རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེའི་སྐུའི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།

[ཟླ་ཚེས། 2014-02-21 20:47:38][རྩོམ་པ་པོ། མེ་ལོང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.JPG
རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེའི་སྐུའི་འཁྲུངས་མཆོད་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་སྲུང་བརྩི་ཟབ་རྒྱས་ཞུས་པ།

       བདག་ཅག་གི་སྟོན་པ་རྣམ་འདྲེན་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེ་འཛམ་གླིང་འདིར་སྐུ་སྐྱེ་བ་མི་རུ་བཞེས་ནས་འབྱུང་ལྡན་༣༠༡པའི་ཤིང་ཕོ་རྟ་ལོའི་བར་མི་ལོ་༡༨༠༣༡འཁོར་བའི་དུས་དྲན་ཁྱད་ཅན་དེ་ཉིད་ལོ་བསྟར་བཞིན་ད་རེས་ཡང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་སྲུང་བརྩི་ཟབ་རྒྱས་ཞུས། དེ་ཡང་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱིས་འགན་ཁུར་དང་བཀོད་སྒྲིག་འོག་སྐབས་འདིར་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ཆེའི་སྐུ་ཡི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པའི་དངོས་ཀྱི་མཛད་རིམ་ཁག་གཤམ་དུ་གསལ།

22-1.JPG22-2.JPG

      ཕྱི་ལོ་༢༠༡༤ཧོར་ཟླ་༡༢པའི་ཚེས་༡༥ཉིན་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་སེར་སྐྱ་མི་མང་བདུན་བརྒྱ་ལྷག་ལྷན་འཛོམས་ཐོག་དགོན་གྱི་གླིང་སྐོར་དུ་སེར་ཕྲེང་ཕེབས་པ་དང་། དེ་རྗེས་སྐྱ་སེར་འདུས་པ་ཀུན་ཚོགས་ཁང་ནང་ཚོགས་གཅིག་ཏུ་འདུས་མཚམས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ཚོགས་མགོན་དུ་སྤྱན་དྲངས་བཞུགས་སུ་གསོལ་བ་དང་། ཐོག་མར་དགེ་བཤེས་གཡུང་དྲུང་རྒྱ་མཚོ་ལགས་ཀྱིས་མཛད་རིམ་ངོ་སྤྲོད་གནང་།

33-1.JPG33-2.JPG

       དེ་ནས་འདུས་ཚོགས་ཀུན་གྱིས་མགྲིན་གཅིག་ཏུ་བདག་ཅག་གི་སྟོན་པའི་གསོལ་འདེབས་གྱེར་འདོན་གནང་བཞིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་། དེ་རྗེས་ལྷན་ཚོགས་ཀྱི་དྲུང་ཆེ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ཀྱིས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བལ་བོད་སྐད་གཉིས་ཐོག་གསུང་བཤད་ཞིབ་རྒྱས་གནང་། དེའི་མཚམས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་དད་ལྡན་མི་མང་རྣམས་ལ་དགེ་སྡིག་སྤང་བླང་གི་བཀའ་སློབ་བཀའ་དྲིན་བསྩལ། དེ་རྗེས་གལ་ཆེའི་སྐུ་མགྲོན་བློན་ཆེན་ཟུར་པ་སྐུ་ཞབས་ན་ར་བ་དུར་མཆོག་ནས་གསུང་བཤད་དང་། དགེ་བཤེས་ཡོན་ཏན་དཔལ་བཟང་ལགས་ནས་སྟོན་པའི་མཛད་རྣམ་སྒྲོག་སྦྱང་གནང་། ཉིན་རྒྱབ་དཔོན་སློབ་ཚངས་པ་བསྟན་འཛིན་མཆོག་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་རྣམ་གཉིས་ཀྱིས་དད་ལྡན་མང་ཚོགས་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་དང་། དགེ་སྒྲུབ་སྡིག་སྤང་བཅས་ཀྱི་བོན་ཁྲིད་བཀའ་དྲིན་བསྐྱངས།

