སྐྱང་སློབ་ཚུལ་ཁྲིམས་དཔལ་འབྱོར་གྱིས་དད་ལྡན་དམངས་ཚོགས་རྣམས་ལ་བོན་འཆད་གནང་བ།

[ཟླ་ཚེས། 2013-12-17 15:09:18][རྩོམ་པ་པོ། བབ་བཟོ་ཤེས་རབ་རབ་གསལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་ཟིང་ཆུ་སྐྱང་ཚང་དགོན་གྱི་དཔོན་སློབ་ཚུལ་ཁྲིམས་དཔལ་འབྱོར་མཆོག་ནས་ལོ་རེ་བཞིན་དད་ལྡན་དམངས་ཚོགས་རྣམས་ལ་བོན་འཆད་གནང་བཞིན་ཡོད་པ།
1386562002.jpg

༧ ན་མོ་བླ་མ་ལ་ཕྱག་འཚལ་ལོ།། ཕྱི་ནང་གསང་གསུམ་གྱི་ཡོན་ཏན་མཐའ་དག་མངའ་བའི་མཚན་ལྡན་གྱི་བླ་མ་དམ་པ་ ༧ ཚུལ་ཁྲིམས་དཔལ་འབྱོར་རམ་ཕུ་ཁོ་རིན་པོ་ཆེ་མཆོག་ནི་མདོ་སྨད་ཤར་ཁོག་ཤར་དུང་རིའི་མདུན་ཕྱོགས། མ་རྒྱུད་གནས་ཆེན་ཉེར་ལྔའི་ཡ་གྱལ་བྱང་ཕྱོགས་མཁའ་འགྲོ་འུག་གདོང་གི་ཉེ་འདབས། སྔོན་སྐྱབས་མགོན་ཟླ་བ་རྒྱལ་མཚན་ལ་སོགས་བླ་མ་གོང་མས་བྱིན་གྱིས་བརླབས་པའི་ས་མཆོག ཁྱད་པར་དུ་རྗེ་མཉམ་མེད་པའི་རྒྱུད་འཛིན་མཁན་རབས་༣༣་པ་ལུང་རྟོགས་བསྟན་པའི་ཉི་མའི་མ་དགོན་གྱི་ལྷ་སྡེ་ཆུ་འཁྱིལ་སྡེ་བའི་ནང་ལ་བསྐྱེད་པའི་ཡབ་སྐྱབས་ཡོན་གསང་མཆོག་དང་སྨིན་པའི་ཡུམ་ཆོས་ཡག་བཟའ་ཏ་སྨིན་འཚོ་གཉིས་ལ་སྤྱི་ལོ་༡༩༦༨ལོ་ལ་སྐུ་ཡི་མཚན་དཔེ་མངོན་པར་བཀྲ། སྐུ་ན་ཕྲ་བའི་དུས་སུ་རྒྱ་ཡིག་སློབ་ཆུང་འགྲིམ་པའི་དེ་དུས་ནས་མ་རབས་ཀྱི་སྤྱོད་པ་ཡོངས་དོར་ནས་གཞན་ཉམ་ཐག་ཅན་གྱི་མི་དང་དུད་འགྲོ་ལ་ཐུགས་བརྩེ་བས་ཕན་རོགས་དང་། ཁྱད་པར་དུ་ཡུལ་གོང་མ་ལ་དད་པ་དང་། དགེ་བ་ལ་བརྩོན་འགྲུས། འཁོར་བ་ལ་ངེས་འབྱུང་། སེམས་ཅན་ལ་སྙིང་རྗེ་སོགས་བྱིས་པ་གཞན་ལས་ཡོན་ཏན་དེ་དག་འཕགས་ཤིང་མངའ། དེ་ནས་སྐྱང་ཚང་དགོན་དུ་བཞུགས་པའི་གྲྭ་རྒན་བཀྲ་ཤིས་ཚེ་རིང་གི་དྲུང་དུ་བོད་ཡིག་འདོན་ཆ་སློབ། དགོང་ལོ་༡༦ཐོག་ཏུ་འཁོར་བ་ལ་མཁྲིས་ནད་ཅན་གྱི་མི་ལ་སྣུམ་སྟེར་བ་བཞིན་དུ་ཞེན་པ་གཏིང་ནས་ལོག་སྟེ་སློབ་དཔོན་སྐལ་བཟང་དར་རྒྱས་དྲུང་དུ་རབ་བྱུང་སྒྲུབ། དགའ་མལ་དགོན་ཆེན་བཤད་སྒྲུབ་སློབ་གླིང་དུ་ཞུགས་ནས་སློབ་དཔོན་དེ་ཉིད་ཀྱི་དྲུང་ནས་ཐུན་མོང་གི་རིག་གནས་ལ་སུམ་རྟགས་དག་གསུམ། སྙན་ངག