ཟླ་སྤྲུལ་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གྱི་གནས་འཕྲིན།

[ཟླ་ཚེས། 2013-04-25 21:44:47][རྩོམ་པ་པོ། ཤོ་ངག་དབང་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

11.JPG

      ༧ཁྱུང་ཡུལ་ཀོ་རྒྱལ་དགོན་གྱི་བསྟན་བདག་ཟླ་སྤྲུལ་སྐུ་ཕྲེང་བརྒྱད་པ་དབྲ་ཁྱུང་རིན་ཆེན་ཕུན་ཚོགས་མཆོག་གི་བསྟན་དང་འགྲོ་བའི་ཆེད་དུ་རླབས་ཆེན་གྱི་མཛད་འཕྲིན་བསྐྱང་ནས་དགུང་གྲངས་དོན་གསུམ་ལ་ཕེབས་པ་སྟེ། སྤྱི་ལོ་༢༠༡༢ཧོར་ཟླ་༢ཚེས༡༠ཉིན་ཕྱི་ནང་གི་མཚན་རྟགས་དུ་མ་དང་བཅས་དག་ཞིང་དུ་གཟིགས་ནས་ལོ་འཁོར་ཧྲིལ་པོ་གཅིག་གི་རིང་། དད་འཁོར་འདུས་མང་དག་གི་བསམ་འདུན་བཞིན་༧སྐུ་གདུང་རིན་པོ་ཆེ་བསྐོར་ཕྱག་མཆོད་པའི་རྟེན་དུ་བཞུགས་སུ་གསོལ།

22.JPG

       ལོ་འདིའི་གསར་ལོ་མ་ཚེས་གོང་ནས་བཟུང་གདུང་མཆོད་ལས་གཞི་ཆེན་མོའི་སྟ་གོན་བྱས་ཏེ། རྒྱལ་མཚན་འཕན་གདུགས་ཀྱི་བཟོ་རིགས། སྨན་འབྲུ་མེ་ཏོག་གི་རྫས་བསགས། ཤག་ཏི་ཤིང་བྱང་གི་དབུལ་གཞོག གསེར་དངུལ་གུ་གེ་ཡི་འབྲི་བཞེངས་སོགས་བྱང་གཞུང་ཡུས་འབྲོག་དགོན་གསུམ་གྱིས་ནུས་པ་ཆིག་སྒྲིལ་དུ་འབད་པ་བགྱིད་པ་དང་། ལྷག་པར་དུ་ཁྱུང་པོ་ག་ཁྲི་སེར་གསུམ། ལྷོ་ཞེ་གསའ་གསུམ་སོགས་ནས་ཆེད་ཕེབས་གནང་བའི་ཡིག་མཁན་ཉམས་མྱོང་ཅན་བཞི་བཅུ་དང་། རང་དགོན་བཤད་སྒྲུབ་གྲྭ་ཚང་སོགས་ཀྱི་བྲིས་པ་བརྒྱད་ཅུ་ལྷག་བཅས་ཁྱོན་བྲིས་པ་བརྒྱ་དང་ཉི་ཤུ་ཡན་གྱིས་ཀུན་མཁྱེན་ཉི་མའི་དགོངས་བཞེད་ལྟར་གྱི་ཀུན་རིག་དགུ་བསྐོར་ལུགས་སུ་བྱས་པའི་ཆ་དགུ་བཅུ་ལྷག་གསེར་དངུལ་རིན་པོ་ཆེའི་འབྲི་བཞེངས་གནང་ཞིང་མཆོད་བསགས་ཚགས་ཚུད་དུ་བྱས།

33-1.JPG33-2.JPG

       བོད་ཟླ་གཉིས་པའི་ཚེས་གཅིག་ཉིན་བཅའ་གཞི་དབུ་བཙུགས་ནས་ཉིན་གསུམ་ལ་བཅའ་སོག་མཆོད་ཕྲེང་གི་བཤམས་བཀོད་གྲུབ། ཚེས་བཞིར་པ་སངས་ནམ་གྲུ་འགྲུབ་སྦྱོར་གྱི་ཉིན་མོར་འདོན་པ་དབུ་བཟུང་བ་དང་༧སྐུ་གདུང་རིན་པོ་ཆེ་གདུང་ཁོང་ལས་དྲོངས་ཏེ་བླ་བྲང་ཡང་ཐོག་མཆོག་གསུམ་མཆོད་ཁང་དུ་ཁྲི་རུ་བཤམས་ནས། སླར་དད་མང་ལ་མཇལ་ཁ་ཞུས་པས་ཉིན་དུ་མར་གསོལ་སྨོན་དང་ངུ་ངག་གིས་རེ་བཅོལ་མ་ཆད་པར་བཤར། ཉིན་དེ་ནས་བཟུང་གདུང་ཁྲུས་ཚུལ་དུ་ཁ་བ་ཆུང་ངུ་ཉིན་འགར་བབ་པ་སོགས་ཉིན་མཚན་གྱི་མཇལ་སྣང་སྣ་ཚོགས་འཆད།

