རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེའི་གྱ་སྟོན་དང་རྟོགས་ལྡན་བླ་བྲང་གི་རབ་གནས་མཛད་སྒོ།

[ཟླ་ཚེས། 2016-10-02 09:36:44][རྩོམ་པ་པོ། གོ་སྒྲིག་ཚན་ཆུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་དགོན་༧དཔལ་གཤེན་བསྟན་བཤད་སྒྲུབ་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་གི་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེའི་སྐུའི་གྱ་སྟོན་དང་རྟོགས་ལྡན་བླ་བྲང་གི་རབ་གནས་མཛད་སྒོ།
08.jpg

ངོ་མཚར་སྟོན་གྱི་འཛུམ་ཞལ་ངོམ་པའི་དུས།།
ངོ་མཚར་གཡུལ་དུ་ཟ་བའི་ལོ་འབྲས་སྨིན།།
ངོ་མཚར་རྗེ་བཙུན་བླ་མའི་གྱ་སྟོན་དང་།།
ངོ་མཚར་བླ་བྲང་རབ་གནས་མཛད་སྒོ་སྤེལ།།
05.jpg
07.jpg

   དེ་ཡང་བཀྲ་ཤིས་ཉིན་བཟང་གི་དུས་ཚེས་ཁྱད་པར་ཅན་སྲོག་གཟའ་དགེ་བའི་ཉིན། བོད་མེ་སྤྲེལ་ལོའི་ཟླ༨ཚེས༡༩སྤྱི་ལོ2016ལོའི་ཟླ9ཚེས21ཉིན་ནས་ཚེས་22ཚེས23བར་ཉིན་གསུམ་གྱི་རང་ལ་རྟོགས་ལྡན་ཁྲི་འཛིན་བཅུ་གསུམ་པ་༧སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་ཐེག་མཆོག་བསྟན་པའི་ཉི་མ་མཆོག་གི་དགུང་གྲངས་བརྒྱད་ཅུའི་ཁྲུངས་སྐར་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་དགོན་༧དཔལ་གཤེན་བསྟན་བཤད་སྒྲུབ་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་མཆོག་ཏུ་མཛད་སྒོ་སྤེལ། དེ་དང་འབྲེལ་རྟོགས་ལྡན་བླ་མ་རྣམ་བཞིའི་བླ་བྲང་ཁམས་གསུམ་ཟིལ་གནོན་ཆེན་མོ་གསར་བཞེངས་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་རབ་གནས་ཀྱི་སྒོ་འབྱེད་གནང་།

42.jpg
35.jpg

   ཉིན་དང་པོའི་ཞོགས་ཀའི་ཉི་ཟེར་དང་འགྲོགས་ཏེ་མཁར་བརྡ་བཏང་བ་ནས་བཟུང་ཚོགས་འཚོགས་ཏེ་འདུ་ཁང་ནས་རྟོགས་ལྡན་དགོན་པ་གཙོས་ཕྱོགས་སོ་སོ་ནས་ཕེབས་པའི་བླ་མ་སྤྲུལ་སྐུ་དགེ་བཤེས་མཁན་པོ་རྣམ་པ་དང་། བཤད་གྲྭ་ཁག དགོན་སྡེའི་གྲྭ་ཚང་ཁག་སོགས་ཡོད་ཚད་རྟོགས་ལྡན་བླ་བྲང་དུ་ཕེབས། རྟོགས་ལྡན་བླ་བྲང་གི་སྒོ་ཆེན་མདུན་ངོགས་ནས་ཚོགས་ཆེན་དབུ་མཛད་ཆེན་མོས་གསོལ་འདེབས་ཀྱི་ཐོག་མར་བདེ་རྒྱལ་མས་དབུ་བསྐུལ་ཏེ་བཀྲ་ཤིས་མཆོད་པའི་རོལ་མོ་ཕུལ། མདོ་འཛིན་པས་དབུ་བཟུང་སྟེ་བླ་བྲང་གི་འགྲོ་སོང་རྩིས་སྤྲོད་བྱས།

