ཡ་གོང་ཡེ་ཤེས་རྒྱལ་བའི་འཁྲུངས་ཡུལ་ཀུན་རིག་གཙོ་སྟོང་འཁོར་བརྒྱའི་མཛད་སྒོ།

[ཟླ་ཚེས། 2014-06-07 18:29:07][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་འབྲུག་གྲགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 

                                                             ཡ་གོང་ཡེ་ཤེས་རྒྱལ་བའི་འཁྲུངས་ཡུལ་ཀུན་རིག་གཙོ་སྟོང་འཁོར་བརྒྱའི་མཛད་སྒོ། 

                                                 0_副本.jpg

                                ཡ་གོང་ཡེ་ཤེས་རྒྱལ་བའི་འཁྲུངས་ཡུལ་དགའ་རི་དགོན་པའི་ཀུན་རིག་གཙོ་སྟོང་འཁོར་བརྒྱའི་སྐབས་ལྷན་འཛོམས་སྐུ་དཔར།

                                                 1_副本.jpg

                                                           ཡ་གོང་ཡེ་ཤེས་རྒྱལ་བའི་འཁྲུངས་ཡུལ་དགའ་རི་དགོན་པའི་རྒྱང་བལྟས་ཡུལ་ལྗོངས། 

                                                 2_副本.jpg

                                        ཡ་གོང་ཡེ་ཤེས་རྒྱལ་བའི་འཁྲུངས་ཡུལ་དགའ་རི་དགོན་པའི་དབུ་བླ་མཚམས་པ་ཤེས་རབ་བསྟན་འཛིན་རིན་པོ་ཆེ། 