སྡུད་རྟགས་ཚད་གསུམ་དང་། ཐུན་མིན་རྣལ་འབྱོར་གྱི་ཉམས་ལེན་ལ་སྙིང་རུས་ཞེ་བཅད་ཚུལ་བཞིན་མཛད་ནས་ལོ་གསུམ་ལ་བཅད་རྒྱ་བཞུགས་ཤིང་ཕྱིར་མི་ལྡོག་པའི་དད་པ་དང་ངེས་འབྱུང་གཤའ་མ་རྒྱུད་ལ་འཁྲུངས། སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མདུན་ནས་དག་པ་དྲང་སྲོང་གི་སྡོམ་པ་བཞེས། སྐྱང་སྤྲུལ་དེ་ཉིད་དང་རྣལ་འབྱོར་བསྟན་འཛིན་ཉི་མ་ཁོང་གཉིས་ཀྱི་དྲུང་ནས་གདམ་པ་གང་ཟབ་དང་དབང་ལུང་མང་དུ་གསན། དེ་ནས་རང་གཞན་ཀུན་གྱི་དོན་ལ་དགེ་སྦྱོར་གཤའ་མ་ཞིག་མ་གཏོགས་གཞན་དོན་གཉེར་བྱ་རྒྱུ་མེད་བསམ་པའི་བློ་དུང་ངེ་བ་སྲ་བརྟན་བ་དེས་རྒྱུད་བསྐུལ་ནས་ཕྱོགས་མེད་རི་ཁྲོད་པ་ཞིག་བཞེས་རྒྱུའི་ཐག་བཅད་ནས་དགོང་ལོ་ཉི་ཤུ་ཡས་མས་སུ་སུས་ཀྱང་ཤེས་སུ་མ་བཅུག་སྟེ་ལྐོག་བྲོས་བྱས་ནས་ཡར་བསྟོད་ཕྱོགས་སུ་ཕེབས། ཁྱུང་པོ་རྩེ་དྲུག་གི་ཉི་སྤྲུལ་རིན་པོ་ཆེ་དང་ལོ་རི་མཁན་པོ་སོགས་ཀྱི་མདུན་ནས་ངེས་དོན་གྱི་གདམས་པ་མང་པོ་གསན་ནས་རྩེ་དྲུག་ཏུ་སྒོམ་སྒྲུབ་ཉམས་ལེན་མཛད་ཅིང་བཞུགས། དེ་ནས་ཧོར་སྦྲ་ཆེན་ཁ་བོ་རྟོགས་ལྡན་མདུན་ནས་བཀའ་འགྱུར་ལུང་གསན། ངེས་པར་དོན་གྱི་རྣལ་འབྱོར་རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང་མདུན་ནས་བྱང་སེམས་སོགས་ཟབ་དགུའི་གདམས་པ་ཞུས་ནས་གཞན་ཕན་ལྷུར་བླང་དང་འཕགས་པའི་རིགས་བཞི་ལ་བསྟེན་ནས་དགེ་སྦྱོར་སྲིད་ན་དཀོན་པ་ཞིག་མཛད། དེ་ནས་བཟུང་མགོ་དམ་མཇུག་ལྷོད་མ་ཤོར་བར་དགུན་གཞུའི་རྒྱུད་བཞིན་ད་ལྟའི་བར་ཐང་ལྷོད་ནམ་ཡང་ཤོར་མྱོང་མེད། རྐོང་པོར་ཕེབས་ནས་དབུས་མཚམས་ལྷ་འདུས་དང་ནོར་སྐྱབས་ལ་འཆགས་ཕྱིར་སྒྲུབ་ཞོར་དུ་གདམ་པ་དང་དབང་ལུང་མང་པོ་ནོད། དེ་ནས་ཧོར་སྲས་སྟོབས་ཀྱི་རྒྱལ་པོ་དང་མཉམ་དུ་བོན་རིའི་སྲིད་རྒྱལ་ཡོང་གོང་དུ་ལོ་བཞིའི་རིང་ལ་གནས་ལུགས་རང་འབྱུང་ཡེ་ཤེས་ལ་ཉམས་ལེན་མཛད། དེ་རྗེས་གྲྭ་ས་གོང་འོག་ལ་མཇལ་སྐོར་དུ་ཕེབས། གྲྭ་སའི་རང་ལུགས་ལྟར་དུ་གཙང་སྨན་རིའི་སྒྲིགས་ཞུགས་དུས་སུ་སྐལ་བཟས་ཉི་མའི་མདུན་ནས་སླར་ཡང་དག་པ་དྲང་སྲོང་གི་ཁྲིམས་ནོད་ནས་ཚད་མའི་སྐོར་ཅུང་ཙམ་གསན་བཞེས་མཛད།

