མདའ་ཆེན་དགོན་དུ་རྡོ་འབུམ་ཆེན་པོ་གནོད་འཇོམས་ལེགས་ཚོགས་གོང་འཕེལ་གསར་བཞེངས་གནང་བ།

[ཟླ་ཚེས། 2016-03-24 22:51:30][རྩོམ་པ་པོ། འཕན་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

བབ་བཟོ་མདའ་ཆེན་གཡུང་དྲུང་བཤད་སྒྲུབ་དར་རྒྱས་གླིང་དུ་རྡོ་འབུམ་ཆེན་པོ་གནོད་འཇོམས་ལེགས་ཚོགས་གོང་འཕེལ་དང་རྣམ་པར་རྒྱལ་བའི་སྐུ་འདྲ་བཞེངས་པ་ལེགས་གྲུབ་བྱུང་བ།
03.jpg

སྒོ་གསུམ་བྱ་བ་ཅི་དང་ཅིར་འཇུག་ཀྱང་།།གཞན་ལ་གནོད་མེད་ཕན་སེམས་དང་བཅས་ནས།།
མ་འགག་མི་དམིགས་ངང་ནས་གང་སྤྱད་ཀྱང་།།གཡུང་དྲུང་སེམས་དཔའི་སྤྱོད་པ་ཁོ་ནའོ།།

   ཞེས་གསུངས་པ་ལྟར་གཞན་ཕན་ལྷག་བསམ་གཙང་མའི་ཀུན་སློང་གིས་རང་རྒྱུད་ཡོངས་སུ་བསྐུལ་ཞིང་འདི་ཕྱིའི་ཕན་བདེ་འབའ་ཞིག་ལ་བློ་ཁ་ཕྱོགས་ནས་དྲང་ཕྱོགས་དགེ་བའི་ལས་ལ་དོན་གཉེར་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ།། དེ་བཞིན་ཉེ་ལམ་རང་དགོན་པའི་ལས་སྐོས་དགེ་རྒན་གྲྭ་རྐྱང་ཤེས་རབ་རབ་གསལ་ལགས་ཀྱིས་གཙོ་འཛིན་གནང་ཞིང་དད་ལྡན་མང་ཚོགས་རྣམས་ཀྱི་དགེ་སྦྱོར་ཚོགས་གསོག་གི་མཐུ་སྟོབས་བཟང་བོའི་དཔལ་ལས་བྱུང་བའི་ལྷ་མཆོག་གཤེན་རབ་རྣམ་པར་རྒྱལ་བའི་གསེར་ཟངས་ཀྱི་འདྲ་སྐུ་ཆེན་མོ་དང་རྡོ་འབུམ་འདི་གཉིས་ལེགས་གྲུབ་བྱུང་པའི་དུས་བཟང་འདི་དང་སྐབས་བསྟུན་ནས་དོན་ཚན་རིམ་པ་ཁག་ཅིག་ཞུ་བར་འདོད་དོ། །

01.jpg
དོན་ཚན་དང་པོ། སྐུ་འདྲ་འདི་བཞེངས་མཁན་གྱི་ཀུན་སློང་།
སེམས་བསྐྱེད་རྣམ་པར་མ་དག་ན། ། བདག་འཛིན་འཁྲུལ་བ་རྒྱུན་མི་ཆད། ། 

