སྤ་དགོན་གཡུང་དྲུང་རབ་བརྟན་གླིང་གི་གསས་ཁང་ལེགས་གྲུབ་བྱུང་བའི་གནས་ཚུལ།

[ཟླ་ཚེས། 2013-09-02 23:26:53][རྩོམ་པ་པོ། འགོ་བ་གཡུང་ཡོན་དང་ཨ་ཀྲོང་རིན་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༧སྤ་དགོན་གཡུང་དྲུང་རབ་བརྟན་གླིང་གི་གསས་ཁང་ཆེན་མོ་རྣམ་རྒྱལ་ཁང་བཟང་ཞེས་པ་ལེགས་གྲུབ་བྱུང་བའི་མཛད་སྒོའི་སྐོར་གྱི་ངོ་སྤྲོད་གནས་བསྡུས།

      དེ་ཡང་བོད་ཆུ་སྦྲུལ་ལོ་སྟེ་ཕྱི་ལོ་༢༠༡༣ཧོར་ཟླ་༠༧ཚེས་༠༡ནས་དབུ་འཛུགས་གནང་སྟེ། རིམ་པས་ཡི་དམ་དབལ་ཕུར་གྱི་བསྙེན་སྒྲུབ་ལས་མཐའ་ཆ་ཚང་དང་ཁྲོ་བོ་དབང་ཆེན་གྱི་འཕྲིན་ལས་ཚོགས་འཁོར་གྱི་རིམ་པ་མ་ཏྲི་རིན་ཆེན་སྒྲོན་མའི་བུམ་སྒྲུབ་ཁམས་ཆེན་ཀློག་འདོན་བཅས་དགོན་པའི་ཚོགས་ཁང་ཆེ་ཆུང་ཁག་ཏུ་རང་དགོན་གྱི་གྲྭ་ཚང་གཙོས་ཕྱོགས་མཐར་ཕེབས་པའི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་བཅས་འདུས་མང་བརྒྱ་ཕྲག་གསུམ་ལྷག་གིས་བདུན་ཕྲག་གསུམ་རིང་༧རྒྱལ་བ་བྲུ་ཡི་རིང་ལུགས་ཀྱི་འཕྲིན་ལས་ཕྱག་སྲོལ་ཇི་བཞིན་བསྐྱངས་ཏེ་ཚོགས་ཀྱི་བར་གསེེང་རྣམས་སུ་ཕྱོགས་མཐར་ཕེབས་པའི་དགེ་བཤེས་དང་བཤད་གྲྭ་བ་རྣམས་ཀྱི་ཚད་མ་རིག་པའི་གལ་གནད་དང་གཞུང་ཆེན་ཁག་གི་དགོངས་དོན་ལ་ལུང་རིག་ཟུང་འབྲེལ་གྱི་ལམ་ནས་བརྒལ་བརྟག་ལྷུགས་པོར་གནང་།

1-1.jpg1-2.jpg

      དེ་རྗེས་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་ནས་ད་ལན་སྐབས་དགུ་པའི་དགེ་བཤེས་ཀྱི་མཛད་སྒོ་དབུ་འཛུགས་ཏེ། དེ་ཡང་ལོ་རྒྱུས་ཀྱི་དབང་དུ་བྱས་ན་སྤྱི་ལོ་(༡༩༣༢)ལོར་༧སྤ་སྟོན་གཡུང་དྲུང་བསྟན་པ་འབྲུག་གྲགས་དཔལ་བཟང་པོ་མཆོག་༼ཡོངས་གྲགས་སུ་འབྲུག་རིན་པོ་ཆེ༽གིས་དགོན་འདིར་བཤད་གྲྭ་དབུ་འཛུགས་གནང་བ་ནས་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོ་གས་དཔོན་སློབ་གཡུང་དྲུང་བློ་ལྡན་དང་། བེ་རུ་རྟོགས་ལྡན་ཚུལ་ཁྲིམས་དགེ་བ། ཁ་བོ་རྟོགས་ལྡན་ཤེས་རབ་ཕུན་ཚོགས།༼རྟོགས་ལྡན་འདི་པ་རྣམ་གཉིས་ཡོངས་གྲགས་སུ་སྦྲ་ཆེན་༧རིན་ཆེན་རྣམ་གསུམ་ཞེས་པའི་རྟོགས་ལྡན་རྣམ་གསུམ་གྱི་ནང་ཚན་ཡིན།༽ མངའ་རིས་དགེ་སློང་བསྟན་འཛིན་དབང་གྲགས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དུ་མས་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་སྙན་བཞེས་ཏེ་ཕྱོགས་མེད་བསྟན་དང་འགྲོ་དོན་ལ་སྨན་པའི་འཕྲིན་ལས་རྒྱ་ཆེར་བསྐྱངས་གནང་མཛད་པ་བྱུང་ཡོད།

