ཁྱུང་གི་རིག་གནས་དཔྱད་གླེང་ཚོགས་འདུ་ཆབ་མདོ་སྟེང་ཆེན་དུ་འཚོགས་པ།

[ཟླ་ཚེས། 2016-09-01 20:59:50][རྩོམ་པ་པོ། གཡུང་དྲུང་ཡེ་ཤེས།][རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།][ཀློག་གྲངས། ]

 449625653122228829.jpg

     ཉེ་ཆར་སྐབས་དང་པོའི་ཁྱུང་གི་རིག་གནས་དཔྱད་གླེང་ཚོགས་འདུ་ཆབ་མདོ་སྟེང་ཆེན་རྫོང་དུ་སྐོང་འཚོགས་བྱས་པ་དང་། ཐེངས་འདིའི་ཚོགས་འདུར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཐུབ་བསྟན་ཕུན་ཚོགས་ལགས་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཐོགས་མེད་ལགས། དེ་བཞིན་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་སྐུ་གཞོན་ཀུན་དགའ་ཡེ་ཤེས་ལགས་སོགས་རིག་གནས་པ་མང་པོ་གདན་འདྲེན་ཞུས་ཡོད་པ་རེད། དཔྱད་གླེང་ཚོགས་འདུའི་ཐོག་འདི་ག་ལས་ཁུངས་ཀྱི་གསར་འགོད་པས་དགེ་རྒན་ཆེན་མོ་བ་ཐུབ་བསྟན་ཕུན་ཚོགས་ལགས་ལ་བཅར་འདྲི་ཞུས་ཡོད།

595823246542778.jpg
གསར་འགོད་པ་གཡུང་དྲུང་ཡེ་ཤེས་ཀྱིས་དགེ་རྒན་ཆེན་མོ་བ་ཐུབ་བསྟན་ཕུན་ཚོགས་ལགས་ལ་བཅར་འདྲི་ཞུ་བཞིན་པ།

     རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་གསར་འགོད་པར། ད་ཐེངས་ང་ཚོགས་འདུ་འདིར་ཞུགས་ཐུབ་པ་དེ་ཧ་ཅང་དགའ་པོ་བྱུང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་རིག་གནས་དར་སྤེལ་གཏོང་རྒྱུའི་ཐད་ཡང་ནས་ཡང་དུ་སྐུལ་མ་གནང་ཡོད། རིག་གནས་ནི་མི་རིགས་ཀྱི་ཁྲག་རྒྱུན་ལྟ་བུ་ཞིག་རེད། ཁྱུང་གི་རིག་གནས་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་ཆ་ཤས་ཞིག་ཡིན་པ་དང་། སྟེང་ཆེན་ནི་ཁྱུང་གི་རིག་གནས་དར་ས་གཙོ་བོ་དང་ཁྱུང་གི་རུས་རྒྱུད་འཚོ་བ་སྐྱེལ་ས་རེད། རིག་གནས་དར་སྤེལ་བཏང་བ་བརྒྱུད་སྟེང་ཆེན་གྱི་དཔལ་འབྱོར་དང་མི་དམངས་ཀྱི་འཚོ་བ་གོང་འཕེལ་འགྲོ་ཐུབ་ཡོད་ཅེས་གསུངས།

67710182098729345.jpg

     ཐེངས་འདིའི་དཔྱད་གླེང་གྲོས་ཚོགས་ཐོག་གཙོ་བོ་ཁྱུང་གི་རིག་གནས་དང་འབྲེལ་བའི་མདོ་དབུས་མཐོ་སྒང་གི་གདོད་མའི་ཆོས་ལུགས་ཀྱི་ཐུན་མིན་ཁྱད་ཆོས་དང་། གནའ་རབས་ཞང་ཞུང་གི་ས་ཁམས་དང་ཡུལ་སྲོལ་རིག་གནས་ཀྱི་རྣམ་པ། ཁྱུང་གི་རིགས་རུས་དང་འབྱུང་ཁུངས་ལོ་རྒྱུས། མདོ་དབུས་མཐོ་སྒང་གི་སྣོད་བཅུད་ཀྱི་བཀོད་པའི་རྣམ་པ་དང་གསོ་རིག དེ་བཞིན་གནས་རི་དང་བླ་མཚོ། བྲག་བརྐོས་རི་མོ། རྡོ་བརྐོས་དང་གནའ་ཤུལ། ཁྱུང་གི་རིག་གནས་རྟོགས་ཞིབ་བྱས་པའི་ཟིན་ཐོ། སྔ་རབས་ཡིག་ཚགས་འཚོལ་བསྡུ་དང་ཞིབ་འཇུག་སོགས་ཁྱུང་གི་རིག་གནས་དང་འབྲེལ་བའི་སྐོར་ཡིན་པ་མ་ཟད། མ་འོངས་ཁྱུང་གི་རིག་གནས་འདི་ཉིད་འཚོལ་བསྡུ་དང་ཞིབ་འཇུག་ཐད་ཐབས་ལམ་གང་འདྲ་ཞིག་བཟུང་ནས་སྟོང་ཆ་དེ་ཁ་སྐོང་དགོས་པ་སོགས་གཙོ་བོར་བཟུང་སྟེ་དཔྱད་གླེང་གནང་ཡོད།

532818452448440836.jpg

གསར་འགོད་པ་གཡུང་དྲུང་ཡེ་ཤེས་ཀྱིས་སྟེང་ཆེན་རྫོང་གི་རྫོང་དཔོན་སྐུ་གཞོན་ཐར་བྷོ་ཚེ་རིང་ལགས་ལ་བཅར་དྲི་ཞུ་བཞིན་པ།

     སྟེང་ཆེན་རྫོང་གི་རྫོང་དཔོན་སྐུ་གཞོན་ཐར་བྷོ་ཚེ་རིང་ལགས་ཀྱིས་གསར་འགོད་པར། སྐབས་དང་པོའི་ཁྱུང་གི་རིག་གནས་དཔྱད་གླེང་ཚོགས་འདུར་མཁས་པ་ཤིན་ཏུ་མང་པོ་འཛོམས་ཡོད། སྟེང་ཆེན་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གི་མ་འོངས་པར་ཁྱུང་གི་རིག་གནས་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ་དང་གསུམ་པ་འཚོག་རྒྱུའི་འཆར་གཞི་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་ཁྱུང་གི་རིག་གནས་དར་སྤེལ་བྱེད་པ་བརྒྱུད་སྟེང་ཆེན་གྱི་དཔལ་འབྱོར་དང་མི་དམངས་མང་ཚོགས་ཀྱི་འཚོ་བ་གོང་འཕེལ་ལ་སྐུལ་འདེད་ཐུབ་བྱ་རྒྱུ་དེ་ཡིན་ཞེས་གསུངས་འདུག

72993967335223192.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།