ཅེས་གསུངས་བ་ལྟར་རང་གཞན་སུ་ཞིག་ཡིན་རུང་བྱ་བ་ཆེ་ཕྲ་གང་ཞིག་བསྒྲུབས་ཀྱང་གཙོ་བོ་བསམ་པ་རྣམ་དག་སྟེ་ཀུན་སློང་གཙང་མ་ཡིན་རྒྱུ་འདི་གལ་ཆེན་ནང་གི་དོན་ཆེན་རེད།འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་ནས་རང་གི་ཁེ་སྙན་གྲགས་དང་བདེ་བ་ཉི་ཚེ་བ་ཙམ་ཞིག་དོན་དུ་གཉེར་ཅི་ཐུབ་ཀྱིས་མང་ཚོགས་ལ་སྐུལ་སློང་དང་མགོ་སྐོར་བཏང་བ་སོགས་ནི་ཤིན་ཏུ་ནས་ཀྱང་མ་རུང་བའི་ལས་ཡིན་པས་འདི་དག་ནི་གཏན་ནས་བྱ་མི་རིགས་སོ།། དེ་ཐེངས་ཀྱི་གསེར་ཟངས་ལས་གྲུབ་པའི་སྐུ་འདྲ་འདི་ཉིད་བཞེངས་མཁན་ལ་མཚོན་ན་ཡང"བསམ་པ་ཡར་འཛིན་དང་སྐུད་པ་ཡར་འཁེལ"གྱི་ཚུལ་ཁོ་ན་ལས་རང་ཉིད་མི་སྒེར་གྱི་དོན་དག་དང་ཁེ་སྙན་གྲགས་སོགས་ཀྱི་ཆེད་དུ་ཡེ་ནས་མིན་ཞིང་ལྷག་པར་དུ་བྱ་བའི་མགོ་མཇུག་བར་གསུམ་ལའང་ལྷག་བསམ་ཟོལ་མེད་དང་དགེ་སྒྲུབ་དམངས་ཕན་གྱི་ཀུན་སློང་ཁོ་ན་གཙིས་སུ་བཟུང་ནས་ཁོང་ཉིད་ཀྱིས་ཀྱང"སྔ་བ་གསུམ་གྱི་སྔོན་མ་དང་ནམ་མཁའ་སྤྲིན་གྱི་ཐོག་མ"བྱས་ཏེ་བྱ་བ་སྒྲུབ་པ་དང་གྲྭ་གྲོང་གི་དབྱེ་བ་མེད་པར་གཙོ་བོ་བྱ་བའི་ཉམས་མྱོང་ཡོད་མཁན་དག་ལ་བློ་འདྲི་གྲོས་གསུམ་གྱིས་བྱ་བ་འདི་ཉིད་ལེགས་གྲུབ་བྱུང་བ་ལ་བརྩོན་པ་གང་མང་གནང་ཡོད། དེ་མིན་མང་ཚོགས་དང་ལས་སྣེ་བ་སུ་དང་སུ་ཡིན་རུང་དགེ་བ་དང་སྤྱི་སེམས་འབའ་ཞིག་ལས་རང་སྒེར་གྱི་ཁེ་སྙན་སོགས་ལ་ཡེ་ནས་དམིགས་མེད་པས་འདིར་ཆེད་དུ་བཀའ་དྲིན་དང་ཡི་རངས་ཡོད།