44-1.JPG44-2.JPG

       དེ་ལྟར་མཛད་སྒོ་འདིར་མཉམ་ཞུགས་གནང་མཁན་ཌཱོཪ་ཐང་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་ལས་གཞན་བལ་པོའི་མངའ་ཁོངས་སུ་འཁོད་པའི་བོན་གྱི་དགོན་སྡེ་རི་ཁྲོད་དང་། བོན་སློབ་བོན་ཚོགས་ཁག་གི་འཐུས་ཚབ་ཚང་མ་ཆེད་དུ་ངོ་བཅར་ཞུས་ནས་ཐུན་མོང་མཉམ་འབྲེལ་གྱིས་དུས་ཆེན་ལ་སྲུང་བརྩི་ཟབ་རྒྱས་ཞུས་ཡོད། སྐབས་འདིར་མཉམ་ཞུགས་གནང་མཁན་གྱི་ཚོགས་སྡེ་ཁག་ནི་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་རྩ་ལྷན་ཚོགས། བལ་ཡུལ་བོན་པོ་ཚོགས་པ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ། ཤེས་རིག་ཕུན་ཚོགས་གླིང་གི་ལས་འཛིན། དོལ་པོ་བསམ་གླིང་དགོན་པ། སྤུང་མོ་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་དགོན་པ། མཐའ་སྲུང་མཚོ་གླིང་དགོན་པ། ཀླུ་བྲག་གཡུང་དྲུང་ཕུན་ཚོགས་གླིང་དགོན་པ། ཚ་ཁ་ཡང་དགོན་མཐོང་གྲོལ་ཕུན་ཚོགས་གླིང་དགོན་པ། རྟ་རབ་བདེ་ལྡན་ཕུན་ཚོགས་གླིང་དགོན། བར་གླེ་གཡུང་དྲུང་ཤུག་ཚལ་གླིང་དགོན་པ། མོན་རི་ཟུར་གསུམ་གཡུང་དྲུང་ཀུན་གྲགས་གླིང་དགོན་པ། གཡུང་དྲུང་འགྲོ་འདུལ་གླིང་དགོན་པ། ཏ་པི་ཧྲི་ཙའི་སློབ་གྲྭའི་འཐུས་ཚབ། གློ་ཡུལ་བོན་གྱི་ཐེབས་རྩ་ཚོགས་པ། འོམ་ལོ་བོན་རིག་གཞུང་ཚོགས་པ། གངས་ཅན་མེ་རིའི་སློབ་གྲྭ། ནེ་པལ་བོན་ཆོས་ཚོགས་པ་བཅས་ཀྱི་སྐུ་ཚབ་དང་། འཐུས་མི། ལས་འཛིན་བཅས་མཉམ་ཞུགས་གནང་སྟེ་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་རུ་སྟོན་པའི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པའི་གནས་ཚུལ་ལམ་ཙམ་མཁྱེན་རྟོགས་ཀྱི་ཆེད་དུ་ཕུལ་བའོ།།