2-1.jpg2-2.jpg

    ད་ཆར་ཡང་དགོན་འདིར་མཁན་རབས་བརྒྱད་པ་༧སྤ་བླ་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་ཐུགས་འགན་བླ་ལྷག་བཞེས་པའི་མཛད་འཕྲིན་ལ་བརྟེན་ནས་བཤད་གྲྭའི་སློབ་ཁྲིད་ཀྱི་འགན་བཞེས་པ་འཁོར་ལྡན་དགེ་བཤེས་བློ་གྲོས་རྒྱལ་མཚན་དང་བསམ་གཏན་རྒྱལ་མཚན་རྣམ་པ་གཉིས་ནས་ལོ་མང་རིང་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་རྒྱ་ཆེར་བསྐྱངས་དང་སྐྱོང་མུས་ཀྱི་འབྲས་རྟགས་སུ་འདི་ལོར་སྐབས་དགུ་པའི་དགེ་བཤེས་ཀྱི་མཛད་སྒོ་སྔ་མུས་བཞིན་སླར་གསོ་ཐུབ་པ་བྱུང་ཡོད། དེ་ཡང་བོད་ཟླ་བདུན་པའི་ཚེས་བཅོ་ལྔ་དང་བཅུ་དྲུག་སྟེ་ཉིན་གཉིས་རིང་དུ་དགེ་བཤེས་མཛད་སྒོ་ཚོགས་ཏེ་དེ་ཡང་༸སྤ་བླ་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང་༧རྩེ་དྲུག་དགོན་གྱི་སློབ་དཔོན་ལུང་རྟོགས་བསྟན་པ་རྒྱལ་མཚན་མཆོག་༸དཔལ་ལྡན་སྨན་རིའི་བཤད་གྲྭའི་མཁན་ཟུར་པ་དགེ་བཤེས་གཤེན་བསྟན་རབ་གསལ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་མཆོག་བཅས་ཀྱིས་དབུས་པའི་བླ་སྤྲུལ་དགེ་བཤེས་དང་མཚན་ཉིད་རིག་ལམ་པ་བརྒྱ་སྐོར་ལྷག་གིས་བརྒལ་པའི་ཚོགས་དཀྱིལ་ནས་སྔོན་འགྲོ་དབུ་འཁྱུད་ཀྱི་གཞུང་བཤད་གྱེར་བ་དང་བཀྲ་ཤིས་གསོལ་བ་དམ་བཅའ་རྒྱུགས་སྤྲོད་མདོ་སྔགས་གཞུང་ལུགས་ཁག་ལ་དམ་བཅར་བཞུགས་ཤིང་བརྒལ་བརྟག་རྩོད་སྤང་གནང་བ་བཅས་༧དཔལ་ལྡན་སྨན་རིའི་ཕྱག་སྲོལ་ཇི་བཞིན་མཛད།