10.jpg
དོན་ཚན་གཉིས་པ། བྱ་བའི་གོ་རིམ།

   ༡ ས་སློང་བའི་སྐོར། ད་ཐེངས་ཀྱི་བྱ་བ་འདི་གཞི་རྒྱ་ཆེ་ཞིང་སྔར་མེད་གསར་དུ་སྐྲུན་པ་ཞིག་ཡིན་པས་སྐུ་འདྲ་བཞེངས་སའི་ས་ཡང་གཞན་ལ་སློང་བ་རེད། སྔོན་སྤྱི་ཚོགས་རྙིང་བའི་ནང་ས་འདི་དགོན་པའི་ས་ཡིན་ཡང་དམངས་གཙོ་བསྒྱུར་བཅོས་སྐབས་སུ་ས་འདི་ཞིང་ས་རུ་བཅོས་ནས་འབྲུ་རིགས་འདེབས་ས་བྱས། སྐབས་དེར་མཉམ་ལས་ཁང་གིས་བདག་བྱེད་ཡོད་པས་ཡུལ་ཚོ་འདིའི་རུ་ཆེན་གསུམ་པ་ས་བདག་རེད། དེ་རྗེས་བསྒྱུར་བཅོས་སྒོ་འབྱེད་སྐབས་སུ་རུ་ཆེན་གསུམ་པའི་ཁྱིམ་ཚང་སྒེར་ལ་བགོས་ནས་ཁྱིམ་ཚང་ཁྱིམ་ཚང་གི་ཞིང་ས་བྱས། དེ་ནས་ད་བར་དུ་འགྱུར་བ་གང་ཡང་བཏང་མེད། དེ་བས་གྲྭ་བ་ཤེས་རབ་རབ་གསལ་གཙོ་བོ་བྱས་ནས་མི་སྣ་འགས་ར་ཁུ་ཁ་བཏགས་རེ་བཟུང་སྟེ་ས་བདག་རེ་རེ་བཞིན་ས་སློང་བ་རེད། ས་བདག་རྣམ་པས་ཀྱང་ལྷག་བསམ་གཙང་མའི་སྒོ་ནས་རང་མོས་རང་ཐད་ཀྱིས་རང་ཉིད་ཁྱིམ་ཚང་སྒེར་གྱི་ཞིང་ས་དེ་སྐུ་འདྲ་བཞེངས་སའི་གཞུང་ལ་ཕུལ་བ་རེད། ས་བདག་རྣམས་ནི་ནེའུ་གསེང་ལམ་འོག་གི་བདུད་འདུལ་ཚང་གི་གཡུང་དྲུང་ལྷ་མོ་དང་ཟམ་ཁའི་དཔའ་ལྡན། རྩྭ་ས་གཞུང་གི་ཀླུ་འབུམ་བཅས་རེད། ལྷག་པར་དུ་གཡུང་དྲུང་ལྷ་མོས"ས་འདི་ནི་ཁོ་ཚང་གི་ཨ་ཁུ་སྨན་པ་ཚང་སྐུ་འཚོ་བཞུགས་སྐབས་སུ་དར་ལྕོག་འཐེན་ས་བྱ་དགོས་གསུངས་ནས་ཁྱིམ་ཚང་གཞན་དང་ས་ཚོང་རྒྱབ་པ་ཡིན་པས་གཞན་གྱིས་ཐེ་གཏོགས་གང་ཡང་མེད་ཚུལ་དང་། ད་ཐེངས་ཁྱོད་རྣམ་པས་འདི་འདྲའི་དགེ་བ་རླབས་ཆེན་རེ་བསྒྲུབ་ཐུབ་ན་ས་ད་ལོས་ཀྱང་སྦྱིན"ཞེས་ཟེར་ནས་དང་ལེན་བྱས་སོང་། གཞན་གཉིས་ཀ་ཡང་དེ་བཞིན་ནོ།།

12.jpg

༢ སྐུ་འདྲ་བཞེངས་སའི་ཁྲི་གདན་ལས་པའི་སྐོར། སྐུ་འདྲ་བཞེངས་སའི་ཁྲི་གདན་ནི་ལས་ཀ་འདིའི་ཁྲོད་ཀྱི་གཙོ་གྲས་ཤིག་ཡིན། ལྷག་ཏུ་མང་ཚོགས་ཀྱི་སྟོབས་ཤུགས་གཙོར་གྱུར་བའི་ལས་ཀ་ཞིག་ཡིན།སྐུ་འདྲ་བཞེངས་སའི་ཁྲི་གདན་རྡོ་བརྩིགས་ཀྱི་གཞི་རྒྱ་ཆེ་ཆུང་ལ་རྨིད་ཞེ་བཞི་ཡོད་དེ་ཕྱོགས་བཞི་ཅན་དང་ཕྱོགས་རེ་ལ་རྨིད་བཅུ་གཅིག་རེ་ཡོད། མཐོ་ཚད་ལ་རྨིད་དྲུག་ཡོད། བང་རིམ་ལྔ་བརྩེགས་ཡིན། འདི་འདྲའི་གཞི་རྒྱ་ཆེ་བའི་ལས་ཀ་ཞིག་ལེགས་གྲུབ་བྱུང་བ་ལ་མང་ཚོགས་ཀྱི་སྟོབས་ཤུགས་ནི་ཅི་བས་ཀྱང་མཁོ་ཨང་།དེ་ཡང་གྲྭ་བ་ཤེས་རབ་རབ་གསལ་གཙོ་བྱས་ནས་གྲྭ་གྲོང་མང་ཚོགས་ཡོངས་ཀྱིས"རང་གྲོ་ཁུ་མ་དང་རང་རྟ་སྒ་བཟུང"གིས་ཉིན་བཅོ་ལྔ་ལྷག་ལ་ལས་ཀ་ལས། འདིའི་ནང་དུ་དགུ་བའི་ཡེ་ཤེས་གྲུབ་ཀྱིས་རྡོ་ལྗིད་འཐེན་རླངས་འཁོར༼金刚车༽བརྒྱད་རིན་སྐར་གང་ཙམ་ཡང་མ་བླངས་པར་རོགས་སྐྱོར་བྱས།དེ་མིན་ས་གནས་མང་ཚོགས་ཀྱིས་ཀྱང་འདྲུད་འཐེན་འཁོར་ལོ༼拖拉༽དང་ལས་ཆས་སྣ་ཚོགས་རང་འགུལ་གྱིས་ཁྱེར་ནས་ཉིན་བཅོ་ལྔ་ལྷག་གི་རིང་ལ་ལས་ཀ་ལས། ཐ་ན་དྲོ་ཇ་ཙམ་ཡང་རང་གྲོ་ཡིན།རྡོ་འདྲུད་འཐེན་ལྔ་བརྒྱ་ལྷག་དང་བྱེ་མ། ཨར་འདམ་སོགས་ཀྱང་མང་དུ་དྲུད་ཡོད། རྡོ་བརྩིགས་ལས་བཟོ་བ་དང་ལག་རྩལ་བ། རྡོ་དྲུད་མཁན་དང་བརྩིགས་མཁན། རྐོ་མཁན་ཚང་མ་རང་ལ་ནུས་པ་གང་ཡོད་ཀྱིས་རང་ཉིད་ལས་ཀ་གང་ལ་ཞུགས༼ཕྱོགས་གཞན་ཀྱི་རྡོ་རྩིགས་གླ་བ་ཁ་ཤས་ཕུད༽།ལས་ཀ་འདི་ལ་ཞུགས་སྐབས་སུ་གྲྭ་གྲོང་ལས་ཞུགས་ཚང་མ་རང་མོས་རང་ཐད་ཡིན་པ་ལས་གཞན་ཀྱི་འཇིགས་སྐུལ་གཡོ་ཐབས་དང་ཀུན་སློང་ངན་པའི་འགྲན་རྩོད་སོགས་ཡེ་ནས་མིན།ཀ་འདི་ལ་སྟོབས་ཤུགས་ཆེ་ཞིང་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་ཡོད།གཞན་བྱ་བའི་མགོ་མཇུག་རབ་གསུམ་ལ་བླ་ལྷག་གིས་འགན་ཁུར་མཁན་ཡང་མང་དུ་ཡོད་མོད། རེ་རེ་བཞིན་མིང་བྲིས་ན་ཡི་གེ་མང་བར་དོགས་པས་མ་བྲིས་སོ།།

