2016ལོའི“ཞང་བོད་རྩོམ་རིག་ཕུལ་བྱུང་བྱ་དགའ”གསལ་བསྒྲགས།

[ཟླ་ཚེས། 2016-07-20 11:00:18][རྩོམ་པ་པོ། རྒྱལ་གཤེན་བོན་སྒྲ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 851256250745979164.jpg

     རྒྱ་ཆེའི་ཞང་བོད་ཀྱི་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ། ཕྱི་ལོ་༢༠༡༥ཟླ་༩ཚེས་༡༧ཉིན་རྒྱལ་གཤེན་བོན་སྒྲས་«ཞང་བོད་རྩོམ་རིག་ཕུལ་བྱུང་བྱ་དགའ»འབུལ་རྒྱུའི་རྩོམ་བརྡ་དྲ་ཚིགས་ཁག་མང་པོ་ཞིག་བརྒྱུད་ནས་སྤེལ་ཡོད་ལ། དེ་བཞིན་རྩོམ་ཡིག་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཁའི་གྲུབ་འབྲས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་ནོར་༧དཔོན་གསས་བླ་མ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་(བོད་ཟླ་༥ཚེས་༡༥)ཉིན་ཡོངས་ཁྱབ་གསལ་བསྒྲགས་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད། དེས་ན་འདི་ལོའི་འགྲན་རྩོམ་ཞང་ཞུང་གི་ས་སྐོར་ལ་དཔྱད་པའི་རྩོམ་ཡིག་གི་ཁྱབ་ཁོངས་སུ་དཔྱད་རྩོམ་གྲངས་བཅུ་གསུམ་འབྱོར་བའི་ནང་ནས་ཨང་དང་པོ་རྩོམ་པ་པོ་རིན་སྤུངས་ཚུལ་བསྟན་གྱི་«ཞང་ཞུང་སྒོ་བའི་མངའ་ཁོངས་ཟིང་ཆུ་ཕྱོགས་སུ་བོན་བསྟན་དར་ཚུལ་ལ་དཔྱད་པ»ཞེས་པ་དང་།

311042992704047758.jpg

     ཞང་ཞུང་རྒྱལ་རྒྱུད་ཀྱི་ཆེ་བ་དང་མཛད་རྗེས་བརྗོད་པའི་སྙན་རྩོམ་རིང་མོའི་ཁོངས་སུ་རྩོམ་ཡིག་གྲངས་ཉེར་ལྔ་འབྱོར་བའི་ནང་ནས་རྩེ་ཕུད་དམ་ཨང་དང་པོའི་བྱ་དགའ་རྩོམ་པ་པོ་གྲགས་ཅན་ཀླུ་སྨྱོན་ཧེ་རུ་ཀའམ་སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོའི་«ཞང་ཞུང་རྒྱལ་ཁམས་ཉུལ་བའི་གླུ»ཞེས་ཚིག་བཅད་ང་བཞི་ཅན་གཉིས་ལ་དཔྱད་འདེམ་གྱི་བྱ་བ་གང་ནས་བལྟས་ཀྱང་འདྲ་མཉམ་དང་དྲང་བཞག་གི་རྩ་དོན་གཙིགས་སུ་བཟུང་སྟེ་ཨང་ཐོབ་ཕུལ་ཡོད། རྩེ་ཕུད་རྩོམ་ཡིག་གཉིས་རྒྱལ་གཤེན་བོན་སྒྲ་བརྒྱུད་ནས་ཀློག་པ་པོ་རྣམས་པའི་སྤྱན་ལམ་དུ་རིམ་གྱིས་འབུལ་འཆར་ཡོད། དེ་བཞིན་ཐེངས་གཉིས་པའི་«ཞང་བོད་རྩོམ་རིག་ཕུལ་བྱུང་བྱ་དགའ»ཡི་རྩ་བའི་བརྗོད་གཞི་དང་ཕྱི་ལོ་ཟླ་ཚེས་སོགས་རྩོམ་བརྡའི་གསལ་བསྒྲགས་ཀྱང་མི་འགྱངས་པར་ཞུ་འཆར་དང་། སླད་ཆར་ཡང་ཞང་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་འགྲན་བསྡུར་གྱི་ཆ་ཤས་གང་ཐུབ་ཀྱིས་བཞེས་ཐུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས་རྒྱལ་གཤེན་བོན་སྒྲས་ཕུལ། ཞང་བོད་ཀྱི་རྩོམ་རིག་རྒྱལ་ལོ།། །།

