ནོར་ཝེ་པིར་ཀིན་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས14པ་འཚོགས་པ།

[ཟླ་ཚེས། 2016-06-25 17:03:50][རྩོམ་པ་པོ། གཟེར་མིག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

     སྤྱི་ལོ2016ལོའི་ཟླ6པའི་ཚེས19-25ཉིན་བར་དུ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་བཞི་པ་དེ་ནོར་ཝེའི་སློབ་ཆེན་མཉམ་སྦྲེལ་རིག་གཞུང་ཚོགས་པ་དང་ཨོ་སོ་ལོ་སློབ་ཆེན(University of Oslo)། པིར་ཀིན་གཙུག་ལག་སློབ་ཆེན(University of Bergen)། ཁྲོམ་སཱོ་སློབ་ཆེན(University of Tromso)བཅས་ཀྱི་བཀོད་སྒྲིག་ལྟར། པིར་ཀིན་གྲོང་ཁྱེར་གྱི་པིར་ཀིན་གཙུག་ལག་སློབ་ཆེན་དུ(University of Bergen)དངོས་སུ་འཚོགས་ཏེ་མཇུག་སྒྲིལ་ཡོད་པ་རེད།

DSC00671.JPG

     སྤྱི་ཚེས19ཉིན། ཚོགས་ཆེན་གྱི་དབུ་འཛུགས་དངོས་སུ་གནང་ཡོད་པ་དང་མཛད་སྒོའི་སྟེང་ཚོགས་ཆེན་གོ་སྒྲིག་པ་ལྕམ་ཧཱ་ན(Hanna Hanevik)ལགས་ཀྱིས་ཚོགས་ཆེན་གྱི་ལས་རིམ་ཁག་ངོ་སྤྲོད་གནང་རྗེས། ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོ་ཁ་ཎ་ཊའི་རྦི་རིས་ཀྲེས་ཞིས་ཀོ་ལིམ་ཕིག་ཡ་གཙུག་ལག་སློབ་ཆེན་གྱི(University of British Columbia)བོད་རིག་པའི་དགེ་རྒན་ཆེན་མོ་ཚེ་རིང་ཤཱཀྱ་ལགས་ཀྱིས་འཚམས་འདྲི་དང་བཅས་ངོ་སྤྲོད་གནང་བ་ལྟར་ན། ད་ལན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ནོར་ཝེ་རྒྱལ་ཁབ་ཏུ་ཚོགས་པ་ཐེངས་གཉིས་པ་དེ་ཆགས་ཡོད་ལ། ནོར་ཝེ་ཡི་བོད་རིག་པ་བ་ཚོས་ཡུལ་དེའི་གཙུག་ལག་སློབ་ཆེན་ཁག་དང་བོད་ནང་གི་ཞིབ་འཇུག་ལྟེ་གནས་ཁག་གི་བར་འབྲེལ་མཐུད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་མ་ཟད། བོད་རིག་པ་བ་མང་པོ་བསྐྱེད་བསྲིང་བྱས་ནས་བོད་ནང་གི་རིམ་པ་འདྲ་མིན་གྱི་ཤེས་ཡོན་ལྟེ་གནས་མང་པོའི་ནང་ཕྱག་ལས་གནང་བཞིན་ཡོད་པ་དེར་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད།

DSC00667.JPG

     རྗེས་སུ་ཤར་ནུབ་གཙུག་ལག་སློབ་ཆེན་ཁག་གི་སྐུ་ཚབ་འགས་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་དང་བཅས་བོད་རིག་པའི་ཞིབ་འཇུག་པ་ལྕམ་ས་ར(Sarah jacoby)ལགས་ཀྱིས་“བོད་རིག་པའི་ཞིབ་འཇུག་དང་གླེང་མོལ་གྱི་སྒྱུ་རྩལ”ཞེས་པའི་ཐོག་གཏམ་བཤད་གནང་བ་དང་། དེ་ནས་དབྱིན་ཇིའི་ཨོ་ཁི་སི་ཧྥོར་ཌི་གཙུག་ལག་སློབ་ཆེན(University of Oxford)གྱི་བླ་མ་སྐྱབས་ལགས་ཀྱིས་“སྐད་ཡིག་སྲོག་སྙིང་དུ་བཟུང་ནས་ཤེས་བྱས་མ་བཤད་པ་དག་བཤད་པ”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྟེ་ཚོགས་ཆེན་གྱི་དབུ་དངོས་སུ་འགོ་བརྩམས་པ་རེད།