                                                3_副本.jpg

                                                             དཔལ་གཤེན་བསྟན་ཡ་གོང་དགའ་རི་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ།
        ད་ལམ་བོད་ལྗོངས་ནག་ཆུ་ས་ཁུལ་འབྲི་རྫོང་ཁོངས་བོད་ཡུལ་རུ་ཆེན་ལྔ་ཡི་ཡ་གྱལ་སུམ་པ་སྟོང་སྡེའི་ལྟེ་བ་རྒྱས་ཤོད་སྟག་པ་ཚལ་གྱི་ཁུལ། རྒྱས་ཤོད་བོན་ལུང་སྐྱ་མོའི་གནས། ཐོག་མའི་བོད་ཀྱི་འདུལ་བའི་སྲོལ་འཛིན་དམ་པ་ཡ་གོང་ཡེ་ཤེས་རྒྱལ་བའི་འཁྲུངས་ཡུལ།  ཚེ་དབང་གནས་བརྒྱད་ཀྱི་ཆ་ཤས་བྱང་ཤར་རྨ་བྱ་མཛེས་པའི་རི་བོ། ལོ་རྒྱུས་རིང་བའི་ཡ་གོང་དགའ་རི་དགོན་ལ། གཙོ་བོར་དགོན་པའི་བླ་མ་མཚམས་པ་ཤེས་རབ་མཐར་ཕྱིན་རིན་པོ་ཆེས་གཙོར་འགན་བཞེས་ཏེ་ཡ་གོང་ལུང་པའི་ཕུ་མདའི་གྲོང་ཚོ་གཉིས་ཀྱི་རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཀྱིས་རྣམ་དཀར་དགེ་བའི་ལས་ཚོགས་བསྐྲུན་པར། རྒྱུ་ཡོད་རྒྱུ་འདོན་དང་། ནུས་ཡོད་ནུས་འདོན་གྱི་སྒོ་ནས་སྐལ་ལྡན་དྭངས་བ་འདྲེན་པའི་ཞིང་སར། རྒྱས་ཤོད་བོན་ལུང་སྐྱ་མོའི་བོན་དགོན་ཁག་དྲུག་གི་བླ་སྤྲུལ་འདུས་སྡེ་རྒྱ་མཚོ་དང་དད་ལྡན་མང་ཚོགས་ཐུན་མོང་ནས་ཀུན་རིག་གཙོ་སྟོང་འཁོར་བརྒྱའི་ཚོགས་བསགས་མཆོད་འབུལ་གྱི་བསོད་ནམས་རྒྱ་ཆེན་ཞིག་བསྐྲུན་ཡོད། དེ་ཡང་ཡུལ་གྲུ་འདིར་ཕྱོགས་གཡུང་དྲུང་བོན་གྱི་ཐུན་མིན་སྲོལ་རྒྱུན་ཞིག་ལ། ཤི་དགེ་གསོན་རིམ་དང་། ནད་སེལ་རྐྱེན་ཟློག་གི་ཆོས་ལུགས་མཛད་སྒོ་རྒྱ་ཆེ་ཤོས་ཀུན་རིག་ལས་བཞི་རྒྱུན་ལྔའི་ཕྱག་སྲོལ་འཛམ་གླིང་ས་ཕྱོགས་གང་གིས་བསྡུར་ཐབས་མེད་པའི་སྲོལ་རྒྱུན་རླབས་ཆེན་ཞིག་ཧོར་ཚོའི་ས་ཁུལ་འདི་དག་ལ་སྔར་སྲོལ་ད་འཇགས་དང་། དེ་ཡང་གནའ་དུས་སུ་ཀུན་རིག་ལས་བཞི་རྒྱུན་ལྔའི་ལག་ལེན་ཐུབ་མཁན་དེ་ཤེས་ལྡན་དང་འབྱོར་ལྡན་ཁག་གཅིག་མ་གཏོགས་ཐུན་མོང་གི་སྤྱོད་བྱ་ཞིག་མིན་ལ། དེང་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་གོང་འཕེལ་དུ་འགྲོ་བའི་མོད་ལ། ཧོར་ཚོའི་ས་ཁུལ་དུ་བོན་ལུགས་འཛིན་པ་རྣམས་ཀྱིས། ཤི་དགེ་གསོན་རིམ་དང་། ཕ་དགེ་མ་ཆོས་ཀྱི་སྐབས་སུ་བོན་གྱི་དགེ་བསྒྲུབ་ཆེ་བཞི་ཞེས་ཀུན་རིག་ལས་བཞི་རྒྱུན་ལྔ་དང་། ཞེ་དགུའི་མཆོད་པ་སྟོང་ཚར། ཞི་ཁྲོ་ཁྲི་མཆོད། སྐྱེ་སྒོའི་མཆོད་སྦྱིན་སྟོང་ཚར་རྣམས་རྒྱུ་ནུས་ཤེས་གསུམ་གང་གི་སྒོ་ནས་དད་ལྡན་ཐུན་མོང་གི་སྤྱོད་བྱ་ཞིག་ཏུ་གྱུར་ཡོད།
     དེ་ཡང་བོན་སྤྱོད་དགེ་བསྒྲུབ་ཆེ་བཞིའི་ནང་ནས་ཀུན་རིག་ལས་བཞི་རྒྱུན་ལྔ་འདི་ལ་མཆོད་སྦྱིན་རྒྱས་འབྲིང་བསྡུས་གསུམ་ཅི་རིགས་ཞིག་ཡོད་པ་ནི། ཀུན་རིག་གསུམ་སྐོར་དང་། ལྔ་སྐོར། སྟོང་ཐོག་བརྒྱ་བཞག གཙོ་སྟོང་འཁོར་བརྒྱ་སོགས་ཡོད་ལ། བསྐོར་ལུགས་ལ་རྩ་བའི་ལྷ་རེའི་སྐུ་གསུང་ཐུགས་གསུམ་ལ་མཚོན་པའི་སུམ་སྐོར་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལ་མཚོན་པའི་ལྔ་སྐོར། གཙོ་བོའི་ལྷ་ལ་ཤིང་བྱང་ལྷ་སྔགས་ཅན་སྟོང་གཅིག་ལ་འཁོར་རེ་ལ་བརྒྱ་རེ་བྱས་པའི་གཙོ་སྟོང་འཁོར་བརྒྱ་ཟེར་བ་གཙོ་བོར་ལྷ་སྔགས་གྲངས་འདྲེན་གྱི་སྒོ་ནས་བརྩི་ལ། མཆོད་ཕྲེང་དེ་རྩ་བའི་ཀུན་རིག་ལས་བཞི་རྒྱུན་ལྔ་ལ་མཆོད་སྐོར་གྱ་གཅིག་ཡོད་པ་ནི། གདུང་བསྲེག་ཆེ་ཆུང་གཉིས་ལ་མཆོད་སྐོར་བཞི་དང་། རྒྱུན་ལ་མཆོད་སྐོར་བརྒྱད། ཀློང་རྒྱས་ལ་ཞེ་བཞི། རྒྱས་པ་ལ་དགུ། ཞི་བ་ལ་བདུན། དབང་ལ་ལྔ། དྲག་པོ་ལ་གསུམ། དཔལ་མགོན་ལ་གཅིག་བཅས་བསྡོམས་མཆོད་སྐོར་གྱ་གཅིག་ཡོད། མཆོད་ཕྲེང་སྐབས་ཀྱི་མཆོད་པ་རེ་ལ་རྒྱས་བསྡུས་བྱེད་སྟངས་དེ་གཞུང་དང་ཟིན་བྲིས་ཁག་ནང་བསོད་ནམས་ཚོགས་རྫོགས་ཀྱི་ཆེད་དུ་མང་ན་ལེགས་གསུང་པ་ཙམ་ལས་གྲངས་འཛིན་གཏན་འཁེལ་མེད་པས་ཡུལ་ལུང་སོ་སོའི་ཕྱག་ལེན་མི་འདྲ་བ་འགའ་ཞིག་མཆིས་ལ། ཐེངས་འདིའི་གཙོ་སྟོང་འཁོར་བརྒྱའི་སྐབས་སུ་ཤིང་བྱང་གཙོ་བོ་ལ་སྟོང་རེ་དང་། འཁོར་ལ་བརྒྱ་རེ་བྱས་པའི་གཙོ་སྟོང་འཁོར་བརྒྱ་དང་། མཆོད་ཕྲེང་སྐབས་ཀྱི་མཆོད་པ་རེ་ལ་བཅུ་རེ་བྱས་པས་མཆོད་སྐོར་བརྒྱད་ཅུ་ལ་མཆོད་པ་བརྒྱད་བརྒྱ་དང་། དེ་ལྟར་དགོངས་པ་བཞེས་སྟངས་དེ། དུས་རྒྱུན་སུམ་སྐོར་དང་ལྔ་སྐོར་སྐབས་སུ་མཆོད་ཕྲེང་སྐབས་ཀྱི་མཆོད་པ་རེ་ལ་རེ་རེ་བྱེད་ལ། སྟོང་ཐོག་བརྒྱ་བཞག་སྐབས་སུ་མཆོད་ཕྲེང་སྐབས་ཀྱི་མཆོད་པ་རེ་ལ་ལྔ་རེ་དང་། ད་ལན་ གཙོ་སྟོང་འཁོར་བརྒྱའི་སྐབས་སུ་མཆོད་པ་རེ་ལ་བཅུ་རེ་བྱེད་དགོས་དོན་དེ་ལྟར་ཡིན་གསུངས། དེ་ནས་ཀློང་རྒྱས་ཤིང་བྱང་ལ་དུས་རྒྱུན་ལྔ་སྐོར་སོགས་ཀྱི་སྐབས་སུ་སྟོང་ཐོག་བརྒྱ་བཞག་བྱེད་པས་ད་ལན་གཙོ་སྟོང་འཁོར་བརྒྱའི་སྐབས་སུ་ཀློང་རྒྱས་ཤིང་བྱང་གཅིག་ཁྲི་གཅིག་སྟོང་དང་། སྨོན་ལམ་ཤིང་རིང་ནི་ལས་བཞི་རྒྱུན་ལྔའི་མཆོད་སྐོར་བརྒྱད་ཅུ་ལ་སྨོན་ལམ་ཤིང་རིང་རེ་བྱས་པ་གྱ་གཅིག་དང་། དེ་བཞིན་རྣམ་དགུ་དང་རྣམ་བརྒྱད་ཀྱང་གདུང་རྒྱུན་རྒྱས་ཀློང་དཔལ་མགོན་བཅས་ལ་རྣམ་དགུ་གྲངས་རེ་དགུ་དང་། ཞི་དབང་དྲག་གསུམ་ལ་མཆོད་ཕྲེང་གྲངས་བཞིན་རྣམ་བརྒྱད་བཅོ་ལྔ་བཅས་བྱས་པའི་ཀུན་རིག་སྔོན་འགྲོ་བཅའ་གཞི་ལས་རིམ་རྣམས་ཕུན་སུམ་ཚོགས་པ་གྲུབ་ནས་ལས་བཞི་རྒྱུན་ལྔའི་མཆོད་རྫས་རྣམས་མཇལ་དུས་ཧ་ཅང་སྤོབས་པ་དང་དགའ་བ་སྐྱེ་འོས་པའི་མཆོད་སྦྱིན་གྱི་ཕན་ཡོན་དང་། སྲོལ་རྒྱུན་གྱི་རིན་ཐང་སོགས་ཕྱོགས་གང་ཐད་ནས་བལྟས་ན་བསོད་ནམས་ཀྱི་ཚོགས་བསགས་རྒྱ་ཆེན་རི་བོའི་གཏོས་ལྟར་འགྲན་པ་འདི་ལྟ་བུ་ཁོ་བོས་འཛམ་གླིང་ས་ཕྱོགས་གང་སའི་ཆོས་ལུགས་གྲུབ་མཐའི་ཁྲོད་དུ་མཇལ་མྱོང་མེད་པ་ལྟ་བུ་ཞིག་རེད། དེ་ལྟ་བུའི་འབྱོར་ལྡན་བསོད་ནམས་མཆོད་རྫས་རྣམས་དཔལ་དགའ་རི་དགོན་པས་གསར་དུ་བསྐྲུན་པའི་གཙུག་ལག་ཁང་ཆེན་ནང་གོང་འོག་རིམ་པ་གསུམ་ཙམ་བྱས་ནས་མཆོད་བཤམས་བྱས་འདུག་ཀྱང་། ད་དུང་འཕངས་དགོས་པ་ཞིག་ལ་གཙུག་ལག་ཁང་ཆེན་ཀ་བརྒྱ་མ་དེ་ཆུང་དྲག་པའི་སྐྱོན་འདུག་སྙམ། དེ་ནས་དངོས་གཞི་འཕྲིན་ལས་གོ་རིམ་སྐབས་སུ། འདི་ལོའི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་རྒྱས་ཤོད་ཁོག་གི་བོན་དགོན་དྲུག་པོའི་བླ་གྲྭ་ལྷན་འཛོམས་གནང་སྟེ། ཀུན་རིག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ། ཉིན་ལྔའི་རིང་ལས་བཞི་རྒྱུན་ལྔའི་འཕྲིན་ལས་ཀྱི་གཞུང་བསྲང་བར་མཛད།

