མང་རི་མཐོང་གྲོལ་གླིང་གི་གདན་ས་གསར་སྤོས་ཀྱི་རབ་གནས་མཛད་སྒོ་འཚོགས་པའི་གནས་བསྡུས།

[ཟླ་ཚེས། 2014-12-07 22:05:04][རྩོམ་པ་པོ། དགེ་བཤེས་གཙུག་ཕུད་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

      ད་ཆ་བོད་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་སྨན་མདའ་ཤང་མཚོ་རོང་གྲོང་དུ་ཡོད་པ་དང༌དགོན་འདི་ནི་ཐོག་མར་མེ་ཉག་ལྕེ་འཁར་བུའི་གདན་ས་ཡིན་ཞིང༌། དེ་ནས་གྲུབ་ཆེན་འོད་བརྒྱ་པ་སོགས་མཁས་གྲུབ་དུ་མས་གདན་ས་སྐྱོངས་སྐབས་ཞིག་ནས་སོག་པོས་གཏོར་ནས་མེད་པར་སོང༌། དེ་རྗེས་སྟོང་རྒྱུང་སྤྲུལ་པ་སྒོ་སྟོན་བློ་གྲོས་བསྟན་པ་ལ་དྭངས་རིའི་བླ་མ་རྣམ་དག་འོད་ཟེར་གྱིས་ལུང་བསྟན་ལྟར་དགོན་པ་བསྐྱར་བཞེངས་གནང་ནས་བླ་རབས་བདུན་ཙམ་གྱི་རིང་ལ་བསྟན་དང་འགྲོ་བའི་དོན་མི་དམན་ཙམ་དུ་བྱུང་ཡོད། དེ་ནས་སྤྱི་ལོ་༡༩༥༩ལོར་བསྟན་པ་སྤྱི་མཚུངས་ལྟར་གཏོར་བརླག་སོང༌།

1-0.gif1-1.gif

      སྤྱི་ལོ་༡༩༨༢ལོར་ཆོས་དད་རང་མོས་སྲིད་ཇུས་ལག་བསྟར་སྐབས་བླ་རྒན་གཡུང་དྲུང་ཚེ་རིང་མཆོག་དང་ཉི་མ་ཀུན་ཁྱབ་གཉེར་རྒན་དཔོན་ནག་ཕུར་བུ་སོགས་བསྟན་དོན་ལ་ལྷག་བསམ་དཀར་བ་རྣམས་མ་གྲོས་བསམ་པ་གཅིག་ཏུ་མཐུན་ཏེ་དགུ་ཆེ་ཆུང་སོགས་དུས་མཆོད་གར་འཆམ་སོགས་གང་ལ་གང་མཚམས་ཉམས་གསོ་གནང༌། དེ་ནས་སྙིགས་དུས་འདྲེན་པ་ཆེན་པོ་གྲུབ་ཆེན་པ་ཉི་མ་རིན་པོ་ཆེ་མཆོག་མདོ་སྨད་ཁུལ་དུ་བསྟན་པའི་དོན་ཆེན་ཕྲག་ཏུ་བཞེས་ཏེ་ཕེབས་སྐབས་བསྟན་དགོན་ཕྱི་ནང་གི་བསྐོས་བཞག་དང་གྲྭ་བཙུན་རྣམས་ལ་དྲོང་སྲོང་དང་གཙང་གཙུག་གི་སྡོམ་པ་གནང་ཞིང༌། སྔོན་མང་རིའི་བླ་མ་སྐམ་བླ་ཉི་མ་འོད་ཟེར་གྱི་ཡང་སྲིད་བླ་རབས་ལྔ་བ་ངོས་འཛིན་གནང་བ་སོགས་མདོར་ན་བསྟན་པའི་དར་ཆེན་དགུང་དུ་ཕྱར་ནས་རླབས་ཆེན་གྱི་འགྲོ་དོན་མང་རི་དགོན་ཙམ་མ་ཡིན་པར་ཁམས་ཕྱོགས་ཀྱི་དགོན་ཁག་ཕལ་ཆེར་ལ་དེ་ལྟར་བཀའ་དྲིན་སྐྱོང་བ་ནི་བསམ་བརྫོད་ལས་འདས་པའི་རླབས་ཆེན་གྱི་བསྟན་དོན་བསྐྱངས་ཡོད་རེད།