44-1.JPG44-2.JPG

      དགོན་འདིའི་དབུ་བླ་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་དང་མཁན་སློབ་དག་གིས་གཙོའི་བླ་གྲྭ་བརྒྱ་ཕྲག་གཉིས་ལ་ཉེ་བས་ཉིན་བདུན་རིང་ལས་གཞི་གཞུང་མཆོད་རྒྱས་འབུལ་དང་རྣམ་རྒྱལ་སྟོང་མཆོད་སོགས་ཀྱིས་འདས་མཆོད་བསྒྲུབ་ཅིང་། གཉིས་པའི་ཚེས་དགུ་ཉིན་གཡུང་དྲུང་ཀློང་རྒྱས་དང་ཞི་ཁྲོའི་བྱང་ཆེན་གཉིས་ཀྱི་ཁྲོམ་དབང་བསྐུར་བས་མི་ཁྲི་ཕྲག་གཉིས་ལས་བརྒལ་བ་འདུས་ཀྱང་རྫོང་དང་གྲོང་བརྡལ་སོགས་ཀྱིས་རྒྱབ་སྐྱོར་འོག་བསྟར་ཕྲེང་རིམ་ཅན་གྱི་སྒྲིག་གཞི་བཟང་པོས། ཞི་དད་ལྷོད་གསུམ་ངང་བཤར་དབང་སྒུར་བའི་ངང་ཚུལ་དེ་མཐོང་ཚེ་སྔར་གྱི་ཁྱུང་པོ་ཁོག་གི་དབང་ཞུ་ལུགས་དེ་བཤད་ན་རྣར་མི་འགྲོ་བ་བྱས། ཉིན་དེར་ཁ་བ་ཧྲུག་བུ་དང་འདབ་ལྡན་སྣ་ཚོགས་བབ་ཅིང་གློག་འཁྱུག་པ་དང་གཡུ་འབྲུག་ཕྱོགས་བཞིར་ཐེངས་བཞི་གྲགས་པ་སོགས་ཐུན་མིན་གྱི་ཕྱི་རྟགས་སྣ་ཚོགས་བྱུང་།

77-1.JPG77-2.jpg

      ཕྱི་ཉིན་༢༠༡༣་༢་༡༠སྐྱ་རེངས་ཀྱིས་སྣང་ལམ་གསལ་ཙམ་བྱུང་ནས་མེ་སྤར་གྱི་སེར་ཕྲེང་ཕེབས་ཤིང་གཟིམ་ཆུང་དབུ་རྩེ་ནས་༧སྐུ་གདུང་ཕྱི་རུ་མཇལ་ཁ་གནང་། ཉི་འོད་གསེར་ཁྲིར་བཞག་པ་དང་༧རི་ཁྲོད་རྩ་བའི་བླ་མ་མེ་སྟོན་འཆི་མེད་རྣམ་རྒྱལ་མཆོག་དང་། ཀོ་རྒྱལ་དགོན་གྱི་ཁྲི་འཛིན་དབྲ་སྲས་མཁྱེན་རབ་རྒྱ་མཚོ་རྣམ་གཉིས་ཀྱིས་སྐུ་གདུང་རིན་པོ་ཆེར་མེ་སྤར་གནང་ཞིང་གདུང་བསྲེག་ཆེ་ཆུང་གི་མཆོད་ཕྲེང་དཀྱིལ་འཁོར་མདུན་དུ་ཕུལ། དེའི་སྐབས་མེ་དབུས་ཀྱི་ཚག་སྒྲ་དང་མེ་ལྕེ་ཡི་རྔམས་ཚད་སོགས་མེ་པྲ་ལེགས་པའི་མཚན་མ་སྣ་ཚོགས་དང་། ཉི་མ་གཞའ་རིས་ཀྱིས་བལྟམས་པ། ཉི་དཀྱིལ་གཡས་སུ་འཁོར་བ། ཉི་ཟླ་སྐར་གསུམ་ལྷན་དུ་བགྲོད་པ་སོགས་ཀྱི་མཇལ་སྣང་སྣ་ཚོགས་བྱུང་། ཉིན་དེར་རྒྱས་རྒྱུན་གདུང་གསུམ་ཞི་བ་ཡན་གྱི་མཆོད་མདེལ་ཕུལ།