14.jpg
13.jpg
06.jpg
24.jpg

   བླ་བྲང་གི་སྦྱིན་བདག་ཆེན་མོ་སྐུ་ཞབས་དུང་གིས་༧སྐྱབས་རྗེ་མཆོག་ལ་བླ་བྲང་གི་ལྡེ་མིག་ཕུལ། ༧སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེས་བླ་བྲང་གི་གོ་རིམ་གསལ་བསྒྲགས་གནང་སྟེ་སྦྱིན་བདག་སྐུ་ཞབས་དུང་གཟའ་མི་གཉིས་ལ་བཀའ་དྲིན་མཚོན་པའི་ལེགས་སྐྱེས་ཕུལ། དེར་བཞུགས་བླ་གྲྭ་འདུས་སྡེ་ཡོངས་ཀྱིས་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ལྟར་སྒོ་དབྱེ་མཛད། རྟོགས་ལྡན་སྐྱབས་རྗེ་བླ་མ་རྣམ་གཉིས་ཀྱིས་རིག་པའི་སྒྲོན་མེ་སྤར། གདོང་ལི་བསྟན་པ་རབ་རྒྱས་དང་ཉག་སྤྲུལ་བསོད་ནམས་རྒྱ་མཚོ་རྣམ་གཉིས་དང་དུང་སྦྱིན་བདག་གིས་དར་ཚོན་བཅད་ནས་སྒོ་འབྱེད་བྱས། རྟོགས་ལྡན་བླ་མ་རྣམ་བཞིའི་གཙོས་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་མཁན་གསུམ་དགེ་བཤེས་མཁན་པོ་རྣམས་ཀྱིས་རིག་པའི་ལྡེ་མིག་གིས་སྒོ་ཕྱེས་ཏེ་སེམས་དཔའ་འདུས་སྡེ་རྒྱ་མཚོའི་ཚོགས་རྣམས་བླ་བྲང་གི་འདུ་ཁང་ནང་དུ་ཕེབས།

22.jpg
33.jpg
09.jpg

   བླ་བྲང་གི་སྟེང་འོག་ཀུན་ཏུ་བཀྲ་ཤིས་རབ་གནས་མཛད། དེ་ནས་རིམ་བཞིན་རྡོབ་རྡོབ་དང་དགེ་བསྐོས་ཀྱིས་དབུ་བྱས་ཏེ་བཀྲ་ཤིས་པའི་དར་དང་རྒྱལ་མཚན་རྔ་ཡབ་སྤོས་མཆོད་གླིང་བུ་དུང་ཆེན་རྔ་དང་སྦུབ་ཆོལ་སིལ་སྙན་སོགས་བཀྲ་ཤིས་པའི་རྫས་ཀྱིས་སྣ་དྲངས་སྟེ་དཀར་མཛེས་ཁུལ་རྔ་བ་ཁུལ་ཀན་སུའི་ཞིང་ཆེན་མཚོ་སྔོན་ཞིང་ཆེན་བོད་ལྗོངས་སོགས་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་རྣམས་ཀྱིས་མདུན་བསུས་པ་དང་རྟོགས་ལྡན་སྐྱབས་རྗེ་བླ་མ་ཉི་ཟླ་ཟུང་འབྲེལ་རླངས་འཁོར་བཀྲ་ཤིས་རིང་མོའི་ནང་དུ་བཞུགས་ནས་སེམས་དཔའ་འདུས་སྡེ་རྒྱ་མཚོས་རྗེས་སུ་སེར་འཕྲེང་གི་གྲལ་སྒྲིག་སྟེ་ཚོགས་ཆེན་འདུ་ཁང་ཆེན་མོའི་མདུན་ནས་སེར་འཕྲེང་ནོར་བུ་དགའ་འཁྱིལ་དང་བཀྲ་ཤིས་མཆོད་རྡུང་ཆེན་མོས་མཐའ་བརྒྱན་ཏེ་སྐྱབས་རྗེ་ཚུལ་ཆེན་རིན་པོ་ཆེ་མཆོག་གསེར་ཁྲིར་བཞུགས་ཤིང་སངས་རྒྱས་སྨོན་ལམ་མཐའ་ཡས་ཀྱིས་དབང་གནང་འགོ་བརྩམས། བཀའ་དབང་ཟབ་མོ་གནང་ཚར་རྗེས་བསླབ་བྱ་དང་བརྒྱུད་རིམ་གནང་། ཉིན་རེ་བཞིན་ཉིན་དང་པོ་སངས་རྒྱས་སྨོན་ལམ་མཐའ་ཡས་ཀྱི་དབང་དང་ཉིན་གཉིས་པར་ཀུན་བཟང་རྒྱལ་བ་རྒྱ་མཚོའི་དབང་དང་ཉིན་གསུམ་པར་སངས་རྒྱས་ཚེ་དཔག་མེད་ཀྱིས་དབང་བཅས་ལེགས་པར་བསྐུར།

15.jpg
23.jpg
56.jpg
43.jpg

   དེ་ནས་གཏང་རག་གི་མཎྜལ་ཕུལ་ཏེ། གདོང་ལི་སྤྲུལ་སྐུ་ལུང་རྟོགས་བསྟན་པ་རབ་རྒྱས་ཀྱིས་མཎྜལ་ཕྱག་ཏུ་སྣབས་ཏེ་ཉག་སྤྲུལ་བསོད་ནམས་རྒྱ་མཚོས་མཎྜལ་བཤད་པ་གསུང་བ་དང་འབྲེལ་སྐྱབས་རྗེ་རྟོགས་ལྡན་བླ་རབས་བཅུ་གཉིས་པ་ཁྲི་བ་རིན་པོ་ཆེ་མཆོག་དབུས་བཞུགས་སྐུ་གསུང་ཐུགས་རྟེན་བཀྲ་ཤིས་རྟགས་བརྒྱད། རིན་ཆེན་ནོར་བདུན་བཀྲ་ཤིས་རྫས་བརྒྱད་སོགས་ཕྱོགས་སོ་སོ་ནས་ཕེབས་པའི་བླ་གྲྭ་དགོན་ཁག་ལྔ་བཅུ་ཙམ་གྱིས་བརྟན་བཞུགས་ཕུལ། དེར་རྗེས་ཉིན་དང་པོའི་སྦྱིན་བདག་ཁྱིམ་ཁ་གཉིས་དང་ཤོག་སྟོད་མའི་སྡེ་ཤོག་སོ་སོས་སྐུ་གསུང་ཐུགས་རྟེན་ལ་སོགས་མཆོད་སྤྲིན་རྒྱ་ཆེན་ཕུལ།

39.jpg
18.jpg

   དེ་ནས་ཉིན་གཉིས་པར། ཉིན་དེའི་སྦྱིན་བདག་དང་མཚོ་སྔོན་དང་རྔ་ཡུལ་གྱི་དགོན་ཁག་སོ་སོ་དང་ཉིན་དེའི་སྦྱིན་བདག་གཉིས་གཙོས་ཤོག་བར་མའི་སྡེ་ཤོག་སོ་སོས་བླ་མ་དགྱེས་པའི་མཆོད་སྤྲིན་དུ་མནྜལ་སྐུ་གསུང་ཐུགས་རྟེན་སོགས་ཀྱིས་བརྟན་བཞུགས་ཕུལ།

04.jpg
10.jpg

   ཉིན་གསུམ་པར་ཉིན་དེའི་སྦྱིན་བདག་དང་རང་དགོན་གྱི་དགོན་མ་ལག་གདོང་ལི་དགོན་གྱི་གཙོས་དགོན་སྡེ་ཁག་དང་ཤོག་སྨད་མའི་སྡེ་ཤོག་སོ་སོར་བྱས་ཏེ་བཀྲ་ཤིས་པའི་དར་ཚོན་སྣ་ལྔའི་སྣ་དྲངས་ཏེ་སྐུ་གསུང་ཐུགས་རྟེན་ལ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་གྱ་ནོམ་པའི་མཆོད་ཡོན་རྒྱ་ཆེན་པོས་བརྟན་བཞུགས་ཕུལ།
དེ་ཡང་ཉིན་གསུམ་གྱི་རིང་ལ་ཞོགས་ཇ་སྐབས་སུ་རང་དགོན་གྱི་སློབ་མ་དག་གིས་རྟོགས་ལྡན་ཚུལ་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་རང་ལུགས་ཀྱི་གཤེན་བསྟན་ལམ་རིམ་ཆེན་མོ་བློ་རྒྱུགས་ཕུལ། བླ་མ་གྲྭ་ཚང་འདུས་པ་རྒྱ་མཚོས་ཉིན་གོང་ཞལ་ལག་གསོལ་སྐབས་ཉིན་དང་པོ་རྟོགས་ལྡན་དགོན་གྱི་ཕྱི་ནང་གི་སློབ་མ་གདོང་ལི་རིན་པོ་ཆེ་གཙོས་བླ་གྲྭ་དགེ་བཤེས་དག་གིས་རྟགས་གསལ་བཏང་། ཉིན་གཉིས་པར་རྫ་སྟེང་ཆེན་དགོན་གྱི་སློབ་མ་རྣམས་ཀྱི་རྟགས་གསལ་བཏང་། ཉིན་གསུམ་པར་གཞི་རིང་བྱམས་བརྩེ་སློབ་གླིང་ཁམས་བྱང་བཤད་སྒྲུབ་སློབ་གླིང་གི་སློབ་མ་རྣམས་གྱིས་རྟགས་གསལ་བཏང་།

21.jpg
17.jpg
03.jpg

 དགུང་མོར་རྟོགས་ལྡན་དགོན་ཞང་ཞུང་རྫོགས་ཆེན་སློབ་གླིང་གི་བཤད་པ་གྲྭ་ཚང་སྡེ་སྣོད་ཐོས་བསམ་ཉིན་བཤད་གླིང་གི སློབ་རྣམས་ཀྱི་རྟོགས་ལྡན་དགོན་སྐབས་བཅོ་བརྒྱད་པའི་ཤེས་རིག་གླེང་སྟེགས་ཀྱི་མཛད་སྒོ་སྤེལ། སྐབས་དེ་དང་འབྲེལ་ཐེངས་འདིར་ཕེབས་པའི་དགོན་སྡེ་སོ་སོ་ལ་རྟེན་སྐལ་དུ་ཤེས་རབ་སྨྲ་བའི་སེང་གེའི་སྐུ་རེ་དང་རྟོགས་ལྡན་སྤྲུལ་སྐུ་རྣམ་གཉིས་ཀྱི་གསུང་འབུམ་ཚར་རེ་དང་དྲན་རྟེན་གྱི་པར་རེ་ཕུལ།

