དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱི་འཕྲིན་གསར།

[ཟླ་ཚེས། 2013-11-17 13:01:30][རྩོམ་པ་པོ། ][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་གྱི་ཐེངས་དང་པོའི་སྒྲུབ་ཐོན་མཛད་སྒོ་དང་ཐོག་མའི་བཤད་གྲྭ་དང་སྒོམ་གྲྭ་གསར་འཛུག་གི་གནས་ཚུལ།
securedownload.jpg

༧དཔལ་ལྡན་ག་ཤེལ་ཤར་གྲོལ་སྨིན་གླིང་དགོན་ནི་ཁྱུང་ཡུལ་སྟོད་ཀྱི་གནས་ཆེན་སྤུ་རྒྱལ་གངས་དཀར་གྱི་བྱང་ཤར་དངུལ་ཁྱིམ་ཤ་རོང་གི་སྟོད་དུ་རྒོད་རྗེ་རྒྱ་ཡི་གདུང་ལས་གྲོལ་བའི་ཤེལ་ཞིག་སྐལ་བཟང་གྲགས་པས་ཕྱག་བཏབ་ནས་བཟུང་། ཤེལ་ཞིག་གདུང་རབས་རིམ་བྱོན་གྱིས་བསྐྱངས་ནས་ལྷག་པར་དུ་ཚེ་དབང་བདེ་ཆེན་སྙིང་པོའམ་ག་ཤེལ་ཁྲི་ཆེན་གཡུང་དྲུང་རྒྱལ་མཚན་མཆོག་ནི་གཏེར་དང་སྙན་རྒྱུད་ཀྱི་མངའ་བདག་ཡིན་ཞིང་དམ་པ་ཁོང་ཉིད་ཀྱིས་གནས་འདིར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་དཔག་ཏུ་མེད་པ་མཛད་ནས་ཁྱད་དུ་འཕགས་པའི་གདན་ས་རུ་བྱིན་གྱིས་བརླབས། དེ་རྗེས་རིག་གསར་གེགས་འཕྲང་བརྒྱུད་རྗེས་ཞིག་སྲས་དྲུང་མུ་གྲགས་པ་མཆོག་གིས་ཐུགས་འགན་གཙོར་བཞེས་ཀྱིས་བསྐྱར་བཞེངས་མཛད་པའོ།།

fg.jpg

   དེ་ལྟར་གྱི་གདན་ས་བྱིན་ཆེན་དེ་རུ་དགོངས་པ་དང་དགོས་ཆེད་དུ་མར་གཟིགས་ནས་སྤྱི་ལོ་༢༠༠༩ ལོའི་ཟླ་༡༡ པའི་ཚེས་༡༥ ཉིན་ཞིག་སྲས་དྲུང་མུ་གྲགས་པ་དང་དགེ་བཤེས་བསྟན་འཛིན་ཡེ་ཤེས་དགེ་བཤེས་ཤེས་རབ་སྦྱིན་པ་རྣམས་ཀྱིས་ཐུགས་འགན་ཁུར་ནས་གྲྭ་བཙུན་བཅུ་ཕྲག་ལྷག་ལས་གྲུབ་པའི་ཨ་སྙན་རྫོགས་གསུམ་གྱི་སྒྲུབ་གྲྭའི་དབུ་ཚུགས་པ་རེད།

ewqe.jpg

   དེ་ནས་བཟུང་དགེ་བཤེས་ཤེས་རབ་སྦྱིན་པ་མཆོག་གིས་ལོ་གཉིས་རིང་ལ་སློབ་ཁྲིད་མཛད་པ་དང་། དེ་ནས་དགེ་བཤེས་བསྟན་འཛིན་ཡེ་ཤེས་མཆོག་དགོན་གྱི་མཁན་པོ་རུ་ཁྲི་བཞེངས་མཛད་ནས་རང་དགོན་དུ་ཕེབས་ནས་ཁོང་གིས་དགེ་རྒན་མཛད་ནས་སློབ་ཁྲིད་གནང་ཞིང་སྤྱི་ལོ་༢༠༡༣ ལོའི་ཟླ་༡༡ པའི་ཚེས་༡༥ ཉིན་དངོས་སུ་ལོ་བཞིའི་དུས་ཡུན་གྱི་ཚད་གྲུབ་སྟེ་སྒྲུབ་ཐོན་གྱི་མཛད་སྒོ་དང་ཐོག་མའི་བཤད་གྲྭ་དང་སྒོམ་གྲྭ་གསར་འཛུག་གི་རྟེན་འབྲེལ་མཛད་སྒོ་དང་སྙིགས་དུས་ཀྱི་འདྲེན་མཆོག་བླ་ཆེན་དྲན་པ་ནམ་མཁའི་སྒྲུབ་ཐབས་དྲན་པ་ཡང་གསང་གི་སྨན་སྒྲུབ་བཀའ་དབང་བཅས་རྟེན་འབྲེལ་སུམ་འཛོམ་གྱི་ཉིན་མོ་འདིའི་མཛད་རིམ་གཤམ་གསལ།