3-1.jpg3-2.jpg

     དེ་ནས་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོ་༧རྒྱལ་བ་གཤེན་གྱི་གདུང་སྲས་གཡུང་དྲུང་རང་གྲོལ་ཉི་མ་མཆོག་དབུས་པའི་༧གདན་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་གི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་མཆོག་དང་སོ་བརྒྱད་མཁན་པོ་༧ཀླུ་ཕུགས་གཡུང་དྲུང་བདེ་ཆེན་གླིང་གི་མཁན་པོ་ཞུ་ཚང་སྐལ་བཟང་གཡུང་དྲུང་མཆོག་དང་༸སྣང་ཞིག་དགོན་རྒྱལ་བསྟན་ཕུན་ཚོགས་གླིང་གི་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་བཅས་མདོར་ན་དགོན་སྡེ་སུམ་ཅུ་ལྷག་གི་བསྟན་བདག་བླ་སྤྲུལ་དགེ་བཤེས་རྣམ་པ་ཕེབས་བསུ་རུ། དགོན་གྱི་འབངས་མང་ཡུལ་མི་རྣམས་ཀྱིས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་སྒོ་ནས་རྟ་དང་ཆས་གོས་རྒྱན་སྤྲས་བཅས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་ལེ་བར་སུམ་ཅུའི་ལམ་ནས་བཀྲ་ཤིས་བསང་གསོལ་དང་དར་ལམ་འཐེན་པ་བཅས་ཀྱིས་ཕེབས་བསུ་ཞུས་པ་དང་དགོན་པའི་ཉེ་བར་མཚམས་ནས་དགོན་གྱི་བླ་གྲྭ་འདུས་མང་ཡོངས་ནས་སེར་ཕྲེང་བསང་གསོལ་རྔ་གཤང་སྦུབ་ཆོལ་དར་འཕན་གདུགས་ཕྱེ་སྤོས་ཕུར་དུང་གླིང་བཅས་ཀྱིས་སྣེ་དྲངས་ཏེ་བཀྲ་ཤིས་པའི་མཚན་རྟགས་རྟགས་བརྒྱད་སོགས་ཀྱི་ལམ་ནས་ཕེབས་བསུར་ཟབ་རྒྱས་ཞུས། དགོན་གྱི་ཚོགས་ཁང་གཙུག་ལག་བཀྲ་ཤིས་སྒོ་མང་གི་སྒོ་དྲུང་དུ་ཕེབས་གྲུབ་མཚམས་སུ་བླ་སྤྲུལ་འདུས་མང་ཡོངས་ནས་གཤེན་གྱི་མཆོད་རྔ་བརྒྱ་རྩ་རོལ་པ་དང་འཆམ་རར་བསྟན་པའི་དར་མོ་ཆེ་དེར་ནོར་བུ་དགའ་འཁྱིལ་གྱི་ཕེབས་བསྐོར་གྲུབ་རྗེས་༧རྒྱལ་བ་གཤེན་གྱི་གདུང་སྲས་གཡུང་དྲུང་རང་གྲོལ་ཉི་མ་མཆོག་གིས་གསས་ཁང་ཆེན་མོ་སྒོ་འབྱེད་བཀྲ་ཤིས་རྟེན་འབྲེལ་གྱི་འཕྲིན་ལས་བཀའ་དྲིན་བསྐྱངས་གནང་མཛད།

4-1.jpg4-2.jpg

      དེ་རྗེས་༧མགོན་པོ་གང་ཉིད་གསས་ཁང་ཆེན་མོ་གཙུག་ལག་རྣམ་རྒྱལ་ཁང་བཟང་ནང་དུ་གདན་དྲངས་ཏེ་ཞབས་པད་མི་འཇིག་གདོང་ལྔས་བཏེགས་པའི་གསེར་ཁྲིའི་ཡང་ཐོག་ཏུ་མངའ་གསོལ་ཏེ་༧སྤ་བླ་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་མནྜལ་སྐུ་གསུང་ཐུགས་རྟེན་སོགས་འདེགས་འབུལ་ཞུས། དེ་ནས་ཚེས་བཅུ་བདུན་ཉིན་༧གཤེན་གྱི་གདུང་སྲས་གཡུང་དྲུང་རང་གྲོལ་ཉི་མ་མཆོག་གིས་བླ་སྤྲུལ་དང་དད་ལྡན་སེར་སྐྱ་ཡོངས་ལ་ཡི་དམ་དབལ་ཕུར་གྱི་བཀའ་དབང་དང་རི་རོང་ནག་པོའི་བྱང་ཆེན་བཅས་ཉིན་གཉིས་རིང་བཀའ་དྲིན་བླ་མེད་བསྩལ་གནང་མཛད། དེ་རྗེས་བོད་ཟླ་བདུན་པའི་ཚེས་བཅུ་དགུ་དང་ཉི་ཤུ་ཐམ་པ་སྟེ་ཉིན་གཉིས་རིང་༧གཤེན་ཆེན་ཀླུ་དགའི་ཉམས་སྣང་ཁྲོ་བོའི་རྩ་འཆམ་དང་༧སྤ་སྟོན་གཏེར་ཆེན་ཡེ་ཤེས་གཡུང་དྲུང་གི་ཉམས་སྣང་ཕུར་པའི་རྩ་འཆམ་སྟེ། དེ་ཡང་ས་ཕྱག གསེར་སྐྱེམས། གཡུང་དྲུང་དགུ་འཆམ། སྔགས་པ། མོན་པ། བཙུན་མོ། བེལ་པོ། གཤིན་རྗེ། ཕུར་འཆམ་གོང་འོག་བར་གསུམ། ཁྲོ་འཆམ་གོང་འོག་བར་གསུམ། གཤེན་རབ་དགུ་འཆམ་ཕྱི་ནང་གཉིས། སྟག་སེང་གར་འཆམ་བཅས་མཁས་གྲུབ་གོང་མ་རྣམས་ཀྱི་ཕྱག་སྲོལ་འཁྲུལ་མེད་བཞིན་གཟིགས་མོ་བ་རྣམ་པའི་དད་གུས་ཀྱི་ཡུལ་དུ་ཕུལ་གནང་མཛད།