16.jpg
28.jpg
26.jpg

   ཉིན་གསུམ་གྱི་རིང་ལ་ཉིན་གུང་གི་ཚོགས་གྲོལ་བ་དང་བསྟུན་བླ་གྲྭ་འདུས་སྡེ་ཡོངས་རྟོགས་ལྡན་བླ་བྲང་གི་མཁར་རྙིང་ནང་ཆེན་མཁར་དུ་ཕེབས་སྟེ་སྡེ་བ་སོ་སོའི་གླུ་དང་གར་གྱི་མཆོད་པ་ལ་འདུས་སྡེ་དད་ལྡན་མང་ཚོགས་ཡོངས་ཀྱི་ཡིད་སེམས་དགའ་བའི་ངང་རོལ་མྱོང་བྱས།

31.jpg
29.jpg
 37.jpg

   དེ་ལྟར་ཉིན་མ་དེ་དག་གི་ཕྱི་དྲོའི་ཆུ་ཚོད་དང་པོ་ནས་ཉིན་གསུམ་གྱི་རིང་ལ་གླུ་གར་གྱི་མཆོད་པ་ཕུལ། ཞབས་བྲོའི་རུ་ཁུག་ནི་ཁམས་སྡེ་དགེ་བ་དང་། རྒྱལ་རོང་བཀའ་ཁྱབ་སྡེ་བ། དཀར་ཕྱུག་སྡེ་བ། སྟག་ཚང་སྟོད་མ། སྟག་ཚང་སྨད་མ། ཁུག་མགོ་སྡེ་བ་བཅས་ཡིན་ལ། དེ་མིན་ས་ཕྱོགས་ཕྱོགས་སོ་སོ་ནས་སྐད་གྲགས་ཅན་དང་འཇོན་ཐང་ཅན་གྱི་རྒྱལ་ཕྱི་ནང་དང་བོད་མདོ་དབུས་ཁམས་གསུམ་ན་མིང་དུ་གྲགས་པའི་གླུ་བ་གླུ་མ་བཞི་བཅུ་ལྷག་དང་མདོ་འཛིན་པ་སོགས་ལ་གླ་ཆ་སོགས་ཅི་ཡང་མ་དགོས་པར་དད་སེམས་སྤྲོ་བའི་ངང་ནས་རང་ཤུགས་ཀྱིས་འདུ་ལོང་བྱས་ཏེ་རང་རང་ས་ནས་བླ་མ་དགྱེས་པའི་མཆོད་སྤྲིན་དུ་སྐད་ངག་སྙན་མོ་ལ་རོལ་ཚོགས་ཀྱི་རམ་འདེགས་ཀྱིས་བརྒྱན་ཏེ་ཡིད་སེམས་འགུག་པའི་མཆོད་དབྱངས་སྣ་ཚོགས་ཀྱིས་མཆོད་པ་ཕུལ། མཐར་བཀྲ་ཤིས་བདེ་ལེགས་ངང་ནས་གྱ་སྟོན་གྱི་མཛད་སྒོ་ལེགས་པར་གྲོལ།

34.jpg
36.jpg
30.jpg
41.jpg

   དེར་རྗེས་བླ་གྲྭ་ཡོངས་རྫོགས་དབྱར་སྟོན་ལ་རོལ་ཞིང་གྱ་སྟོན་སྐབས་ཀྱི་མཛད་རྗེས་ཅན་གྱི་མི་སྣ་རྣམས་ལ་གཟིངས་བསྟོད་དང་སྡེ་བོ་སོ་སོར་བཀའ་དྲིན་མཚོན་པའི་རྟེན་དང་བཀྲ་ཤིས་ཁ་གཡང་བཅས་བཀྲ་ཤིས་ཕུན་སུམ་ཚོགས་པའི་ངང་ནས་མཇུག་ལེགས་པར་གྲུབ་པའོ།། འདིར་བྱ་བའི་བྲེལ་ཚུབ་གྱིས་དབང་གིས་ལྷག་སོང་བ་དང་ནང་དུ་མ་ཚུད་པ་མང་པོ་ཡོད་སྲིད་པའི་དགོངས་འགལ་མེད་པར་ཞུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།