རྩོམ་པ་པོ་རྣམ་གཉིས་ངོ་སྤྲོད།
111111.jpg

     སྤྲུལ་སྐུ་ངག་དབང་བསྟན་འཛིན་ཡེ་ཤེས་རྒྱ་མཚོའམ་ཆོས་དབྱིངས་རིག་པའི་རྡོ་རྗེ། ཡོངས་གྲགས་སུ་སྤྲུལ་སྐུ་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ནི་བོད་མདོ་སྨད་མཚོ་སྔོན་མང་རར་འཁྲུངས། སློབ་ཆུང་མཐར་ཕྱིན་པའི་རྗེས་སུ་རེ་ཞིག་བྱིས་པ་གཉོར་སྐྱོང་དང་ནོར་ལུག་གི་རྫི་བོ་བྱས། སྤྱི་ལོ་༡༩༨༤ལོར་རྗེ་བླ་མའི་གདན་ས་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ཆོས་སྒོར་ཞུགས་ཏེ་བདེ་གསང་འཇིགས་གསུམ་གྱིས་མཚོན་པའི་ཆོས་སྤྱོད་བློ་འཛིན་དང་། ཐུན་མོང་རིག་གནས་སུམ་རྟགས་སྙན་ངག བསྡུས་གྲྭ་དང་ཕར་ཕྱིན་ལམ་རིམ་སོགས་སློབ་གཉེར་གང་ཐད་ནས་རང་དགོན་གྱི་གྲྭ་རིགས་རྩེར་སོན་པའི་གྲས་སུ་བསླེབས། རྗེ་བླ་མ་མཆོག་གིས་ཀྱང་ཆོས་དང་ཟང་ཟིང་གཉིས་ཐད་ནས་བུ་བཞིན་བརྩེ་བས་བསྐྱངས། བོད་ཁུལ་གྱི་དགོན་པའི་དུས་དེབ་ཐོག་མ་ལྗང་མྱུག་རྩོམ་སྒྲིག་པའི་འགན་ཁུར། བོད་ཁུལ་གྱི་སྦྲང་ཆར་དང་མཚོ་སྔོན་བོད་ཡིག་གསར་འགྱུར་སོགས་སུ་རྩོམ་ཡིག་སྣ་མང་སྤེལ་ཏེ་བྱ་དགའ་ཡང་ཐེངས་གསུམ་ལ་ཐོབ།
     སྤྱི་ལོ་༡༩༩༤ལོ་ནས་སློབ་གཉེར་དང་གནས་མཇལ་གྱི་ཆེད་དུ་བལ་ཡུལ་དང་རྒྱ་གར་དུ་བསྐྱོད། དེ་རུ་ཡང་སྙན་ངག་དང་སྒྲུང་རྩོམ་སྣ་ཚོགས་བྲིས་སྤེལ་བྱས་པས་ཀླུ་སྨྱོན་ཧེ་རུ་ཀ་ཞེས་སྙན་གྲགས་རྒྱས། སྤྱི་ལོ་༢༠༠༡ལོར་ཨ་མེ་རི་ཁར་བསྐྱོད་ནས་ད་ལྟ་བར་ཨ་རི་དང་ཁེ་ན་སྒྲ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་དད་ལྡན་ཚོར་བོད་ཀྱི་ནང་ཆོས་འཆད་སྤེལ་དང་རྩོམ་འབྲིའི་ལས་ཀར་འཇུག་བཞིན་ཡོད།
སྤྱི་ལོ་༢༠༡༥ལོ་ནས་སྣུམ་ཚོན་དང་རྡོ་ཚོན་རི་མོ་སྣ་ཚོགས་བྲིས་པར་ཡང་མང་ཚོགས་ཀྱིས་གདེང་འཇོག་མི་དམན་པ་ཐོབ། སྔ་ཕྱིར་བོད་ཡིག་དང་དབྱིན་ཡིག་གི་རྩོམ་དེབ་བཅུ་བཞི་ལྷག་བྲིས་ཤིང་དཔར་སྐྲུན་བྱས། བོད་ཀྱི་ས་དགེ་བཀའ་རྙིང་གི་བླ་མ་བཞི་བཅུ་ཞེ་ལྔ་ཙམ་ལས་མདོ་སྔགས་ཀྱི་ཟབ་ཆོས་ཞུས། ཨ་མེ་རི་ཀར་རྫོགས་ཆེན་རྫོང་དང་། བྱམས་བརྩེ་གླིང་སོགས་གསར་འཛུག་བྱས།

