འོད་སྡེར་༼མཉམ་འཛོམས་ཀྱི་གཟི་འོད༽འགྲེམ་སྤེལ་གནང་བ།

[ཟླ་ཚེས། 2013-11-12 12:19:05][རྩོམ་པ་པོ། རྟོགས་ལྡན་བསྐལ་ཁོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཐེངས་གཉིས་པའི་གངས་ལྗོངས་༼གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་༽འཐུས་མིའི་འཚོགས་ཆེན་དཔལ་རྔ་ཡུལ་བོན་གྱི་གདན་ས་ཆེན་པོ་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་དུ་འཚོགས་སྐབས་ཀྱི་འོད་སྡེར༼མཉམ་འཛོམས་ཀྱི་གཟི་འོད༽འགྲེམ་སྤེལ་གནང་བ།
2.jpg
ཐེངས་གཉིས་པའི་གངས་ལྗོངས་༼གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་༽འཐུས་མིའི་འཚོགས་ཆེན་དཔལ་རྔ་ཡུལ་བོན་གྱི་གདན་ས་ཆེན་པོ་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་དུ་གཟབ་རྒྱས་ངང་འཚོགས་ཟིན་པའི་གནས་ཚུལ།

1.jpg

རྒྱུ་སྐར་སྟོང་གི་གསང་བའི་དབུས་ན་ཁྲི་གདུགས་ཉི་མ་གཟི་འོད་འབུམ་གྱིས་ཡོངས་སུ་ཕྱུག།
རི་ཕྲན་སྟོང་ཕྲག་བསྟར་བའི་ཁྲོད་ན་ཏི་སེ་གངས་རྒྱལ་ཆེ་བརྗིད་དཔལ་གྱིས་རྣམ་པར་རྒྱལ།།
རྣམ་འདྲེན་སྟོང་གི་བྱུང་རབས་ཁྲོད་ན་གཤེན་རབ་མི་བོ་ལྷ་མིའི་དྭངས་བ་འདྲེན་པའི་དཔལ།།
ལྟ་གྲུབ་སྟོང་གི་འཕོ་འགྱུར་ཀློང་ན་གཡུང་དྲུང་བོན་བསྟན་རིན་ཆེན་དང་བོའི་དཔལ་དུ་འགྲན།།

