ལྡོང་རྫོང་གཤེན་བཙུན་སྨིན་གླིང་དུ་ཚད་མའི་རིགས་སྒྲ་ཐེངས་དང་པོར་འཚོགས་པ།

[ཟླ་ཚེས། 2016-08-14 19:53:53][རྩོམ་པ་པོ། བྱ་མ་རྟ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 000.jpg

   དེ་ཡང་ཁྱུང་པོ་སྟེང་ཆེན་རྫོང་ཁོངས་སུ་ཆགས་པའི་དབང་ལྡན་ཞུ་ཡི་གདན་ས་གཡུང་དྲུང་བོན་གྱི་བཙུན་མའི་འདུས་སྡེ་ཆེན་མོ་ལྡོང་རྫོང་གཤེན་བཙུན་སྨིན་གླིང་དུ་སྤྱི་ལོ་༢༠༡༦ལོའི་ཟླ་༧ཚེས་༣༠ནས་ཚད་མའི་རིགས་སྒྲའི་འཆད་རྩོད་དབུ་འཛུགས་གནང་སྟེ། ཕྱི་ཟླ༨ཚེས་༡༢བར་བདུན་ཕྲག་གཉིས་རིང་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་ལེའུ་དང་པོ་འཆད་ཁྲིད་དང་རྩོད་སྦྱང་མཛད། དེ་ཡང་ཉིན་རེར་དཔེ་ཁྲིད་ཐེངས་གཅིག་དང་། སྔ་ཕྱི་དྲོར་ཆུ་ཚོད་ལྔ་དང་ཕྱེད་ཀ་རྩོད་སྦྱང་དང་དམ་བཅའ་བཅས་འཚོགས་ཤིང་། ཚེས་༡༢ཉིན་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་དང་། མཁན་མོ་ཚུལ་ཁྲིམ་རྒྱལ་མོ། ཁྱུང་སྤྲུལ་གཡུང་དྲུང་ཚུལ་ཁྲིམས། བྱ་བཏང་བཙུན་མའི་འདུས་སྡེའི་མཁན་པོ་དགེ་བཤེས་ཁྲི་གཙུག་རྒྱལ་མཚན། བྱ་ཟེ་དགོན་གྱི་མཁན་པོ་ཤེས་རབ་བསྟན་འཛིན། དགེ་རྒན་ཁྲི་གཙུག་སོགས་དཔང་བཞུགས་དབུས་གླིང་ཁག་གཉིས་སུ་བགོས་ཏེ།

01.jpg

   སྔ་ཕྱི་དྲོ་ཆུ་ཚོད་གསུམ་རིང་ཕྱོགས་གཉིས་ལུང་རིག་ཟུང་སྦྲེལ་གྱི་སྒོ་ནས་རྩོད་པའི་འགྲན་བསྡུར་རྒྱ་ཆེར་གནང་རྗེས་དགེན་ཁྲི་གཙུག་ནས་རྒྱལ་ཕམ་གྱི་ཁྱབ་ལོག་མང་ཉུང་ཚོགས་དབུས་སུ་སྒྲོག་སྦྱོང་ཞུས་མཐར་སློབ་དཔོན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་ནས་ཚད་མའི་རིགས་སྒྲ་ཚོགས་པའི་དགོས་ཕན་དང་། མ་འོངས་པའི་ཁ་ཕྱོགས་གང་ལྟར་དགོས་དོན་སྐོར་ནས་ཞལ་བསླབ་གནང་ཞིང་། མཇུག་མཐར་བླ་སློབ་རྣམས་སྟབས་ཅིག་ཏུ་ཚོགས་ཁང་ཆེན་མོའི་མདུན་དུ་རུ་སྟར་གྱིས་ཕྱག་རྒྱའི་ཐལ་མོ་སྙིང་ཁར་བཏད་དེ་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ཚིག་དབྱངས་སུ་གྱེར་ཞིང་དགེ་རྩ་འཁོར་གསུམ་མི་དམིགས་པ་ཡིས་རྒྱས་བཏབ་པར་མཛད།

05.jpg

   དེ་མཚམས་ཐེངས་དང་པོའི་ཚད་མའི་རིགས་སྒྲའི་དྲན་རྟེན་གྱི་མཉམ་པར་སྒྲོན་ཞིང་། ཚེས་༡༣ཉིན་ཐེངས་དང་པོའི་ཚད་མའི་རིགས་སྒྲ་ཁ་དགེ་ལེགས་གྲུབ་བྱུང་བར་དགའ་སྤྲོའི་གཏང་རག་གི་ཚུལ་དུ་འདུས་པ་སྤྱི་ལ་གསོལ་སྟོན་གྱ་ནོམ་པར་ཕུལ།

03.jpg

   དེ་ཡང་ད་ལན་འདི་གའི་ཚད་མའི་རིགས་སྒྲ་འདི་ཉིད་སྐབས་ཁྱུང་མོ་དགོན་བཙུན་མའི་བཤད་སྒྲུབ་སློབ་གླིང་དང་། བྲག་མགོ་རྒྱ་རོང་དགོན། ཉག་རོང་བྱ་བཏང་རི་ཁྲོད། ཟམ་ཞིག་རེ་ནེ་དགོན། སྒང་རུ་དར་རྒྱས་དགོན་བཅས་བཙུན་མའི་སློབ་གླིང་ཁག་ལ་གདན་ཞུས་ཕུལ་ཏེ། བོད་ཡུལ་དུ་ཡོད་པའི་བཙུན་མའི་བཤད་སྒྲུབ་སློབ་གླིང་ཁག་ཕན་ཚུན་མཉམ་གནས་དང་། འབྲེལ་འདྲིས་ཇེ་ཟབ། ཤེས་ཡོན་མཐོར་འདེགས། རིག་ལམ་གཅིག་སྒྱུར་སོགས་ཡོང་རེའི་ཆེད་དུ་དམིགས་ཏེ།

02.jpg

   ད་ལན་བོད་ཞུགས་བཙུན་མའི་ཚད་མའི་རིགས་སྒྲ་ཆེན་མོ་ཐེངས་དང་པོ་དེ་འདི་གར་འཚོགས་རྒྱུའི་རེ་འདུན་བཤམས་པ་བཞིན་ཕྱི་ནང་ཁོར་ཡུག་གི་རྐྱེན་པས་ཚང་འཛོམས་མ་ཐུབ་རུང་། འདི་གའི་བཙུན་མའི་བཤད་གྲྭ་བ་གཙོས་བཙུན་མ་བརྒྱ་ཕྲག་གཅིག་མ་ཟིན་ཙམ་མཉམ་ཞུགས་ཀྱིས་རྩོད་སྦྱང་ཧུར་ཐག་གནང་མཐུས་གང་ལ་དེ་འཚམས་ཀྱི་ཡར་རྒྱས་དང་གོ་རྟོགས་ལེགས་པོ་བྱུང་ཡོད་ལ། སླད་ཕྱིན་འདི་དང་འདི་ལྟ་བུར་བཙུན་མའི་སྡེ་ལའང་ལུང་གི་བོན་ལ་འཆད་རྩོད་རྩོམ་གསུམ་དང་། རྟོགས་པའི་བོན་ལ་སྒོམ་སྒྲུབ་ཉམས་བཞེས་སོགས་ཕྱོགས་སུ་མི་ཆད་ཅིང་། ཉམས་མེད་ཡུན་ཏུ་གནས་པའི་སྨོན་ཚིག་དང་བཅས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།