡི་འོས་འགན་ཞེས་པ་དེ། སྡེ་ཚན་ལྔ་བ། དཔྱད་བརྗོད་རིག་པའི་མཐོང་ལམ་ནང་། རྩོམ་པ་པོ་ནག་དགེ་བཤེས་དགེ་ལེགས་སྦྱིན་པ་ལགས་ཀྱི་བོན་གསར་གྱི་བྱུང་ཁུངས་ལ་དཔྱད་པ་ཞེས་པ་དེ། སྡེ་ཚན་དྲུག་པ། བགྲོ་གླེང་རིག་པའི་དེད་དཔོན་ནང་། རྩོམ་པ་པོ“ལྷ་བུ་བློ་བཟང”ལགས་ཀྱི་བོད་ཀྱི་སྐད་ཡིག་དང་བོད་མིའི་བར་ཐག་གླེང་བ་ཞེས་པ་བཅས་ཡིན་པས་རྩོམ་པ་པོ་ཁོངས་རྣམས་ལ་ཞེ་ཐག་ནས་རྟེན་འབྲེལ་ཞུ། མ་འོངས་པ་ནའང་ལོ་གསུམ་དང་བདུན་སོགས་གང་རུང་དུ་འདི་འདྲའི་བྱ་འགུལ་སྤེལ་རྩིས་ཡིན་པས་དགོངས་འཇགས་འཚལ། འདི་ནི་ལྷག་བསམ་གྱིས་བཞེངས་བའི་མཆོད་པ་ཡིན་ལ། འདི་ནི་སེམས་ཁོངས་ནས་ལུད་པའི་འོ་མའི་རང་མདངས་ཡིན། རྩོམ་པ་པོ་དག་ལ་རྟེན་འབྲེལ་སྙིང་ནས་ཞུ་ཞེས་སྟོང་སྲས་ལྷ་བུས་ཚེས་བཅོ་ལྔའི་དགོང་མོར་གནས་ཚུལ་རགས་བསྡུས་སུ་བགྱིས་པའོ།།

bb.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།