3-1.gif3-2.gif

       དེ་ནས་བླ་གྲྭ་ཚང་མས་དཀའ་བ་དྭངས་བླངས་ལྗི་བ་འཕྲག་ཁུར་ཐོག་ལྷ་ཁང་ཀ་རིང་བཞི་དང་ཀ་ཐུང་བཅུ་དྲུག་བཅས་ཀ་བ་ཉི་ཤུ་རྩག་གཉིས་ཅན་དང་བཤད་སྒྲུབ་ལྷ་ཁང་དང་གྲྭ་ཤག་གྲངས་སུམ་ཅུ་ཡས་མས་ཡོད་ལ་ནང་དུ་ཡང་སྨན་སྐུ་གསུམ་བཞི་ཙམ་གྲུབ་ཅིང་ཕུར་པའི་སྒྲུབ་ཆེན་དང་དགུ་ཆེན་གར་འཆམ་སོགས་མིས་སྨོན་རང་སྐྱིད་ཀྱི་བསྟན་དོན་འགྲུབ་ཡོད། ཡིན་ནའང་ས་ཆ་ཆ་རྐྱེན་ཞན་པས་འགྲོ་འདུག་སྟབས་མི་བདེ་བ་སོགས་དཀའ་ངལ་ཆེ་བ་ལ་བརྟེན་ནས་བླ་གྲྭ་མང་ཆེ་བ་ལ་སེམས་ཐོག་གི་ཤིན་ཏུ་ལྕི་བའི་ཁུར་པོ་ནི་ས་ཆ་གཞན་ཞིག་ལ་སྤོ་ཐུབ་ན་བསམ་པ་དེ་ཡིན་པ་རེད། སྟབས་ལེགས་པ་ཞིག་ལ་སྤྱི་ལོ་༢༠༠༣ལོའི་ལོ་འགོར་ཕུར་པའི་སྒུབ་ཆེན་དེ་བོད་ཟླ་གཉིས་ཉི་ཤུ་དགུ་ལ་མཐའ་གྲོལ་རྒྱུ་གཏན་ཁེལ་བྱས་ནས་འཚོགས་ཅིང་ལེགས་གྲུབ་བྱུང་བའི་མཚན་མོ་ཆུ་ཚོད་གཉིས་པ་ཙམ་གྱི་སྐབས་སུ་འོག་ཏུ་སྤྱི་ཁང་ཀ་བ་དྲུག་དང་དྲེལ་ཁང་ཡོད་པ་དང་ཐོག་བླ་བྲང་ཀ་བ་བཅོ་ལྔ་ཅན་བང་བ་རྨ་བྱ་ཁ་སྤྲོད་ཅན་སྤུས་ལེགས་གཅིག་ང་ཚོ་བླ་གྲྭ་མང་ཚོགས་ཚང་མས་ལོ་ཤས་རིང་རྒྱུ་ལུས་གཉིས་ཀྱི་དཀའ་ངལ་རྒྱབ་པ་དེའི་འོག་ཁང་གི་སྒོ་སྒེའུ་ཁུང་ནས་མེ་ལྕེ་དམར་ལྷོང་ལྷོང་དུ་འཆད་ནས་ཚག་སྒྲས་གནམ་ས་གཡོ་བ་ཙམ་བྱས་ནས་འབར་གྱི་འདུག ངས་ཟུར་ཤག་ཏུ་གྲྭ་གཉིས་ཉལ་ཡོད་པ་ལ་བོས་ནས་ཡང་དུ་བལྟ་སྐབས་དགོན་གསེབ་ནས་གུ་དང་ཀི་ཡི་འབོད་པས་ལུང་པ་བཀང་བ་ཙམ་བྱས་སོང༌། དེ་ནས་ང་ཚོ་བླ་གྲྭ་དང་ཡུལ་མི་ཡང་མང་པོ་འདུས་བྱུང་བས་ཆུ་དང་ས་སོགས་ཐབས་ཤེས་གང་ལེགས་སྤྱད་ཀྱང་ཇ་ཡུན་ཙམ་ནས་ཁང་བ་དེ་དམར་ལྷབ་སེ་འགྱེལ་སོང༌། ཕྱི་ཉིན་སྒྲུབ་ཆེན་གྱི་ཕྱི་དབང་མང་ཚོགས་རྣམས་ལ་གནང་རྒྱའི་སྲོལ་རྒྱུན་ཡོད་པ་དང་ཁེལ་ཡོད་པས་མེས་ཚིག་ཤུལ་གྱི་ཤིང་ཆ་རྣམས་ཚུར་འདོན་པའི་སྐབས་སུ་མང་ཚོགས་ཀྱི་སེམས་ཁམས་དང་ངོ་མདོག་ནི་མེ་ཤུལ་གྱི་སྡོང་དུམ་དང་རྣམ་པ་ཀུན་ཏུ་མཚུངས་ཤིང་ཁ་ནས་ཀྱང་ད་ས་ཆ་འདི་རུ་ཐེས་ཟིན་མ་ཐེས་ཕོ་ཤི་རེ་ཁ་ཟེར་ནས་སྨྲེ་སྔགས་འདོན་མཁན་ཤ་སྟག་ལས་མི་འདུག་ལ་དཔལ་ལྡན་ཟེར་མི་རྒན་ཞིག་ད་ལྟ་ཡང་ཡོད་པས་དེ་དག་ངུ་འབོད་ལ་བསམ་བློ་གཏོང་ན་མི་སུ་འདྲ་ཡིན་ཡང་མིག་མཐའ་མཆི་མ་འཁོར་ཞིང་སེམས་ཁམས་སྐྱོ་བས་མི་ཁེངས་དབང་མེད་དུ་གྱུར་སོང༌།

