རེབ་གོང་བོན་བརྒྱ་དགོན་དུ་༧གཤེན་རབ་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོར་བཀྲ་ཤིས་རབ་གནས་མཛད་པ།

[ཟླ་ཚེས། 2013-10-24 15:41:14][རྩོམ་པ་པོ། ཁྲི་བསོད་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.jpg
ཞང་ཞུང་སྐད་དུ། དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ།  བོད་སྐད་དུ་གཤེན་རྒྱལ་སྟོན་པ་ལ་ཕྱག་འཚལ་ལོ།།
ཨེ་མ་ཧོ། སངས་རྒྱས་བསྟན་པའི་མངའ་བདག་གསེར་མདོག་འཆང་།།  མཚན་དཔེ་གཟི་འབར་བརྒྱད་ཁྲི་བོན་འཁོར་བསྐོར།།
ལོག་ལྟའི་དཔུང་འཇོམས་འགྲོ་བའི་སྐྱབས་གཅིག་པུ།།  རྒྱལ་བ་གཤེན་རབ་མཆོག་ལ་གསོལ་བ་འདེབས།།

66-1.jpg33-1.jpg

      དེ་ཡང་གཤེན་གྱི་འབྱུང་ལྡན་༣༠༡དང་རབ་གནས་ཆུ་མོ་སྦྲུལ་སྤྱི་ལོ་༢༠༡༣ལོ་སྟེ། བདག་ཅག་གི་སྟོན་པ་སངས་རྒྱས་རྣམ་འདྲེན་བརྒྱད་པ་༧རྒྱལ་བ་གཤེན་རབ་མི་བོ་ཆེ་མཆོག་འགྲོ་ལ་བརྩེ་བའི་སྙིང་རྗེ་གཞན་དབང་གིས་མི་འཇེད་གདུལ་དཀའི་འཇིག་རྟེན་ཞིང་འདིར་སྐུ་མཆོག་མངོན་པར་བལྟམས་ནས་ད་ལྟའི་བར་དུ་མི་ལོ་༡༨༠༣༠འཁོར་བའི་སྐབས་འདིར། བོད་ཡུལ་རོང་ཆེན་བཞིའི་ཡ་གྱལ་བྱང་ཕྱོགས་གསེར་ལྡན་ཨཀྟ་རོང་གི་ཡུལ་གྱི་སྙིང་བོར་གྱུར་བ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལྷོ་ཕྱོགས་སྔོན་བྱོན་གྲུབ་ཐོབ་རྣམ་གསུམ་གྱིས་མ་རུངས་ཀླུ་བཙན་དམ་ལ་བཏགས་ཤིང་ས་འདུལ་གསེར་སྐྱེམས་ཕྱོགས་བཞིར་ཕུལ་བའི་གནས་ཡུལ། ཆོས་རྗེ་བོན་བརྒྱ་སྐུ་ཕྲེང་རིམ་བྱོན་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གདན་ས་ཁྱད་པར་ཅན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ས་འཛིན་གསེར་གྱི་རི་རྩེ་རུ། གསེར་ཟངས་ལས་གྲུབ་པའི་ལི་སྐུ་༧རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྐུ་བརྙན་ཁྲུ་ཚད་༥༠ཅན་གྱི་རྟེན་མཆོག་འདི་ཉིད། ལྷ་མིའི་དད་པའི་རྗེས་དྲན་མཚོན་བྱེད་ཙམ་དུ་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞེངས་བསྐྲུན་ལེགས་གྲུབ་བྱུང་བ།