5-1.jpg5-2.jpg

      དེ་རྗེས་ཚེས་ཉེར་གཅིག་ཉིན་རབ་འབྱམས་དགེ་བའི་བཤེས་གཉེན་༼དགེ་བཤེས་ཤེས་རབ་མཐར་ཕྱིན། དགེ་བཤེས་ཚུལ་ཁྲིམས་དབང་རྒྱལ། དགེ་བཤེས་སྨོན་ལམ་མཐར་ཕྱིན། དགེ་བཤེས་ཡོན་ཏན་བཟང་པོ། དགེ་བཤེས་གཡུང་དྲུང་འོད་ཟེར།༽རྣམ་པས་༧སྤ་བླ་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གི་དྲུང་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་དང་ཕྱག་འཁྱེར་དར་མདུད་སོགས་བཞེས་ཤིང་། དེ་ནས་བཀྲ་ཤིས་ཚིག་བཀྲ་གྱེར་བ་སོགས་གྲུབ་རྗེས་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་སྐལ་བཟང་ཁྲི་བཞེངས་གནང་བ་དང་དད་ལྡན་སྐྱ་སེར་རྣམས་ཀྱིས་རིམ་པས་མཇལ་ཁ་ཞུས་ཏེ་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ལེགས་པར་གྲུབ།

6-1.jpg6-2.jpg

      དེ་ནས་ཚེས་ཉེར་གཉིས་ནས་ཚེས་ཉེར་བརྒྱད་བར་ཉིན་ལྔའི་རིང་ཡིས་གཞུང་སྟག་མོ་ཐང་ཆེན་དུ་༸གསས་ཁང་ཆེན་མོ་ལེགས་གྲུབ་ཀྱི་དགའ་སྟོན་གཏང་རག་གི་ཚུལ་དུ་དགོན་སྡེ་ལྷན་འཛོམས་ཀྱིས་སྦྲ་གུར་གྱི་སྒར་ས་བརྒྱབ་སྟེ་དེ་ཡང་དགོན་གྱི་ལྷ་འབངས་ཚོ་ཤོག་བདུན་ཏེ། ལུང་བཟང། ཨར་འདམ། སྲིབ་ཐ། གསང་གཞུང་། རེ་ཧོ་གོང། རེས་ནང་། དཔག་ཐ་བཅས་ཚོ་ཁག་སོ་སོ་ནས་སྤྱིར་མི་རིགས་ཀྱི་རིག་གཞུང་དང་མཐུན་པ་བྱེ་བྲག་ཏུ་སྦྲ་ཆེན་ལུང་པའི་ཡུལ་སྲོལ་གོམས་གཤིས་ཀྱིས་ཕྱུག་པའི་རྒྱན་གོས་མཆོར་གསུམ་དང་གླུ་གར་བྲོ་གསུམ་རྟ་རྒྱུག་ཤེད་རྩལ་འགྲན་པ་སོགས་བཅས་རྩེད་རིགས་ཕུན་སུམ་ཚོགས་པའི་དགའ་སྟོན་གྱི་དཔལ་ལ་རོལ་བར་བྱས།