ཕྱི་ལོའི་༢༠༡༤ ཟླ་༠༢ཚེས་༡༧ ཉིན་མེ་ལོང་ཞེས་སུ་འབོད་པ་དེས་མཐུན་སྦྱོར་བྱས།

111.jpg

སྙན་སྒྲོན་ཞུ་རྒྱུར།

      གངས་རིའི་ལྗོངས་སུ་བདེན་དང་མི་བདེན། དག་དང་མ་དག མཁས་དང་མི་མཁས་སོགས་རྣམ་པ་དབྱེ་འབྱེད་བྱེད་པ་མང་བ་དང་། དེ་ལྟར་བྱེད་པ་སླ་བའི་རང་བཞིན་དུ་བརྩི་བར་འདུག་མོད། ཞིབ་ཏུ་ཁུངས་དང་གཏུག རྒྱུ་མཚན་གྱིས་གྲུབ། རང་དག་གཞན་འཁྲུལ་འཛིན་པའི་བློ་མདུད་དེ་བཀྲོལ་ནས་རི་མོ་འབྲི་བ་དཀོན་པར་སྣང་། ད་ལྟ་འདིར་བོད་ཀྱི་ལོ་འགོ་འཛིན་སྟངས་ལ་མི་འདྲ་བ་དུ་མ་ཞིག་འདུག་ཅིང་། ལྷག་པར་དུ་མཐོང་རྩིས་བྱེད་རུང་བ་དང་། མི་རུང་བཤོ་ངན་རྒྱུན་འབྱམས་སུ་སོང་བའི་ཚུལ་སོགས། སྨིན་གླིང་ལོ་ཆེན་གྱིས་མཛད་པའི་རྩིས་ཀྱི་འགྲེལ་བཤད་རྣམ་འགྲེལ་གསེར་གྱི་ཤིང་རྟ་ལས་ཤིན་ཏུ་གསལ་བར་རྒྱུད་གཞུང་དང་མཐུན་པ་དང་མི་མཐུན་པའི་དབྱེ་འབྱེད་གསུངས་པ་ལས། ཧོར་ཟླ་ཞེས་བོད་ཡོངས་སུ་གྲགས་ཤིང་འབོད་པ་དང་། དེ་ཡི་ནང་ནས་ཧོར་ཟླ་དང་པོ་ལ་ལོ་གསར་ཞེས་རྟེན་འབྲེལ་བརྩི་ས། དགའ་སྤྲོ་བྱེད་དུས། ཟས་སྐོམ་སྣ་ཚོགས་སྤུངས་དུས། ཇ་ཆང་རྩེད་འཇོས་ཉིན་མཚན་སྦྲེལ་ས་བྱེད་འདུག་མོད། ཧོར་ཟླ་ཞེས་གང་ཡིན་གང་ལ་བཏགས། སུས་བཏགས་ཅི་ཡིན་སོགས་ཅུང་ཙམ་བསམ་མནོ་བཏང་ན། སྨིན་གླིང་ལོ་ཆེན་གྱིས་མཛད་པའི་རྣམ་འགྲེལ་གསེར་གྱི་ཤིང་རྟ་ལས། གསུམ་པ་ཧོར་ཟླའི་ཐ་སྙད་ནི། དེ་ཡང་རྒྱ་ནག་གི་ཡུལ་དུ། ཙིའུ། ཚིན་ཧྲི་ཧྭང། ཧན། ཚ་བོ་ཚ། འུམ། ཧེའུ་ཅིང་།ཆིང་སང་། སུའི་གཡང་དེ་ཡི། ཐང་། ཧང་ལའོ། ལོ་ལྱོང་། མི་ཉག ཧོར། ཏ་མིང་། མན་ཇུ་སོགས་རྒྱལ་ས་འཕོ་ལེན་སྣ་ཚོགས་བྱུང་བ་ལས། རྒྱ་རྩིས་པའི་དཔྱིད་ཐ་འབྲུག་གི་ཟླ་བ་ལ་ལོ་འགོར་བྱེད་པ་འདི་ནི་མི་ཉག་གི་ལག་ནས་ཧོར་ཇིང་གིར་རྒྱལ་པོས་རྒྱལ་ས་ཐོབ་དུས་དགའ་སྟོན་བྱས་པ་ལོ་གསར་དུ་བཟུང་བས་ཇིང་གེར་གྱིས་སན་པ་བརྙེད་པའི་ཟླ་བ་ཞེས་ཟེར་ཏེ་ཧོར་རྒྱལ་པོས་རང་དགར་བཅོས་པའི་ལོ་འགོ་ཡིན་ཅིང་། བོད་དུ་འང་ས་སྐྱ་པས་༼༡༽འཇའ་ས་བསྒྲགས་པ་ནས་བཟུང་ཧོར་ཟླའི་སྲོལ་འཛིན་པ་འདི་བྱུང་བར་སྣང་ངོ་། །ཞེས་གསུངས་པ་མད་དོ། །སྐབས་འདིར་གླེང་བར་བྱ་བ་ནི།དུས་ནས་དུས་སུ་རྣ་བས་ཐོས་པ་རྣམས་ཀྱིས་སྐབས་འགར་སྐྱོ་བ་སྐྱེ་བ་དང་། སྐབས་འགར་ཚིག་པ་ཟ་བ་དང་། སྐབས་འགར་བདེན་སེམས་སྐྱེ་བ་སོགས་བྱུང་། དོན་གང་ཡིན་ཟེར་ན་རྒད་པོ་ལོ་ན་མཐོ། ཡུལ་གྲུ་མང་པོ། སྐད་རིགས་དུ་མ། མི་རིགས་མང་པོ་དང་འཕྲད། རང་གི་ངོ་བོ་བཤད་དུས། མི་རིགས་ནི་བོད་མི། ཆོས་ལུགས་ནི་བོན། ལས་དང་ལག་ལེན་གྲྭ་པ་དང་དཔེ་རྒྱུད་ལ་བལྟ་རྟོགས་བྱེད་པ་སོགས་བཤད་དུས། ཁོ་ཚོས་བོད་ཀྱི་དངོས་རྫས་རི་མོ། ཐང་ཀ ཡིག་ཆ་སོགས་ཀྱི་སྐོར་ལ་འདྲི་བཤད་དགོས་པའི་སྐབས་སུ། བོན་གྱི་ཐང་ཀ་ཡིག་རིགས་སོགས་ལ་བལྟ་ཀློག་བྱེད་དུས། ཡིག་རྒྱུད་དང་ལག་ལེན་མི་མཚུངས་པ་དུ་མ་མཐོང་དུས། བོན་པོའི་རྒྱུད་ལུང་ཁུངས་ལྡན་དང་། དེའི་དོན་ལག་ལེན་མ་མཚུངས་དུས་དཔེ་རྒྱུད་ཀྱི་དོན་ལ་གོ་རྟོགས་མེད་པ་མཐོང་ནས་ཁ་སྐྱེངས་དགོས་པ་ཡོང་གི་འདུག འདིར་མང་པོ་ཞིག་གིས་ཟླ་བ་བཅུ་གཉིས་པ་འདི་ལོ་མཇུག་དང་སངས་རྒྱས་འཁྲུངས་པ་མི་འོས་པ་སོགས་གོ་དུས། ངས་བོན་པོའི་དཔེ་རྒྱུད་དཔང་དུ་བཙུག་ནས་སྔར་བཤད་པ་གང་གསལ་བྱས་ཡོད་ཀྱང་། ད་ལྟ་མཛོད་སྒྲ་འགྲེལ་གྱི་ལུང་ཞིག་ཟུར་དུ་བཏོན་ནས་སྤྱན་འབུལ་ཞུ་རྒྱུ་ཡིན། ཁྱེད་རྣམས་བདེན་སེམས་སྐྱེ་མིན་མ་རྟོགས་ཀྱང་། རང་གིས་ཕན་སེམས་བཟུང་སྟེ་ཁྱེད་རྣམས་རྒྱལ་བསྟན་ལ་དད་པ་ཕྲན་བུ་སྐྱེ་བའི་ཆེད་ཡིན། ཁྱེད་ཚོའི་ཁང་པའི་སྦུག་ཏུ་བརྩེགས་པའི་ཕྱག་དཔེ་དོ་པོའི་ནང་དུ་ཡོད་པའི་མཛོད་སྒྲ་འགྲེལ་ཞུ་བ་དེ། རྒྱ་གར་དུ་པར་གདབ་པའི་དེབ་གཟུགས་ཅན་འགའ་ཡོད་པ་དང་། བསྟན་འགྱུར་ཁྲོད་དུ་དཔེ་གཟུགས་ཅན་རྣམས་གཟིགས་དང་། ལྡེབ་ ༼༢༢༩༽ སྟོན་དང་ཞེས་པ་གང་ཞེ་ན། ཧ་ནུ་ཝིང་ཞེས་བྱ་སྟེ། སྙིང་པོ་སྤྲེའུས་འཛིན་ནོ། །དེ་སྐར་མ་བྱ་གསུམ་གྱིས་ཚེས་སོ། །ནམ་ཟླ་སྟོན་ར་བ་ཡིན་ནོ། །དེ་བཞིན་དུ་འབྲིང་པོ། བྱ། སྒྲོག ཐ་ཆུང་། ཁྱི། ཁྲུམས་སོ། །ཞེས་སོ། །དགུན་གྱི་ཞེས་པ་དུ་རེ་ཝིང་ཞེས་བྱ་སྟེ། སྙིང་པོ་ཕག་གིས་འཛིན་ནོ། །སྐར་མ་དབྱུག་གུས་ཚེས། ནམ་ཟླ་དགུན་ར་བའོ། །འབྲིང་པོ་བྱི་བ་སྨིན་དྲུག ཐ་ཆུང་སྨལ་པོ་གླང་པོ། དེ་བཞིན་དུ་སྤྱིད་ཟླ་ར་བ་གང་ཞེ་ན། སྙིང་པོ་སྟག་གིས་འཛིན་ནོ། །སྐར་མ་རྒྱལ་ལ་ཚེས་སོ། །ནམ་ཟླ་དཔྱིད་ཟླ་ར་བའོ། །དེ་བཞིན་དུ་འབྲིང་པོ་ཡོས་བུ་སྟེ་རྟ་ཡིས་ཚེས། ཐ་ཆུང་འབྲུག་སྟེ་ཁྲ་ཡིས་ཚེས་སོ། །སླུང་མལ་དབྱར་གང་ཞེ་ན། མུར་ཏིང་ཝིང་ཞེས་བྱ་སྟེ། སྙིང་པོ་སྦྲུལ་གྱིས་འཛིན་ནོ། །སྐར་མ་ནམ་མཐོང་གིས་ཚེས་སོ། །ནམ་ཟླ་དབྱར་ཟླ་ར་བའོ། །དེ་བཞིན་དུ་འབྲིང་པོ་རྟ་ལག་སོར་གྱིས་ཚེས། ཐ་ཆུང་ལུག་བྲེ་ལ་ཚེས་སོ། །ཞེས་དང་། ༼དེས་གང་བསྟན་ན། སྟོན་ཟླ་ར་བ། སྤྲེའུ། སྐར་མ་བྱ་གསུམ་སྟེ་ཆུ་སྟོད། སྟོན་ཟླ་འབྲིང་པོ་བྱ། སྐར་མ་གྲོ་བཞིན། ཐ་ཆུང་། ཁྱི། སྐར་མ་ཁྲུམས། དགུན་ཟླ་ར་བ། ཕག སྐར་མ་དབྱུག་པ།འབྲིང་པོ་བྱི་བ། སྐར་མ་སྨིན་དྲུག ཐ་ཆུང་གླང་པོ། སྨལ་པོ། དཔྱིད་ཟླ་ར་བ། སྟག སྐར་མ་རྒྱལ། འབྲིང་པོ། ཡོས། སྐར་མ་རྟ་ཆེན། ཐ་ཆུང་འབྲུག སྐར་མ་དབོ། དབྱར་ཟླ་ར་བ། སྦྲུལ། སྐར་མ་ནག་པ། འབྲིང་པོ་རྟ། སྐར་མ་ས་ག ཐ་ཆུང་ལུག སྐར་མ་སྣྲོན།།༽