22-1.jpg22-2.jpg

      དེ་ལ་ཐོག་མར་༧དཔལ་སྐྱང་སྟོན་རྒྱལ་བའི་དབང་པོ་མཆོག་སྤྲུལ་ཚུལ་ཁྲིམས་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་རླབས་པོ་ཆེ་ལ་བརྟེན་ནས། སྤྱིར་ཕན་བདེ་འབྱུང་གནས་ཀྱི་གཞི་མ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ཡུལ་གྲུ་སོ་སོར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཐུགས་སྨོན་དང་ས་ཕྱོགས་གང་ན་སུ་བཞུགས་ཀྱི་བོན་བསྟན་འཛིན་པའི་རིས་མེད་སྐྱེས་མཆོག་དམ་པ་རྣམས་ཀྱི་སྐུ་ཚེ་ལ་བགེགས་དང་བར་ཆད་ཞི་ཞིང་ཐུགས་ཀྱི་བཞེད་དགོངས་འབད་མེད་ལྷུན་འགྲུབ་ཡོང་བའི་ཕྱིར་དང་། བྱེ་བྲག་ཏུ་ཡངས་པའི་ཡུལ་གྲུ་ཀུན་ཏུ་མི་མཐུན་རྒུད་པའི་ཚོགས་ཀུན་མིང་མེད་དུ་ཞི་ཞིང་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་རྣམས་ཀྱིས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་ཤིང་ས་ཆུ་མེ་རླུང་གི་འབྱུང་བཞིའི་འཇིགས་པ་བྲལ་ཞིང་ནད་ཡམས་འཁྲུག་རྩོད་ཀྱི་བསྐལ་ངན་ཡོངས་སུ་ཞི་ནས་སྐྱེ་འགྲོ་མཐའ་དག་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་པ་རྒྱ་ཆེར་དང་། སྒོས་སུ་མདོ་སྨད་རེབ་གོང་ཡུལ་འདིར་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པ་དང་༧སྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེ་མཆོག་གཙོས་དགོན་འདི་དང་འབྲེལ་བའི་དད་སྦྱིན་ལྷ་སྡེ་ཡོངས་ཀྱི་མི་མཐུན་པའི་འགལ་རྐྱེན་མ་ལུས་ཞི་ཞིང་འཚེ་མེད་དགའ་བདེའི་དཔལ་ལ་རོལ་ཐུབ་པ་སོགས་ཀྱི་ཆེད་དུ་དམིགས་ནས། རྒྱ་ཡུལ་གྱི་ཁོང་གི་སློབ་བུ་འགས་དམངས་སྒོར་ཁྲི་༤༠༠ལྷག་གིས་སྦྱིན་བདག་མཛད་དེ་༢༠༡༣ལོའི་ཟླ་༢ཚེས་༡༡ཉིན་ནས་བཞེངས་འགོ་བརྩམས་ཤིང་ཟླ་༩ཚེས་༡ཉིན་ནས་སྲོག་ཤིང་ཁྲི་ཚད་སོ་གཉིས་པ་དེ་དང་རྟེན་རྫས་རྣམས་རང་དགོན་གྱི་བླ་གྲྭ་ཡོངས་ནས་གདན་འདྲེན་ཞུས་ཤིང་། གཟུངས་གཞུགས་སྐོར་ལ་སངས་རྒྱས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་ཚར་༡༥༠དང་མདོ་གཡུང་དྲུང་ཀློང་རྒྱས་ཚར་༡༠༠ རྣམ་རྒྱལ་གཟུངས་ཆེན། ནོར་བུ་འོད་འབར། བསྐལ་བཟང་སོགས་ཁྱོན་བསྡོམས་གླེགས་བམ་སུམ་ཁྲི་ཆིག་སྟོང་ལྷག་ཙམ་དང་། ཡིག་བརྒྱ་དུང་ཕྱུར་གཅིག་དང་བྱེ་བ་གཉིས། གཟུངས་གཞུགས་རྒྱས་བསྡུས་གང་མང་། རྟེན་རྫས་སྐོར་ལ་འབྲུ་རིགས་སྣ་ལྔ་རྒྱ་མ་ཉིས་ཁྲི་ལྷག་དང་རྟེན་སྣ་བྱིན་ཅན། སྨན་སྣ་དང་རིན་པོ་ཆེ་གང་འཛོམས་སོགས་གཟུངས་གཞུགས་རྒྱས་འབུལ་ཞུས་ཏེ་དེ་རིང་དངོས་སུ་བཞེངས་གྲུབ་བྱུང་བས་དགའ་སྤྲོ་ཡོ་ལང་གི་དགྱེས་སྟོན་རྒྱ་ཆེར་སྤེལ་བའི་མཛད་སྒོ་བསྡུས་པ་རེད།