09.jpg

༣ སྐུ་འདྲ་བཞེངས་སྐྲུན་གྱི་སྐོར། ༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་སྐུ་འདྲ་རིན་པོ་ཆེ་འདི་ཉིད་དང་པོ་བཞེངས་སྐྲུན་སྐོར་གྲྭ་བ་ཤེས་རབ་རབ་གསལ་གྱིས་རྒྱལ་བའི་གསུང་རབ་ལས་གསུངས་པའི་སྐུ་འདྲའི་ཚད་ཐིག་དངོས་དེ་གཞིར་བཟུང་ནས་རུ་ཆེན་དང་པོའི་དགེ་ཐར་ཕྱུག་སོགས་དང་ལྷུན་དུ་ནང་ལོག་གྲོང་ཁྱེར་ཁྲི་ཏུའུ་ཡི་ཉེ་ལོགས་ཤིག་ནས་བཞེངས་རྡུང་བྱས། སྐུའི་མཐོ་ཚད་ལ་རྨིད་གསུམ་དང་ཕྱེད་ཀ་དང་ཞེང་ལ་རྨིད་གཉིས་ལྷག་བཅས་ཡོད། སྤུས་ཚད་ཀྱང་གཏེར་ཟངས་དངོས་ལས་སྐྲུན། སྐུ་འདྲ་ལེགས་གྲུབ་བྱུང་རྗེས་ནང་ལོག་ནས་རང་དགོན་དུ་གདན་འདྲེན་ཞུས། དེ་ནས་སྐུ་འདྲར་གཟུངས་གཞུག་འབུལ། གཟུངས་གཞུག་འབུལ་སྟངས་ནི་རྒྱལ་བ་མཉམ་མེད་ཆེན་པོ་དང་མཁན་ཆེན་ཉི་མ་བསྟན་འཛིན་རྣམ་གཉིས་ཀྱི་རིང་ལུགས་མཉམ་སྦྲགས་ཀྱིས་གཟུངས་གཞུག་ཆེན་པོ་གཉིས་ནང་རྫོངས་སུ་ཕུལ། གཞན་ཡང་བཀའ་རྟེན་གྱི་གསུང་རབ་སྣ་ཚོགས་དང་། རིག་འཛིན་གོང་མ་རྣམ་པའི་རིང་བསྲེལ་དང་དམ་རྫས། གདུང་རུས་དང་དབུ་སྐྲ །ན་བཟའ། འབྲུ་སྣ། སྨན་སྣ། སྤོས་རྫས། དགོན་པ་དང་གནས་རི་གྲགས་ཅན་གྱི་ས་སྣ་ཆུ་སྣ།གསེར་དངུལ་ཟངས་ལྕགས་དང་གཡུ་བྱུར་སོགས་རིན་པོ་ཆེ་སྣ་ཚོགས་སོགས་གང་ལ་གང་དགོས་ཀྱི་བརྫངས་པ་གྱ་ནོམ་ཞིག་ཕུལ་ཡོད། གཟུངས་གཞུག་འབུལ་ཚུལ་རྒྱས་འབྲིང་མཐའ་གསུམ་ལས་རྒྱས་པའི་ལུགས་ལྟར་བྱས། དགོན་པའི་ཨ་ལགས་མཆོག་སྤྲུལ་ཤེས་རབ་བློ་གསལ་དང་དགེ་སློང་ཚུལ་ཁྲིམས་ཉི་མ་སོགས་བླ་གྲྭ་བཅུ་གྲངས་ཤིག་གིས་རྣམ་རྒྱལ་སྟོང་མཆོད་ཀྱིས་འབུམ་སྒྲུབ་ལེགས་པར་གནང་བསྐྱངས། དེ་ལྟར་གཟུངས་གཞུག་འབུལ་བའི་བྱ་བ་ལེགས་པར་ཟིན་རྗེས། རྣམ་དག་དང་རབ་གནས་ཆེ་བའི་གཞུང་གཉིས་སྦྲགས་ཏེ་སྤྱན་དབྱེ་གནང་ཞིང་རབ་འདིའི་རྟེན་དང་བརྟེན་པ་མཐའ་དག་ཅི་བསམ་ཡིད་བཞིན་དུ་གྲུབ་སོང་བས་ངོ་མཚར་རབ་ཏུ་ཆེའོ།། 

11.jpg
02.jpg
04.jpg
དོན་ཚན་གསུམ་པ། སྐུ་འདྲ་འདི་བཞེངས་པའི་ཕན་དགེ། 
རྟེན་གསུམ་འགྲོ་བའི་དོན་ཆེད་དུ།།
བསྟན་པ་རྣམ་གསུམ་རྗེས་སུ་བཞག།