7-1.jpg7-2.jpg

      འདི་བཞིན་རྒྱ་ཆེ་བའི་དགའ་དད་སྤྲོ་གསུམ་གྱི་དུས་ཆེན་རྣམ་པ་མངོན་གྱུར་དུ་ཐུབ་པ་ནི་༧གསས་ཁང་ཆེན་མོ་རྣམ་རྒྱལ་ཁང་བཟང་ཞེས་པ་མི་ལོ་བརྒྱད་ཀྱི་རིང་ལ་ཕྱི་ནང་གི་རྟེན་དང་བརྟེན་པ་བཞེངས་བསྐྲུན་གནང་སྟེ་འདི་ལོར་མཇུག་ཡོངས་སུ་རྗོགས་པའི་དུས་ཚིགས་ཁྱད་པར་ཅན་ཁེལ་བས་ཡིན་ལ། དེའང་གཙོ་བོར་༧སྤ་བླ་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནས་ཐུགས་བསྐྱེད་རྒྱ་ཆེར་གནང་བ་ལ་བསྟན་པའི་མཆོད་སྡོང་དུའང་རང་དགོན་གྱི་ལྷ་འབངས་བསྟན་དོན་ལ་ལྷག་བསམ་དཀར་ཞིང་མིག་རྒྱང་ཡངས་པོར་ཕྱེས་པ་རྒྱུ་འབྱོར་ལ་གཏོང་ཕོད་ཀྱིས་ཕྱུག་པ་ཚོང་དཔོན་ཨ་ཤག་བསོད་ནམས་ཡོན་ཏན་དང་། འབྲོང་པ་འཆི་མེད་ཚེ་བརྟན། འཁོར་ལྡན་ཚེ་རིང་མགོན་པོ་བཅས་ཀྱིས་གཙོས་པའི་ལྷ་སྡེ་འབངས་མང་གིས་རྒྱུ་འབྱོར་ཕོངས་མེད་སྦྱར་བ་དང་། དེ་བཞིན་ལོ་མང་རིང་དཀའ་ངལ་ཚད་མེད་ཀྱི་ལས་ཚེགས་ཁུར་དུ་བཞེས་པའི་ལས་སྣེ་བ་དང་འབྲེལ་ཡོད་ཀྱི་སེར་སྐྱ་ཡོངས་ཀྱི་མཐུན་རྐྱེན་ཁོ་ན་ལ་བརྟེན་ནས་ལེགས་པར་གྲུབ་པ་ཞིག་ཡིན་པས། ཐེངས་འདིའི་དུས་ཆེན་གྱི་སྐབས་བསྟུན་༧སྤ་བླ་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནས་གོང་གསལ་གྱི་སྦྱིན་བདག་རྣམ་པར་གཙོས་༧གསས་ཁང་ཆེན་མོའི་རྒྱུ་ཚེགས་གཉིས་ཀྱི་མཆོད་ཡོན་པ་རྣམ་པར་བཀའ་དྲིན་ལེགས་མཚོན་གྱི་ཆེད་དུ་གསེར་དངུལ་ཟངས་སོགས་ཀྱི་རྟགས་མ་དང་དེ་བཞིན་མཛད་སྒོར་དགའ་སྤྲོའི་རྣམ་པ་བསུ་བའི་གླུ་ལེན་བྲོ་གར་བ་རྣམས་ལ་བཀྲ་ཤིས་ལྷ་རྫས་ཀྱི་དར་དཀར་སོགས་གསོལ་བསྩལ་གནང་བ་བཅས་ཐེངས་འདིའི་༧གསས་ཁང་ལེགས་གྲུབ་ཀྱི་མཛད་སྒོ་བག་ཕེབས་ཚུལ་ལྡན་གྱི་ངང་ནས་ཧོར་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་ཙམ་དུ་འགོ་བ་གཡུང་དྲུང་ཡོན་ཏན་དང་ཨ་ཀྲོང་རིན་ཆེན་རྒྱལ་མཚན་རྒྱལ་ཟུང་ནས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།