218318673107097362.jpg

     རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་བར་རོང་སྡེ་བའི་པཎ་ཙ་འོག་མ་ཚང་དུ་སྤྱི་ལོ་༡༩༨༠ལོའི་ཟླ་བ་༧ཚེས་༢༤ཉིན་སྐྱེས། ༡༩༩༥སྟེང་ལ་རིན་སྤུངས་དགོན་དུ་གྲྭ་སྒོར་བཞུགས། རང་ལོ་བཅུ་བདུན་སྟེང་༡༩༩༧ལོ་༢༠༠༣ལོའི་བར་ལ་རང་དགོན་གྱི་སྒྲུབ་གྲྭར་བསྡད།
     ༢༠༠༤ལོ་ནས་༢༠༠༨ལོ་མཇུག་རིང་ལ་བོད་ལྗོངས་ལྷ་ས་སེ་ར་ཐེག་ཆེན་གླིང་དུ་གྲྭ་སྐོར་བཞུགས་ཏེ་བསྡུས་རྟགས་བློ་གསུམ། གྲུབ་དོན་ས་གསུམ། ཕར་ཕྱིན། ཚད་མ་སོགས་གཞུང་ལུགས་སྐོར་ལ་སློབ་གཉེར་བྱས། ༢༠༡༠ལོ་ནས་༢༠༡༣ལོའི་བར་ལ་པེ་ཅིང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་ཕར་ཕྱིན་དབུ་མ། མཛོད་སོགས་ལ་སློབ་གཉེར་ཚུལ་བཞིན་གནང་སྟེ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རབ་འབྱམས་པའི་ཡོན་གནས་ཀྱི་ལག་ཁྱེར་ཐོབ།
     ༢༠༠༧ལོ་ནས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་གཙོ་སྒྲིག་པའི་འགན་བཞེས་ཏེ་ད་བར་ལོ་དེབ་སྤྱི་དེབ་བཅུ་འགྲེམ་སྤེལ་གནང་། ༢༠༡༠ལོ་ནས་ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པའི་འགན་བཞེས། ༢༠༡༠ལོ་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷ་ཚོགས་ཀྱི་དྲུང་ཡིག་པའི་འགན་བཞེས། ༢༠༠༧ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གིས་ལས་གཞི་བོན་གྱི་ཤེས་རིག་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པར་གདན་དྲངས་ཏེ་ཚིག་མཛོད་ཀྱི་ལས་ཀ་གནང་སྟེ་མི་སྣ་ལྔས་བསྒྲིགས་ཏེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། བོད་ཡིག་ཚིག་མཛོད་ཆེན་མོ་ལས་བོན་གྱི་སྐོར་གྱི་རྩོམ་སྒྲིག་པའི་མི་སྣའི་གྲས་སུ་བཞུགས། གཞན་གཞུང་སྒེར་གྱིས་གཉེར་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལ་ཐེངས་དུ་མར་ཞུགས། ༢༠༡༥ལོར་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དང་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དྲུང་ཡིག་ཆེན་མོའི་འགན་སོགས་བཞེས་མུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།