                                                4_副本.jpg

                                                དགའ་རི་དགོན་པའི་ཉེ་འཁོར་མཚམས་པ་རྣམས་ཀྱི་བཞུགས་གནས་ཤུག་གསེབ་དགའ་བའི་ཚལ།

                                                      5_副本.jpg

                                           ད་ལན་དགའ་རི་དགོན་པའི་ཀུན་རིག་གཙོ་སྟོང་འཁོར་བརྒྱའི་སྐུ་གསུམ་སྡོང་བུའི་རྣམ་པ་ཟུར་གཅིག

                                                  6_副本.jpg

                                                         ད་ལན་དགའ་རི་དགོན་པའི་ཀུན་རིག་གཙོ་སྟོང་འཁོར་བརྒྱའི་སྨོན་ལམ་ཤིང་རིང་ཁག་གཅིག

                                                 7_副本.jpg

                                                                    ཀུན་རིག་གཙོ་སྟོང་འཁོར་བརྒྱའི་ཡར་གཞིའི་མཆོད་བཤམས་ཀྱི་རྣམ་པ།

                                                  8_副本.jpg

                                                       འདུ་ཁང་གསར་པའི་ནང་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་བཤམས་རྒྱས་པའི་ཕྱོགས་གཅིག

                                                  9_副本.jpg

                          འདུ་ཁང་གསར་པའི་ནང་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་རྫས་རྒྱལ་མཚན་འཕེན་གདུགས་གོ་ཁྲབ་མཚོན་ཆ་སོགས་ཀྱི་ཟུར་གཅིག

           དེ་ནས་ཟླ་བཞི་པའི་ཚེས་༢༠ཉིན་ཕྱོགས་ཕན་བླ་སྤྲུལ་ཕེབས་བསུའི་ལས་རིམ་སྐབས། ཡ་གོང་ལུང་པའི་གྲོང་ཚོ་ཁག་གཉིས་ཀྱི་དད་ལྡན་མང་ཚོགས་དང་། དགའ་རི་དགོན་པའི་ལས་སྣེ་ལྷན་རྒྱས་རྣམ་པས་ཐོག་མར་ཕེབས་བསུའི་སྣ་འདྲེན་བ་ཆེན་མདོ་ནས་ཚང་མས་བསང་གསོལ་དར་འཐེན་དང་། མི་རིགས་ཀྱི་སྲོལ་རྒྱུན་རིན་ཐང་ལྡན་པའི་རྟ་པ་བརྒྱ་ཕྲག་རྣམས་གཟབ་ཆས་སྣ་ཚོགས་ཀྱི་སྤྲས་ཏེ་ཕེབས་སྣེ་དྲངས་ཤིང་། དེ་རྗེས་ཕེབས་འཁོར་རྣམས་རིམ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་ཕེབས་ཏེ་མཐར་དཔལ་གཤེན་བསྟན་དགའ་རི་དགོན་པའི་ཕེབས་བསུའི་སྒོ་ཆེན་དུ་འབྱོར་མཚམས་དགོན་པའི་དབུ་བླ་ཤེས་རབ་མཐར་ཕྱིན་རིན་པོ་ཆེས་ཕྱོགས་མཐའ་ཁག་ནས་ཕེབས་པའི་བླ་སྤྲུལ་རྣམས་ལ་མཚམས་ཞུའི་མཇལ་དར་འབུལ་རེས་དང་། དེ་མཚམས་ཕེབས་ལམ་གཡས་གཡོན་དུ་རྒྱ་ཆེའི་དད་ལྡན་མང་ཚོགས་དར་འཐེན་བསང་གསོལ་དང་། ཀི་བསྭོ་ལྷ་འབོད། འདུས་སྡེ་རྒྱ་མཚོས་སེར་ཕྲེང་གིས་སྣ་དྲངས་ཏེ་དགོན་པའི་གསས་ཁང་ཆེན་མོའི་རྡོ་གཅལ་དུ་གདན་ཞུ་དང་མཆོད་རྔ་རྒྱས་འབུལ་ཞུས། ད་ལན་མཛད་སྒོའི་དབུ་བཞུགས་ཕྱོགས་མཐའ་ཁག་གི་བླ་སྤྲུལ་ཆེད་དུ་གདན་འདྲེན་ཞུས་པ། རྒྱས་ཤོད་ཁོག་གི་ཤེལ་ཞིག་བླ་རྒན་སྐལ་བཟང་ཉི་མ། ཀླུ་ཕུག་དགོན་པའི་དབུ་བླ་ཞུ་བླ་སྐལ་བཟང་གཡུང་དྲུང་། རག་བླ་ཀུན་གསལ་སྙིང་པོ། འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས། སྒང་རུ་དར་རྒྱས་དགོན་པའི་དབུ་བླ་དགེ་བཤེས་སྐལ་བཟང་ནོར་བུ། སྨན་རིའི་དགེ་སློང་རྒན་ཚུལ་ཁྲིམས། རྡོ་སྟེང་དགོན་པའི་མཁན་པོ་དགེ་བཤེས་བསོད་ནམས་རྒྱལ་མཚན། སེན་ཚ་དགོན་པའི་སྒྲུབ་མཁན་ཚུལ་ཁྲིམས་རིན་ཆེན། ཀོང་པོ་དབུས་ཕུག་གི་མཚམས་པ་པལ་འབྱོར། ཁྱུང་པོ་ཀརྨ་འཕྲིན་ལས། ཤེལ་ཞིག་མཐོང་གྲོལ། གཡུང་དྲུང་ཀུན་གསལ། ཁྲི་གཙུག་རྒྱལ་མཚན་བཅས་བླ་མ་ཁྲི་པ་རྣམས་དང་། གཞན་ཡང་བླ་མ་གདུང་པ་ལ། ཀློང་སྒོམ་རྟོགས་པ་མངོན་གྱུར་གྱི་དྭང་ར་བླ་ཆུང་ཀུན་བཟང་བསྟན་འཛིན། ཨ་སྐྱིད་སྔགས་པ་དྲན་པ་ཚེ་དབང་། རྡོ་སྟེང་དགོན་པའི་བླ་མ་དོན་ལྷ། ཤེལ་ཞིག་གེ་ཁོད་དབང་རྒྱལ། བླ་མ་པད་མ། ཀླུ་མཁར་དགོན་པའི་བླ་མ་ཁྱུང་ནག་ཀླུ་རྒྱལ་གྲགས་པ། ཞུ་སྟག་ལ་རྒྱ་མཚོ། རྨེའུ་ཚང་ཀུན་དགའ་རྣམ་རྒྱལ་བཅས་བླ་སྤྲུལ་ཉི་ཤུ་ལྷག་ཙམ་ཕེབས་འབྱོར་བྱུང་ལ། དེ་ནས་ཉིན་ལྔ་ཡི་རིང་ལ་དད་ལྡན་མང་ཚོགས་རྣམ་པར་མཇལ་ཁ་བྱིན་རླབས་དང་། དེ་ནས་བླ་མ་རྣམས་ཀྱིས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཉིན་མཚན་ལྟོས་མེད་ཀྱི་སྒོ་ནས་དབང་ལུང་ཁྲིད་གསུམ་སོགས་རྣམ་དཀར་དགེ་ཚོགས་ཀྱི་གཡུང་དྲུང་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་གནས་ཚུལ་མདོར་བསྡུས་པའོ།