      བོན་ལུགས་འཛིན་པ་རྣམས་ལ་ལོ་འགོ་འཛིན་ཚུལ་མདོ་རྒྱུད་ཁུངས་མ་རྣམས་ཀྱི་དགོངས་པ་ལ་བློ་འགེལ་བ་ཡིན་ན། ལོ་ཡི་འགོ་བྱི་བ། ནམ་ཟླའི་འགོ་དཔྱིད་ཟླ་ར་བ། དཔྱིད་ར་མི་འཆུག་པ་ཉ་སྐར་རྒྱལ་ལ་ཚད་བཟུང་། ཟླ་བ་བཅུ་གཉིས་ལ་ཉ་སྐར་རེའི་མིང་བཏགས་པ་དེ་མི་འཆུག་པའི་ཚད་དོ། །

ཇི་ལྟར་བོད་དུ་ཁྱབ་པའི་ལོ་ཡི་འགོ །
ཧོར་ཟླ་ཚད་མ་འགང་ཆེན་བཟུང་བ་དེ། །
བཙན་པོས་བཙུགས་པའི་སྲོལ་རྒྱུན་བསྐྱངས་པ་ནི། །
སེམས་ཅན་དམྱལ་གནས་སྟོང་ཡང་ཕྱིར་ཆགས་བཞིན། །

སྔར་སྲོལ་ཐམས་ཅད་ལེགས་ཉེས་འདྲེས་མའི་ཕྱིར། །
མནོ་བསམ་དལ་པོར་བསྐོར་ཏེ་དབྱེ་འབྱེད་བྱ། །
སླད་ནས་འགྱོད་མེད་འབྲས་བུ་བརྟན་པོར་འཐོབ། །
གསར་འགྲོགས་ཆེ་རིགས་ངོ་ཚ་རྟག་ཏུ་འགྱོད། །

༼ ༡༽འཇའ་ས་ཞེས་པ་དེ་བོད་རྒྱ་འོག་ཏུ་ཐོག་མར་འཛུད་པའི་བཀའ་ཤོག་རེད།

བསྟན་རྣམ་བགྲེས་པོའི་ཁ་ད་ཡིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།