1386830347.jpg

དེ་རྗེས་རི་འགྲིམ་རྣལ་འབྱོར་བ་ཞིག་ལ་མི་ཚེ་བསྐྱལ་དགོས་དགོངས་རུང་། སྐྱབས་རྗེ་སྨན་རིའི་མཁན་ཆེན་མཆོག་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གཉིས་ཀྱིས་བཀའ་ནན་ཏན་གྱིས་སྩལ་ཏེ་ཁྱེད་ཕྱིར་ཕེབས་ནས་དགོན་པའི་དཔོན་སློབ་མཛད་དགོས་གསུངས་ནས་བཀའ་མ་ཐེག་པར་རང་དགོན་དུ་ཕྱིར་མི་ཕེབས་ཁ་མེད་བྱུང་། དེ་ནས་ཁོང་ཉིད་གདོང་ལྔའི་ཁྲི་ལ་དཔོན་སློབ་དུ་མངའ་གསོལ་ཏེ་ཤར་སྐྱང་ཚང་དགོན་དུ་རི་ཁྲོད་མཛད་ཞོར་སློབ་མ་སྐྱོང་ཞོར་མི་ལོ་༡༤་རིང་ལ་རང་དོན་དུ་སྒོམ་སྒྲུབ་ཉམས་ལེན། གཞན་དོན་དུ་འཆད་རྩོད་རྩོམ། བསྟན་དོན་དུ་འཛིན་སྐྱོང་སྤེལ་གསུམ་སོགས་ངལ་བ་ཁྱད་དུ་བསད་ནས་གྲྭ་ཆུང་རྣམས་ལ་མ་མཐའ་འབྲི་ཀློག་འདོན་གསུམ། ཡར་མཐའ་ངེས་དོན་ཉམས་ལེན་སོགས་མ་ཡིས་བུ་ལ་བརྩེ་བ་ལྟར་དུ་སྐྱོང་བཞིན་སྣང་། རྒྱུ་དང་དངུལ་དངོས་རིགས་ལ་ཞེན་ཆགས་ཡེ་མི་མཛད། མང་ཚོགས་ཀྱིས་ཁོང་ལ་མཇལ་རྟེན་རྒྱུ་ནོར་རེ་ཕུལ་ཡང་ཁོང་གིས་ཉམ་ཐག་ཅན་གྱི་ནད་པ་ལ་སྨན་རིན་དང་ཅང་མེད་འཚོ་བའི་ཁ་བསབ། སློབ་མ་ཚོའི་འཚོ་ཆས། དགོན་གྱི་རྟེན་བཞེངས་སོགས་ལ་རམ་འདེབས་བྱེད་པ་ལས་གསོག་འཇོག་བྱས་ནས་ཉར་ཚགས་བྱ་སྲོལ་གཏན་ནས་མི་མཆིས།