                                                  10_副本.jpg

                                                    བཀྲ་ཤིས་རེ་ཁས་བཀྲ་བའི་ཕྱོགས་ཕན་བླ་སྤྲུལ་ཕེབས་བསུའི་སྣེ་ཁྲིད་ཅང་ཤེས་རྟ་ཕོའི་འདུ་འཛོམས།

                                                 11_副本.jpg

                                                         བཀྲ་ཤིས་རེ་ཁས་བཀྲ་བའི་ཕྱོགས་ཕན་བླ་སྤྲུལ་རྣམ་པའི་ཕེབས་བསུའི་རླངས་འཁོར་གྲ་སྒྲིག

                                                 12_副本.jpg

                              བཀྲ་ཤིས་རེ་ཁས་བཀྲ་བའི་དུས་འདིར་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ཕྱོགས་ཕན་བླ་སྤྲུལ་རྣམ་པར་སེར་ཕྲེང་ཟབ་རྒྱས་གནང་བ།

                                                  13_副本.jpg

                                                        གདན་ཞུས་བླ་སྤྲུལ་རྣམས་ལ་དགོན་གྱི་འདུས་སྡེ་རྒྱ་མཚོས་མཆོད་རྔ་རྒྱལ་འབུལ་གནང་སྐབས།

                                                 14_副本.jpg

                                                                                           གདན་ཞུས་ཆེད་ཕེབས་བླ་སྤྲུལ་ཁག་གཅིག

                                                  15_副本.jpg

                                                བླ་སྤྲུལ་འདུས་སྡེ་རྒྱ་མཚོས་ཀུན་རིག་ལས་བཞི་རྒྱུན་ལྔའི་མེ་སྤར་དབུ་འཛུགས་ཀྱི་གྲ་སྒྲིག་གནང་བཞིན་པ།

                                                  17_副本.jpg 

                                                         བླ་སྤྲུལ་འདུས་སྡེ་རྒྱ་མཚོས་ཀུན་རིག་ལས་བཞི་རྒྱུན་ལྔའི་མེ་སྤར་དབུ་འཛུགས་གནང་བ།

                                                  18_副本.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།