   ཅེས་གསུངས་པ་ལྟར།མ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བགོ་སྐལ་དུ་བསྟན་པ་རྣམ་གསུམ་རྗེས་སུ་བཞག ད་ལྟ༧རྣམ་འདྲེན་བརྒྱད་པའི་མགོན་པོ་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་གང་ཉིད་སྐུ་དངོས་སུ་མི་བཞུགས་ཀྱང་རང་ཅག་གི་དགེ་བའི་བགོ་སྐལ་དུ་སྐུ་གསུང་ཐུགས་གསུམ་གྱི་རྟེན་དང་བརྟེན་པ་རྗེས་བཞག་མཛད་ཡོད་པས་འདི་དག་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཟུང་ན་ཚེ་འདི་ཕྱི་གཉིས་ལ་ཕན་པ་བླ་ན་མ་མཆིས་པ་ནི་སྨོས་མ་དགོས། ལྷག་པར་དུ་རང་ཅག་གི་མེ་ཏོག་བབས་པའི་ལྷ་སྐལ་༧སྐྱང་སྤྲུལ་བླ་མ་དྲི་མེད་འོད་ཟེར་རིན་པོ་ཆེ་ཡང་རང་ཅག་གི་ལས་འདི་ལ་ཐུགས་ཤིན་ཏུ་མཉེས་པར་མ་ཟད་གྲྭ་བ་ཤེས་རབ་རབ་གསལ་གྱིས་ཞལ་ཞུས་ཕུལ་བ་དང་ལེན་གྱིས་རབ་འདི་ལ་སྐུ་གསུང་ཐུགས་གསུམ་གྱི་རྟེན་བཞེངས་ཀྱི་ཕན་ཡོན་རྒྱས་པ་ཞིག་ཆེད་དུ་ཕྱག་རྩོམ་གནང་ནས་སྩོལ་ཡོད། དགེ་བའི་ཕན་ཡོན་སྐོར་ནས་བླ་མ་རིན་པོ་ཆེའི་ཕྱག་རྩོམ་དུ་ཤིན་ཏུ་གསལ་པས་འདི་ཙམ་ལས་བསྐྱར་ཟློས་མི་བྱའོ། གཞན་ལས་འདི་ལ་ཞུགས་པ་དང་མ་ཞུགས་པའི་ཡུལ་མི་རྣམས་ཀྱིས་སོམས་དང་། རང་ཅག་གི་དགོན་པར་རྡོ་འབུམ་དང་སྐུ་འདྲ་གཉིས་འཛོམས་ཀྱི་རྟེན་བཞེངས་རྒྱ་ཆེན་པོ་འདི་འདྲ་ཞིག་བྱ་ཐུབ་པ་ནི་ཤིན་ཏུ་ངོ་མཚར་ཆེ། ཀུན་པོས་ཤེས་གསལ་ལྟར་སྐུ་འདྲ་དང་རྡོ་འབུམ་འདི་མི་རབས་ནས་མི་རབས་སུ་གནས་པ་དང་ཤོག་ཁག་འདི་གཙོར་བྱེད་པའི་ཡུལ་ཕྱོགས་འདི་ལ་ཁ་ལས་དགེ་ཞིང་རླུང་རྟ་དར་བ།ནད་ཡོམས་ཟློག་ཅིང་རང་བྱུང་གི་གནོད་འཚེ་སྣོན་པ།མཐུན་སྒྲིལ་དམ་ཞིང་ཁ་རྗེ་དབང་ཐང་དར་བ་སོགས་ལ་ཕན་པ་བླ་མེད་ཡོད་པ་མ་ཟད།"རང་གིས་མཇལ་ན་དགེ་དང་གཞན་གྱིས་མཇལ་ནརྒྱན"ཟེར་བ་ཅི་ལ་མིན། དད་པ་དག་སྣང་སྒོམ་ས། ཕྱག་དང་སྐོར་བ་བྱེད་ས།རང་གི་སྔོན་རབས་འདས་པ་རྣམས་ཀྱི་དགེ་བའི་རྩ་བ་དང་བུ་རབ་ཚ་རྒྱུད་རྣམས་ཀྱི་དད་པའི་རྟེན་དུ་ལྷང་ངེར་བཞུགས་ཡོད་པ་ནི་རབ་ཏུ་དགེའོ། །