2-1.gif2-2.gif

      དེ་ནས་བླ་གྲྭ་ཡུལ་མི་ཚང་མ་གྲོས་བསྡུར་བྱས་པས་བློ་རྩེ་གཅིག་མཐུན་གྱི་དགོན་ས་སྤོ་རྒྱུའི་གྲོས་ཐག་ཆོད་པས་རྒྱལ་བ་སྨན་རི་ཚང་ལ་བཀའ་རྟགས་ཞུས་འབྲས་དགོན་པ་སྤོ་རྒྱུ་དང་ས་ཆ་གུག་རྩ་འམ་དུང་དཀར་མདའ་ལ་བཀའ་རྟགས་བབ་པས་དེ་ལོ་དབྱར་ཁ་ཆབ་མདོ་རྫོང་དང་ས་ཁུལ་སོགས་ལ་ཆོག་མཆན་ཞུ་ཆེད་གུས་རང་གྲྭ་གཉིས་བཅས་སོང་ཏེ་ལོ་རྒྱུས་ཐོག་བར་མཐའ་གསུམ་དང་དགོས་པ་རྒྱུ་མཚན་གསལ་ཁ་ཞུས་ཅིང་མི་ཐབས་རང་བློ་གང་དགོས་དང་བསྟུན་ཏེ་ཞུས་པས་ཟླ་གཅིག་གི་ནང་ཚུད་གནས་སྤོས་ཆོག་པའི་བཀའ་ཁྲོལ་ཡི་གེ་དེ་རྫོང་ཆོས་དོན་ཇུས་ཀྲམ་རིན་ཆེན་དཔལ་ལྡན་ནས་སྒོ་སྐྱལ་གནང་སོང༌། ལོ་དེ་ནས་བཟུང་འདི་ལོ་བར་ལོ་ངོ་བཅུ་ཕྲག་གི་རིང་ལ་བླ་གྲྭ་ཡུལ་མི་མང་ཆེ་བ་ནས་དངོས་ཤུགས་རྒྱུད་གསུམ་དང་རྒྱུ་ལུས་གཉིས་ཀིའི་སྒོ་ནས་ནུས་པ་ཡོད་དགུ་རྩལ་སྤྲུག་བྱས་འབྲས་སུ་ལྷ་ཁང་ཀ་གྲངས་ལྔ་བཅུ་ང་བཞི་ལ་ཁང་རྩག་བཞི་ཅན་དང་བླ་བྲང་གཉིས་སྒྲུབ་ཁང་གཅིག སྤྱི་ཁང༌། གྲྭ་ཤག་གྲངས་བཞི་བཅུ་ཞེ་གཅིག་སོགས་ལེགས་གྲུབ་བྱུང་བ་དང༌། ནང་བརྟེན་ནི་སྟོན་པ་རྫོགས་སྐུའི་ཆ་ལུགས་ཅན་དང་རྣམ་པར་རྒྱལ་བ། སྟག་ལ། བྱམས་མ། གཤེན་ལྷ་འོད་དཀར་སོགས་ལ་མཐོ་ཚད་ཀུང་ཁྲི་བདུན་དང་ཕྱེད་ཡོད་པ་དང་དེ་བཞིན་དྲན་པ་དང་གྷུ་རུ་ཀུང་ཁྲི་གསུམ་རེ་ཡོད་པ་རྣམས་ཚང་མ་ཟངས་གསེར་ཅན་སྤུས་ལེགས་ཤ་སྟག་བཞེངས་ཡོད་རེད། དེ་དག་ལ་འདི་ལོ་མངའ་དབུལ་རབ་གནས་འཚོགས་རྒྱུ་སྲིད་གཞུང་ལ་སྔོན་ཙམ་ནས་ཆོག་མཆན་ཞུས་ཀྱང་མགྱོགས་པར་མ་ཐོབ་པ་ལ་བརྟེན་ནས་སྤྱི་ལོ་2014ཟླ་བ་དགུ་བའི་ཚེས་9ཉིན་དངོས་སུ་རབ་གནས་འཚོགས་རྒྱའི་དབུ་ཚུགས་པ་རེད།