486006429057092279.jpg

     ཐེངས་འདིའི་ཚོགས་ཆེན་སྟེང་ནུབ་གླིང་དང་ཡོ་རོབ། ཉི་ཧོང་། བོད་ཕྱི་ནང་སོགས་རྒྱལ་ཁབ་སུམ་ཅུ་ལྷག་ནས་ཕེབས་པའི་བོད་རིག་པའི་ཞིབ་འཇུག་པའམ་གདན་ཞུའི་ཚོགས་བཅར་བ། ན་གཞོན་ཤེས་ཡོན་པའི་སྡེ་བཅས་ཁྱོན་མི་གྲངས500ལྷག་མཉམ་ཞུགས་གནང་ཡོད་པ་དང་། སོ་སོས་ཆོས་ལུགས་དང་ལོ་རྒྱུས། གནའ་རབས་ཀྱི་བོད་དང་ཞང་ཞུང་། མི་རིགས་རིག་པ། སྤྱི་ཚོགས་རིག་པ། གསོ་བ་རིག་པ། སྐད་བརྡ་རིག་པ་དང་བཅས་པའི་བརྗོད་བྱ་གཙོ་བོར་བྱས་པའི་བརྗོད་གཞི་ཁག53ཚོགས་ཆུང28ལ་བགོས་ཏེ་རང་མོས་ཀྱིས་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་སོགས་སྤེལ་ཡོད་པ་རེད།

113390645590122283.jpg

     གསུང་བཤད་རྣམས་ཀྱི་བརྗོད་བྱ་གཙོ་བོ་སྔར་ལྟར་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། བསྟན་བཅོས་སོགས་ལས་མ་འདས་པ་དེ་རེད། ཡིན་ན་ཡང་། རྒྱལ་ཁབ་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་དང་སློབ་གསོའི་ལམ་ལུགས་མི་འདྲ་བས། ཚང་མས་བརྗོད་བྱ་བོད་རིག་པའི་ཞིབ་འཇུག་སྐོར་ཡིན་རུང་ཁོ་ཚོས་ཞིབ་འཇུག་བྱས་པའི་ཐབས་ལམ་དང་རྨང་གཞིའི་ལྟ་སྟངས་ལ་ཁྱད་པར་ཆེན་པོ་ཡོད་པའི་རྐྱེན་གྱིས་ཞིབ་འཇུག་གི་འབྲས་བུ་ལ་ཡང་ཁྱད་པར་ཆེན་ཡོད་པ་མངོན་གསལ་རེད། དེའི་སྐོར་གྱི་བསམ་བློ་བརྗེ་རེས་ནི་རིག་གཞུང་གི་བརྗེ་རེས་གལ་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ།

DSC00671.JPG

     མཇུག་མཐར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཀྱི་ཚོགས་མི་ཡོངས་ནས་ཚོགས་པའི་རྒྱུན་ལས་འདེམས་པར་འོས་ཤོག་བརྒྱུད་ནས་རྒྱུན་ལས་ཚོགས་མི་བཅུ་གཉིས་གསར་འདེམས་བྱུང་ཡོད་པ་དང་། དེའི་ནང་བོད་རིགས་བོད་རིག་པའི་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་དང་ཇོ་སྲས་བཀྲ་ཤིས་ཚེ་རིང་། རྡོ་རྗེ་དབང་ཕྱུག བླ་མ་སྐྱབས་བཅས་ཀྱང་བདམས་ཐོན་བྱུང་ཡོད། དེ་མིན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་བཅོ་ལྔ་པ་དེ་ཧྥ་རན་སིའི་རྒྱལ་ས་པ་ལིས(Paris, France)དང་ཅེག་རྒྱལ་ས་པ་རག(Prague, Czech Republic)གང་རུང་ལ་འཚོགས་འཆར་གྱི་གྲོས་མོལ་གནང་སྟེ་སྤྱི་ཚེས་ཉེར་ལྔ་ཉིན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གྲོས་ཚོགས་ཐེངས་བཅུ་བཞི་བ་དེ་རྒྱལ་ཁའི་ངང་མཇུག་བསྡུས་ཡོད་པ་བཅས་སོ།།

DSC00671.JPG

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།