07.jpg

གསལ་འདེབས། ངས་འདི་འདྲ་ཞིག་འབྲི་བའི་དགོས་པ་ནི་རང་གི་སྙན་གྲགས་དང་གྲྭ་བ་ཤེས་རབ་རབ་གསལ་ལ་འུད་བསྟོད་བྱེད་འདོད་པ་ཡེ་ནས་མིན། སྐུ་འདྲ་བཞེངས་སྐྲུན་གྱི་བྱ་བ་འདི་གཞུང་གི་བཀོད་སྒྲིག་མིན་པར་སྒེར་ནས་མགོ་བཟུང་སྟེ་དམངས་སྒྲུབ་ཀྱི་རྣམ་པ་ཞིག་ཡིན། འདི་ལ་མ་ཐད་ན་བསམ་འཆར་བཤད་ན་ཆོག་ལ་མ་མོས་ན་རང་ཉིད་བྱ་བ་འདིར་མ་ཞུགས་ཀྱང་ཆོག་ཆོག་ཡིན། བྱ་བའི་ལས་མགོ་རྩོམ་དུས་འཕྲིན་ཕྲན་ཚོམས༼微信群༽གཉིས་བཙུགས་པ་རེད། ཚོམས་དེ་ལ་དགེ་ལས་ཚོགས་པ་ཟེར་ནས་མིང་ཡང་བཏགས། ཡིན་ན་ཡང་དེ་གཉིས་ཀྱི་ནུས་པ་གཙོ་བོ་ནི་ཕན་ཚུན་ལ་བརྡ་བཏོང་བ་དང་ལས་ཀ་གྲོས་བསྡུར་བྱེད་པ་སོགས་ལ་དམིགས་པ་རེད་མ་གཏོགས་ཚོགས་པ་ཞིག་གི་དོན་དག་གཏད་ནས་མ་རེད། གལ་ཏེ་ཚོགས་པ་ཞིག་ཡིན་པའི་དབང་དུ་བཏང་ནའང་སྐུ་འདྲ་བཞེངས་སྐྲུན་དང་རྡོ་འབུམ་ཁྲི་གདན་གྱི་ལས་ཀ་འདི་འདྲ་ཞིག་སྒྲུབ་ག་ལ་ནུས། ལག་ལས་ཀ་དང་རྒྱུ་འབྱོར་བ་གཉིས་ཀ་ནས་མི་འདང་སྟེ། ཚོམས་དེ་གཉིས་ལ་མི་ཉིས་བརྒྱ་ཙམ་ལས་མེད་པས་ཕྱོགས་ཡོངས་ནས་མི་ནུས་སོ།།རླབས་ཆེ་པའི་དགེ་བའི་ལས་འདི་ནི་བབ་བཟོ་ཤོག་ཁའི་སྟོབས་ཤུགས་དང་དགེ་བའི་འབྲས་བུ་ཡིན།རྒྱ་ཡིག་གི༼群༽ཞེས་པ་ནི་ཚོམས་བུའམ་ཁྱུ་ཚོགས་ལ་གོ་བ་ལས་ཚོགས་པ་དང་རྩ་འཛུགས་དག་ལ་གོ་མི་རུང་།འདི་དོན་གྱི་གནད་རྩ་རེད་ཚང་མས་ཤེས་དགོས། ཚོམས༼群༽དེ་གཉིས་ལ་ཡོད་མེད་ཀྱི་མི་མང་བོ་ཞིག་གིས་ཚོམས་དེར་ཡོད་ན་དགེ་ལས་ཚོགས་པ་ཡིན་པ་དང་དེར་མེད་ན་དགེ་ལས་ཚོགས་པ་མིན་པར་བསམ་ནས་ངེད་ཅག་དགེ་ལས་ཚོགས་པའི་ཅིག་ཅིག་རེད། ཁྱོད་ཅག་ཉིག་ཉིག་རེད་ཟེར་ནས་མི་ཤེས་ཤེས་མདོག་དང་མ་ཡིན་ཡིན་ཁུལ་གྱིས་འཆལ་གཏམ་ལབ་མཁན་ཡང་མང་དུ་བྱུང་། ཁྱོད་རྣམ་པས་དོན་གྱིས་སོམས་དང་། སྐུ་འདྲ་འདི་འདྲ་ཞིག་བཞེངས་པ་ནི་མི་སྒེར་ཞིག་དང་ཁྱིམ་ཚང་ཞིག ཡང་ན་སྡེ་བ་ཚོ་བ་ཞིག་གི་དོན་དག་ཅིག་གཏན་ནས་མ་རེད། ལྷག་དོན་སྐུ་འདྲ་འདི་བཞེངས་ས་དགོན་པ་ཡིན་ལ་དགོན་པ་ནི་རང་ཅག་ཚང་མས་དགེ་བའི་ལས་བསགས་སའི་ཞིང་ས་ཞིག་ཏུ་འཛིན་བཞིན་པ་མ་ཡིན་ནམ། སྐུ་འདྲ་འདི་བཞེངས་པའི་ཕན་ཡོན་ཡང་ལས་འདི་དང་འབྲེལ་བའི་མི་རྣམས་གཙོ་བྱས་མ་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་ལས་མི་གཅིག་གཉིས་ཙམ་དང་ཁྱིམ་ཚང་གཅིག་གཉིས་ཙམ་གྱི་ཆེད་དུ་མིན་པ་ནི་ཤིན་ཏུ་གསལ། དེའི་ཕྱིར་ན་ལས་འདི་དང་འབྲེལ་བའི་མི་རྣམས་གཙོ་བྱས་ཚང་མས་ས་ཕྱོགས་འདིའི་མཐུན་སྒྲིལ་དང་འདིའི་མ་འོངས་འཕེལ་རྒྱས་སོགས་ལ་བསམ་བློ་ངེས་པར་དུ་གཏོང་རོགས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།