42423.jpg
IMG_0898.jpg

   ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་འདུ་ཁང་དུ་བླ་གྲྭ་ལྷན་རྒྱས་བཞུགས་གདན་འཇག་ནས་བདེ་ཆེན་རྒྱལ་པོ་ནས་བཟུང་ཏེ་ཚོགས་འདོན་གསུངས་རྗེས་ཇ་བསྟོད་གྱེར་ནས་སྒྲུབ་ཐོན་སྤྱི་ནས་འདུས་ཚོགས་སུ་མང་ཇ་དང་སྐུ་འགྱེད་ཕུལ།

rtw.jpg

   དེ་ནས་རང་དགོན་གྱི་དབུ་བླ་ཞིག་སྲས་དྲུང་མུ་གྲགས་པ་མཆོག་དང་མཁན་པོ་དགེ་བཤེས་བསྟན་འཛིན་ཡེ་ཤེས་རྣམ་གཉིས། སྒང་རུ་དར་རྒྱས་དགོན་གྱི་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་དང་། རེ་ནེ་དགོན་གྱི་མཁན་པོ་དགེ་བཤེས་ཚུལ་ཁྲིམས་མཐར་ཕྱིན། སྤ་ཟླ་ཞུ་ཚང་དགོན་གྱི་སློབ་དཔོན་དགེ་བཤེས་ཤེས་རབ་ཐབས་མཁས། གླ་བ་དགེ་བཤེས་བློ་གྲོས་རབ་རྒྱས་སོགས་བླ་སྤྲུལ་དགེ་བཤེས་བཅུ་ལྷག་དབུ་བཞུགས་ཐོག་ཏུ་གཤེན་གྱི་སྒྲུབ་ཐོན་རྣལ་འབྱོར་པ་ཤེལ་ཞིག་དྲང་སྲོང་གཡུང་དྲུང་ཡེ་ཤེས་དང་། གོ་ན་དྲང་སྲོང་ཤེས་རབ་ཕུན་ཚོགས་གཉིས་ཀྱིས་སྒྲོན་མ་དྲུག་གི་རྩ་བ་བློ་རྒྱུགས་ཕུལ། དེ་ནས་སྒྲུབ་ཐོན་བ་རྣམས་ཀྱིས་མཆོད་ཚིག་གྱེར་ནས་ཤིང་ཏོག་བུ་རམ་སོགས་གཏོར་ནས་བཀྲ་ཤིས་གསོལ་བ་དང་རྗེ་རྒྱལ་བ་འདུས་པ་དབྱངས་སུ་གྱེར་ནས་གདན་ལ་འཁོད་པ་དང་། སྒང་རུ་དར་རྒྱས་དགོན་གྱི་མཁན་པོ་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་སེར་སྐྱ་ཕོ་མོ་ཡོངས་དང་ཁྱད་པར་དུ་སྒྲུབ་ཐོན་པ་རྣམས་ལ་ཟབ་ཅིང་རྒྱས་པའི་བཀའ་སློབ་གསུངས་ནས་ཚང་མས་དད་འདུན་གྱི་དགའ་བསུའི་ཐལ་མོ་བརྡབ།

IMG_0925.jpg

   དེ་ནས་བླ་གྲྭ་རྣམས་སེར་ཕྲེང་ཕེབས་ནས་འདུ་ཁང་མདུན་གྱི་འཆམ་ར་རུ་སླེབ་པ་དང་དེ་རིང་སྐལ་བཟང་ཚེས་བཟང་གི་ཉིན་འདིར་དགོན་འདིའི་ཐོག་མའི་བཤད་གྲྭ་གསར་འཛུག་གི་རྟེན་འབྲེལ་དབུ་འབྱེད་དེ་དགེ་བཤེས་སྐལ་བཟང་ནོར་བུ་དང་ཚུལ་ཁྲིམས་མཐར་ཕྱིན་རྣམ་གཉིས་དམ་བཅའ་ལ་བཞུགས་པ་དང་། དགེ་བཤེས་བསྟན་འཛིན་ཡེ་ཤེས་དང་ཤེས་རབ་ཐབས་མཁས་བློ་གྲོས་རབ་རྒྱས་རྣམས་ཀྱིས་རྟགས་གསལ་བཏང་ནས་གཞན་དག་བཤད་གྲྭར་གསར་ཞུགས་ཀྱི་གྲྭ་བཙུན་རྣམས་ཀྱིས་འཆད་རར་རྟེན་འབྲེལ་ལེགས་པོར་བསྒྲིགས་ནས་བཤད་གྲྭ་དང་སྒོམ་གྲྭ་གཉིས་ལྷན་གཅིག་ཏུ་འགོ་བཙུགས་ནས་སྤུ་རྒྱལ་རིག་སློབ་གླིང་ཞེས་པའི་བཤད་སྒྲུབ་ཀྱི་འདུས་སྡེ་དེ་དངོས་སུ་དབུ་ཚུགས་པ་རེད།

t3re.jpg
IMG_0993.jpg
IMG_0951.jpg

   དེ་ནས་དད་ལྡན་མང་ཚོགས་རྣམས་ལ་དྲན་པ་ཡང་གསང་གི་བཀའ་དབང་ཟབ་མོ་བསྐུར་ནས་བདུད་རྩི་སྨན་གྱི་དངོས་གྲུབ་བསྩལ་ཏེ་ཕན་བདེའི་དཔལ་དུ་བཀྱེས། གཤེན་གྱི་སྒྲུབ་ཐོན་རྣམ་པའི་རྣམ་དཀར་དད་སྦྱིན་ཁག་ནས་འདུས་ཚོགས་སུ་མང་ཇ་དང་སྐུ་འགྱེད་ཕུལ་ནས་འབྱོར་ལྡན་བསོད་ནམས་གསོག་པའི་མཐུན་རྐྱེན་བསྒྲུབས་པའོ།། བཀྲ་ཤིས་ཉིས་རྩེག་རྟེན་འབྲེལ་སུམ་འཛོམ་དགའ་བ་འབུམ་ལྡན་གྱི་ཉིན་དེའི་མཛད་སྒོ་ཟབ་མོ་དེ་དག་ཁ་དགེ་བཀྲ་ཤིས་ཀྱི་ངང་ནས་ལེགས་གྲུབ་བྱུང་ངོ་།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།