1386430619.jpg

ཐོག་མར་མི་སྐྱ་ཕོ་མོ་རེ་གཉིས་ཙམ་ལས། དེང་སང་ལོ་རྟག་པར་སྔོན་འགྲོ་བ་བརྒྱ་ཕྲག་མང་ལ་ཞེ་དགུའི་བོན་འཆད་དང་ལྷག་པར་དུ་དབྱར་སྤྱི་ཟླ་༦་པའི་ཚེས་༢་ནས་༥་བའི་བར་ཉིན་བཞི་དང་དགུན་སྤྱི་ཟླ་༡༢་པའི་ཚེས་༨་ནས་༡༤་བར་ཉིན་བདུན་ལ་ཁྲི་སྐྱང་སྟོད་སྨད་བར་གསུམ། གཟི་རྩ་སྡེ་དགུ། ཞང་ངུ་། མཁའ་ཡག་མཁའ་ཀློང་། མཛོད་དགེ་སོགས་རྫོང་ཕྱི་ནང་དུ་མ་ནས་ཡོང་བའི་དད་ལྡན་སྐྱ་སེར་སྟོང་ཕྲག་མང་ལ་ལོ་རེ་བཞིན་དུ་དགེ་སྡིག་བླང་དོར་སྔོན་འགྲོ་བསགས་སྦྱོང་འཕོ་ལུང་སེམས་ཁྲིད་སོགས་གང་ལ་གང་དགོས་ལྟར་དུ་བོན་འཆད་གནང་མུས་སུ་བཞུགས།།

1387059930.jpg
1387035487.jpg

ཐེངས་གཅིག་གི་ཉིན་བདུན་གྱི་བར་ལ་བོན་འཆད་གནང་བའི་འགྲོ་རིམ་ནི།
དང་པོའི་ཉིན་གཉིས་ལ་སྐྱབས་འགྲོ་སེམས་བསྐྱེད་མཎ་ཊལ་དུ་ཏྲི་སུ་སོགས་ཀྱི་ཕན་ཡོན་དང་འབྲེལ་མཐུན་བསྒྲིལ་བསྐོར། དེ་ནས་ཉིན་གསུམ་ལ་སྐྱབས་འགྲོ་སེམས་བསྐྱེད་མ་ཏྲི་སོགས་ཀྱི་ཕན་ཡོན་དང་དགེ་སྡིག་བླང་དོར་བྱེད་དགོས་ཚུལ་བསྐོར།

1386803219.jpg
1386671454.jpg

དེ་ནས་ཉིན་གཅིག་ལ་ཡིག་བརྒྱའི་ཕན་ཡོན་དང་ཉེས་སྡིག་ལ་འགྱོད་བཤགས་བྱེད་དགོས་ཚུལ་བསྐོར། མཇུག་མའི་ཉིན་གཅིག་ལ་འོད་དཔག་མེད་ཀྱི་ཞལ་ཐང་དང་བཅས་ནས་བླ་སློབ་ཀུན་གྱིས་སྐུ་གསུམ་ཞིང་སྒྲུབ་ཀྱི་ཆོ་ག་བཏང་ཞིང་མཐར་བཀྲ་ཤིས་དང་བསྔོ་སྨོན་བཅས་ནས་མཇུག་རྫོགས་བྱས་པའོ། །

1386488737.jpg
1386435886.jpg

ཉིད་ཀྱི་སློབ་མའི་ཁོངས་སུ་གཏོགས་པའི་བབ་བཟོ་ཤེས་རབ་རབ་གསལ་གྱིས་སྤྱི་ལོ་༢༠༡༣་ཟླ་༡༢་ཚེས་༡༦་ཉིན་བྲིས།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།