4-1.gif4-2.gif

         དེའི་སྐབས་སུ་སྟོད་སྨད་ཀྱི་བླ་སྤྲུལ་དགོན་ཁག་མང་ཙམ་གདན་འདྲེན་ཞུས་ཀྱང་དེ་ཙམ་ཕེབས་གྲུབ་མེད་ཡིན་ན་འང་གཙོ་བོ་ཤར་རྫ་རྣམ་ཚང་དབུ་བཞུགས་གདན་ཞུས་ལྟར་ཞབས་སོར་འཁོད་གྲུབ་པ་ནི་སྡེ་དགོན་གཉིས་ཀྱི་བསོད་ནམས་ཀྱི་སྐལ་པ་ཡིན་པ་སྨོས་ཅི་དགོས། གོང་གི་ཤར་རྫའི་མཁན་རིན་པོ་ཆེ་རིག་འཛིན་དབང་རྒྱལ་མཆོག་དབུ་བཞུགས་ཐོག་བླ་སྤྲུལ་མཁན་པོ་བཅུ་དྲུག་ལྷག་ཙམ་དང་གྲྭ་བཙུན་ཉིས་བརྒྱ་དྲུག་ཅུ་རེ་བདུན་ཡས་མས་ཡོད་པ་དེ་དག་གིས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་རབ་གནས་ཟབ་རྒྱས་དང༌། དེ་བཞིན་མཉམ་མེད་བླ་སྒྲུབ། སྲིད་རྒྱལ་སོགས་སྲུང་མའི་ཚོགས་བསྐང༌། སྨོན་ལམ་མཐའ་ཡས་སོགས་ཉིན་བདུན་རིང་ལ་མཛད་སྒོ་ཟབ་རྒྱས་འཚོགས།

5-1.gif5-2.gif

      དེའི་སྐབས་བླ་གྲྭ་མང་ཆེ་བ་དང་ཡུལ་མི་འགོ་དམངས་ཡོངས་ཀྱི་རེ་བ་ལྟར་གྲགས་ཅན་གླུ་བ་སྐལ་བཟང་ཡོན་ཏན་དང༌། དར་མཚོ། འདན་ཕྲུག་ཟླ་འོད་བསྟན་འཛིན་སོགས་བསུས་ཏེ་མང་ཚོགས་ཀྱི་འདོད་བློ་བསྐང་གང་ཐུབ་བྱས་ཡོད་རེད། དེ་རྣམས་ལ་ཡོན་དངུལ་སྒོར་བཞི་ཁྲི་ལྔ་སྟོང་དགོས་པ་ནས་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་ནས་སྒོར་གཅིག་ཁྲི་ལྔ་སྟོང་གནང་བ་དང༌། དེ་འཕྲོས་བླ་གྲྭ་སྤྱི་དངུལ་ནས་ཕུད་པ་རེད་དེ་དག་སོགས་རབ་གནས་མཛད་སྒོའི་གནས་བསྡུས་འདི། མང་སྤྲུལ་དགེ་བཤེས་གཙུག་ཕུད་རྣམ་རྒྱལ་པས་བོད་ལྗོངས་ནང་བསྟན་སློབ་གླིང་ནས་སུག་བྲིས་བགྱིས་པའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།