55-1.JPG55-2.JPG

       ཕྱི་ཉིན་དབང་དྲག་དཔལ་མགོན་ཀློང་རྒྱས་སོགས་ཀྱི་མཆོད་སྲེགས་བླུགས་ཟིན་པའི་ཆར། དྲི་མཆོད་སྨོན་ལམ་ཆེན་མོ་ཕུལ་སྐབས་ཁྱུང་ཡུལ་བླ་ཆེན་ཁག་གདན་ཞུས་བགྱིད་པ་ནི། ༧གཡུང་དྲུང་དཔལ་རིའི་བླ་རྒན་འཆི་མེད་རིག་འཛིན་དང་འུ་རུ་ཚུལ་ཁྲིམས། རྩེ་དགོན་ཐེག་མཆོག་འོད་ཟེར་རྒྱལ་མཚན། སྟེང་དགོན་ཚོགས་གཉིས་རྒྱ་མཚོ་ནོར་བུ། ཀ་ལེགས་ནང་མ་ཚེ་དབང་སྟོབས་རྒྱལ། སྨོན་སྲས་རང་གྲོལ་ཉི་མ་རྒྱལ་མཚན་སོགས་དང་། གཞན་དགོན་སྡེ་ཁག་གི་མཁན་པོ་དགེ་བཤེས་དུ་མ་དང་བཅས། སྨོན་ཤིང་གདན་འདྲེན་མཁན་བྱང་པའི་ལྷ་སྡེ་ལྔ་བརྒྱ་ལྷག་ལྷན་དུ་སེར་ཕྲེང་རྒྱས་ཕེབས་གནང་དེ། དྲི་མཆོད་སྨོན་ལམ་དང་བསྔོ་བའི་རིམ་པ་གསུངས་ཤིང་སྨོན་ཤིང་མཆོད་རྫས་རྡུལ་ཕྱེ་སྨན་སྣ་སོགས་བསྲེགས་པས། དྲི་བསུང་གིས་ས་གཞི་ཁེངས་ལ། དུད་སྤྲིན་གྱིས་བར་སྣང་བདལ་བར་ཕུལ། བར་དུ་ལས་གཞིའི་བསྟན་སྦྱིན་དག་ལ་བླ་མ་རྣམ་གཉིས་ཀྱི་སྐུ་དཔར་བསྩལ་ཞིང་མགུལ་དར་སྒྲོན། དེའི་དུས་བླ་མ་རིན་པོ་ཆེ་སྟག་ཞུ་སྟག་བེར་ཅན་ཉི་དཀྱིལ་དུ་བཞུགས་པ་ལས་ལྡན་འགས་མཇལ་ལ་སྤྲིན་ཚོགས་ཁ་དོག་སྣ་ལྔ་འགྱུར་བ་རྐྱེན་པ་ཀུན་གྱིས་མཐོང་གསལ་དུ་གྱུར།

66-1.JPG66-2.JPG

      ལས་གཞི་ཆེན་མོ་དེའི་རིང་སྤྱི་སྒེར་དུ་མ་ནས་སུམ་ལྡན་བླ་མར་མཆོད་སྤྲིན་དུ་དམིགས་ནས་གཏོང་སྒོ་དང་འཚོགས་འབྱེད་མང་ཇ་སོགས་མུ་སྦྲེལ་ནས་བསོད་ཚོགས་བསགས་པའོ། མདོར་ན་བླ་མ་རིན་པོ་ཆེ་ཁོང་སྐུ་ཚེ་བཞུགས་རིང་ལ་མཁྱེན་ནུས་རྩལ་གསུམ་གྱི་མཛད་པ་སྣ་ཚོགས་དགྱེས་འཛུམ་མོས་པས་བསྒྲུབ་བར། ཕྱོགས་མཚམས་ཀུན་ནས་ཡིད་ཆེས་དང་སྐྱབས་ཞུ་ཇེ་མང་དང་ཇེ་བརྟན་དུ་གྱུར་བ་ཡིན་མོད། ད་སྐབས་སྐུ་བཤེགས་སྐབས་དང་གདུང་བཞུས་དུས་ཀྱི་མཇལ་སྣང་སོགས་ལ་བརྟགས་ནས་དེར་ཡོད་ཀུན། མི་རིགས་དང་ཆོས་ལུགས་ཀྱིས་འཐེན་འཁྱེར་མེད་པར་མིག་ཆུ་ཁྲུམ་ཁྲུམ་དང་ཕྱག་རྒྱ་ཟླུམ་ཟླུམ་གྱིས་གསོལ་སྨོན་རེ་འབོད་ཀློང་དུ་ཞུགས་པའོ།།

88.JPG

      ལས་གཞི་ཆེན་མོ་དེའི་ཚེ་དད་ལྡན་ལས་ཅན་དག་གི་སྣང་ངོར་སྣ་ཚོགས་པའི་མཇལ་སྣང་དང་སེམས་ཚོར་འདྲ་མིན་འཆད་རྒྱུ་འདུག་པ་དག་ཚང་མ་ཡི་གེར་མ་བཏབ་ཀྱང་ནང་བསྟན་ཆོས་རིགས་སྤྱི་ཡི་ཁྱད་བོན་དང་། ཁྱད་པར་དུ་གཡུང་དྲུང་བོན་གྱི་ཆེ་བའི་བདེན་དོན་ཕྱི་རུ་ཤར་བའི་གཟི་བྱིན་བླ་མེད་ཀྱི་མཛད་པ་ཞིག་ཏུ་གྲུབ་ཕྱིར་ངེས་ཤེས་ཕུགས་ཆོད་ཀྱི་ཚོར་བ་གསར་པ་ཞིག་བསྐྲུན་གནང་བ་ནི་སྨྲ་བརྗོད་ཀྱི་ཡུལ་ལས་འགོངས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།