དེང་ཡང་ཟླུམ་གཟུགས་གོ་ལའི་ཁྱོན་གྱི་རྒྱལ་ཁབ་ཁག་དང་མི་རིགས་སོ་སོའི་བསམ་བློའི་ལྟ་བ་དང་ཀུན་སྤྱོད་ལ་འདྲ་མིན་སྣ་ཚོགས་སུ་ཡོད་ནའང་ཚང་མས་མགྲིན་གཅིག་ཏུ་གླེང་བཞིན་པ་ནི། འཆམ་མཐུན་གྱི་སྤྱི་ཚོགས་དང་ཞི་བདེའི་ཁོར་ཡུག་རང་རེད། དེ་བཞིན་བོད་རང་ས་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་ཆོས་སྒོར་ཞུགས་པའི་སྐལ་བ་ཅན་རྣམས་ཀྱིས་ཀྱང་། སྲོལ་རྒྱུན་བགྲང་བྱ་གཅིག་ཁྲི་བརྒྱད་སྟོང་ལྷག་གི་ལོ་རྒྱུས་དང་ལྡན་པ་ལ་སྨྲ་བའི་ལྗགས་བརྒྱ་སྤྲུལ་ནས་སྨྲས་པའམ་ལྟ་བའི་མིག་སྟོང་སྤྲུལ་ནས་བལྟས་ཀྱང་སྐྱོན་གྱི་དྲི་མ་ཆ་ཙམ་ཡང་རྙེད་དུ་མེད་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བཞག་དམིགས་ཡུལ་དང་ཉིང་སྒོས་སུ་འཛིན་ནས། སྤྱི་ཚོགས་འདི་འཆམ་མཐུན་གྱི་སྤྱི་ཚོགས་དང་ཞི་བདེའི་ཁོར་ཡུག་གི་ལེགས་ལམ་དུ་འཁྲིད་པར་ཐབས་ཤེས་ཀྱི་གྲོས་མོལ་འདོན་སའི་༼གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་༽ཞེས་པའི་གར་སྟེགས་ཞིག་བསྐྲུན་ནས་ལོ་ཤས་སོང་ཟིན་པའི་དེ་རིང་ཡང་།
རྣམ་འདྲེན་རྒྱུ་སྐར་གྲངས་ལྡན་གྱི་དབུས་ན་ཉི་ཟླ་བཞིན་མངོན་པར་འཕགས་པའི་རྟོགས་ལྡན་སྐྱབས་རྗེ་རྣམ་གཉིས་ཀྱི་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་བསྟན་པ་ལ་བཅིངས་པའི་ལྷག་བསམ་བཅས་ལ་བརྟེན་ནས་སྤྱི་ལོ་ ༢༠༡༢ ལོར་རྔ་ལྗོངས་བོན་གྱི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གླིང་དུ་ཐེངས་གཉིས་པའི་༼གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་༽འཐུས་མིའི་འཚོགས་ཆེན་དེ་གཟི་བརྗིད་དང་རྒྱལ་ཁའི་ངང་ཡོངས་སུ་འཚོགས་ཟིན་པའི་རྣམ་པ་དང་འབྲེལ། བོད་ཀྱི་གླུ་བ་སྙན་གྲགས་ཅན་གངས་ལྗོངས་སྟག་ཤར་ཕུར་པ་སྐྱབས་དང་། རྔ་ལྗོངས་ཁུ་བྱུག་གྲགས་བྷེ། ཨ་མཆོག་མགོན་པོ་དོན་གྲུབ། གླུ་མ་རིག་འཛིན་སྒྲོལ་མ། ཕུལ་བྱུང་སྒྲོལ་མ་སོགས་ཀྱིས་སྙན་པོའི་ངག་ལ་དྲངས་པའི་རྡུང་ལེན་དང་གླུ་དབྱངས་སྐོར་ཞིག་ཀྱང་འོད་སྡེར་འདིར་བསྡུས་ཡོད་པ་བཅས། རྟོགས་ལྡན་དགོན་སྐབས་བཞི་བའི་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་འོག ཉག་སྤྲུལ་བསོད་ནམས་རྒྱ་མཚོ་རིན་པོ་ཆེས་གཙོ་འགན་བཞེས་ཏེ་རྔ་ཆབ་སྒྲ་བརྙན་གླིང་དང་། གངས་རིན་པོ་ཆེ་རིག་གནས་གླིང་། གཉན་པོ་གཡུ་རྩེ་སྒྲ་བརྙན་སྒྲིག་སྦྱོར་ཁང་བཅས་ཀྱིས་བརྙན་ཕབས་ཞུས་པ་རྣམས། ད་ལམ་མཚོ་སྔོན་གངས་རྩེ་མོ་སྒྲ་བརྙན་རིག་གནས་ཁང་གིས་༼མཉམ་འཛོམས་ཀྱི་གཟི་འོད་༽ཞེས་པའི་འོད་སྡེར་འདི་ཉིད་སྒྲིག་སྦྱོར་བྱས་པ་ཡོངས་སུ་གྲུབ་ནས་གཟིགས་པ་པོ་ཁྲི་སྟོང་གི་ལྟ་བའི་མིག་གི་དགའ་སྟོན་དུ་སྤེལ་བའོ།། འདི་ཡང་གྲུབ་མཐའི་རྒྱལ་པོ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་ནས་འཛམ་གླིང་གི་རིགས་སོ་སོའི་མི་རྣམས་ཀྱི་རྒྱུད་ལ་དགེ་བའི་ས་བོན་ནམ་ནང་སེམས་ཀྱི་འཆམ་མཐུན་དང་ཞི་བདེ་བསྐྲུན་པའི་དཔྱིད་དུ་ཤོག་ཅིག་གུ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།