33-2.jpg44-2.jpg

      དེ་ལ་ཡང་བདག་ཅག་གི་བཀའ་དྲིན་སུམ་ལྡན་གྱི་བླ་མ་རིན་པོ་ཆེ་མཁས་གྲུབ་གཉིས་ལྡན་གྱི་འདྲེན་པ་ཆེན་པོ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་སྐུ་དངོས་སུ་ཕེབས་ཏེ་རང་དགོན་གྱི་བླ་སྤྲུལ་མཁན་པོ་འདུས་གྲྭ་བརྒྱ་ཕྲག་ལྷག་གི་ཚོགས་མགོན་དུ་བྱོན་ནས་དད་ལྡན་སྐྱ་སེར་ཐུན་མོང་གིས་གསོལ་བ་བཏབས་པ་ཇི་བཞིན་ཐོག་མར་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་སྨོན་ལམ་དང་། འགྲོ་བ་སེམས་ཅན་ཐམས་ཅད་འཚེ་མེད་ཞི་བདེ་ཡི་ངང་ནས་ཐར་བ་བདེ་ཆེན་གྱི་ཞིང་དུ་འཁྲིད་པའི་ཐུགས་སྨོན་མཛད་དེ་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཞི་ཞིང༌། བསྟན་འགྲོའི་ལས་དོན་རྒྱས་ཕྱིར་འདིར་ཕེབས་ཀྱི་བླ་སྤྲུལ་མཁན་པོ་རྣམས་དང་སེར་སྐྱ་མང་ཚོགས་རྣམས་ཀྱིས་སྲུང་མར་འཕྲིན་བཅོལ་དང་བསང་གསོལ་རྒྱ་ཆེན་གནང་། རྗེས་སུ་བོན་བརྒྱ་དགོན་གྱི་བླ་གྲྭ་གཙོས་རེབ་གོང་བོན་མང་གོས་དཀར་ལྕང་ལོ་ལྡན་པའི་སྔགས་འཆང་གི་སྡེ་དང་། རྒྱ་ཡུལ་ནས་ཕེབས་པའི་དགེ་བསྙེན་མང་པོ་སོགས་བཙུན་སྔགས་བཞི་བརྒྱ་ལྷག་གིས་༧གཤེན་རབ་རྣམ་པར་རྒྱལ་བའི་ཟངས་སྐུ་ཆེན་མོར་བཀྲ་ཤིས་མངའ་དབུལ་རབ་གནས་མཛད་དེ་འཛམ་གླིང་ཞི་བདེ་དང་སེམས་ཅན་བདེ་སྐྱིད་ཡོང་བའི་བཀྲ་ཤིས་སྨོན་ལམ་གྱི་མཚམས་སྦྱར་དང་བཅས། སྐྱང་སྤྲུལ་ནམ་མཁའ་བསྟན་འཛིན་རིན་པོ་ཆེ་ནས་རང་དགོན་གྱི་བླ་གྲྭ་ཡོངས་ལ་ན་བཟའ་སྤུས་ལྡན་ཆ་ཚང་རེ་འགྱེད་གཏོང་དང་གུང་ཚིགས་རྒྱས་སྤྲོས་ཀྱིས་མཛད་སྒོའི་དུས་སྟོན་བདེ་བླག་ངང་ཡོངས་སུ་མཇུག་རྫོགས་པའི་གནས་ཚུལ་ཙམ་གཟེར་མིག་གིས་སྤེལ་བའོ།།  ༢༠༡༣/༩/༢༠

44-1.jpg55-2.jpg

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།