སྡེ་དགེ་རིན་སྤུངས་དགོན་དང་འབྲེལ་བའི་སྐོར།

[ཟླ་ཚེས། 2016-10-19 21:50:01][རྩོམ་པ་པོ། རིན་གྲྭ་པད་མ་གཡུང་དྲུང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 04.jpg

   ས་གནས་ཤིག་ཆགས་གནས་འཇིག་སྟོང་གི་ལོ་རྒྱུས་དང་མི་ཞིག་སྐྱེས་རྒས་ཀྱི་བྱུང་བ་དག་ནི་གང་ལྟར་ཡིན་པའི་དོན་ཇི་བཞིན་དུ་གསལ་བར་འབྲི་དགོས་ཚེ། དུས་ཚོད་ཡུན་རིང་བེད་སྤྱོད་བྱས་ཏེ་དཀའ་ལས་བརྒྱ་སྟོང་བརྒྱུད་ནས་ལེགས་པར་སྒྲུབ་འོས་པའི་ལས་འགན་ཁག་པོ་ཞིག་ཡིན་འདུག་མོད། འོན་ཀྱང་འདིར་མང་མང་གིས་སྟབས་བདེར་རྒྱུས་ལོན་དུ་དཔལ་གཤེན་བསྟན་རིན་སྤུངས་བཀྲ་ཤིས་སྨན་གྲོལ་གླིང་གི་ལོ་རྒྱུས་ཉུང་བསྡུས་དང་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་ཚང་གི་རྣམ་ཐར་མདོ་བསྡུས་ཤིག་ཆེས་ཤིན་ཏུ་ཞུ་བར་འདོད།

07.jpg

    སྡེ་དགེའི་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་ངམ་རིན་སྤུངས་དགོན་ཞེས་པ་ནི་ལོ་རྒྱུས་རིང་བའི་གནའ་རབས་བོན་དགོན་རྙིང་གྲས་ཤིག་ཡིན། དུས་རབས་བརྒྱད་པའི་ཚུན་ཆད་ཀྱི་རིན་སྤུངས་དགོོན་པའི་བླ་རབས་དང་གདུང་རབས་སོགས་བརྗོད་ན། དེ་ཡང་༼ཞང་ཞུང་ཤར་མཐའ་རྒྱལ་རོང་གནའ་བོའི་ལོ་རྒྱུས་ཀུན་གསལ་མེ་ལོང་།༽ལས་བྲུ་ཞུ་སྤའུ་རྨེ་གཤེན་དང་ཁྱུང་གདུང་རབས་ཆེན་མོ་དྲུག་གི་ནང་མཚན་དམ་པ་ཁྱུང་གི་གདུང་རབས་གླེང་ན། ཀུན་ཏུ་བཟང་པོའི་སྤྲུལ་པ་རིག་སྣང་འོད་ཀྱི་རྒྱལ་པོ་ཞེས་བྱ་བས་འགྲོ་བའི་དོན་ལ་དགོངས་ནས་རྩལ་དང་རྫུན་འཕྲུལ་གྱིས་ཞང་ཞུང་གི་ཁ་ཡུག་མེ་ཏོག་ཚལ་དུ་བབས་པ་ལ། ཞང་ཞུང་པ་ཚོས་སྔར་མཐོང་མ་མྱོང་བའི་འདབ་ཆགས་ཤིག་མཐོང་བ་ལ་ངོ་མཚར་སྐྱེས་ཤིང་རྒན་པོ་ཁག་གཅིག་གིས་རྭ་ཅོ་ཡོད་པས་ཁྱུང་ཕོ་ཡིན་འདུག་ཟེར། དེ་ནས་ཁྱུང་གསུམ་བབས་པའི་ཤུལ་དུ་མི་རྣམས་ཀྱི་བལྟས་ཚེ་ཁྱུང་གི་སྤར་མོ་ས་ལ་རེག་པའི་དྲོད་རླངས་ལས་སྒོ་ང་དཀར་ནག་སེར་ཁྲ་བཞི་ལས་ཁོང་གི་སྐུ་གསུང་ཐུགས་ལས་སྤྲུལ་བའི་མཛེས་ཤིང་ཡིད་དུ་འོང་བའི་ཁྱེའུ་རྣམ་བཞི་འཁྲུངས། སོ་སོར་མཚན་ལ། ཁྱུང་དཀར་ཐོག་ལ་འབར། ཁྱུང་སེར་ལྷ་ཁྱུང་། ཁྱུང་འཕགས་ཁྲ་བོ། ཁྱུང་ནག་མུ་ཁྱུང་རྒྱན་ཞེས་བྱ་གྲགས་ལ་དེ་རྣམས་ནི་ཁྱུང་གི་རུ་ཚན་གྱི་ཐོག་མར་བགྲང་བའི་དོན་ཡང་དེ་ལྟར་ཆགས་པ་རེད། སྤྱི་ལོ་སྔོན་གྱི་ལོ་བཞི་བརྒྱ་ཡར་མར་དུས་སུ་ཞང་ཞུང་ནས་དམ་པ་ཁྱུང་གི་གདུང་ལ་དཀར་པོ་དང་ནག་པོ་སེར་པོ་ཁྲ་བོ་བཅས་ཀྱི་ནང་མཚན་ཁྱུང་འཕག་ཁྲ་བོ་ཞེས་པ་དེ་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་གཙན་པོ་དང་བོད་རྒྱལ་རིམ་བྱོན་གྱི་བླ་མ་ཡིན་པ་དང་དམ་པ་ཁོང་ཞང་ཞུང་ནས་བོད་ལ་འགྲོ་དོན་དགོངས་ནས་བོད་མདོ་དབུས་ཁམས་གསུམ་ནང་མཚན་ཁམས་བུ་འབོར་སྒང་ལ་འགྲོ་དོན་དུ་དགོངས་ནས་ཁྱུང་ལ་ཆིབས་ནས་ཁམས་ཕྱོགས་སུ་ཕེབས་པ།

05.jpg

   ད་ལྟ་ཡང་ཁྱུང་ཆེན་འབབས་སའི་ས་མིང་ལ་ཁྱུང་འབབས་སྒང་ཟེར་སྲོལ་ཡོད། དེ་ནས་དམ་པ་ཁོང་གི་ཤར་བུ་འབོར་སྒང་ལ་ཁྱུང་ཕོ་རྫོང་ཟེར་བ་གསས་མཁར་ཐོ་བརྩེགས་གསུམ་ཅན་གྱི་ཞེངས་ནས་བརྩེགས་དང་པོ་སྲུང་མའི་ལྷ་ཁང་དང་བརྩེགས་གཉིས་པ་ཡི་དམ་ལྷ་ཁང་བརྩེགས་གསུམ་པ་བླ་མ་དང་མཁའ་འགྲོ་ལྷ་ཁང་ཞེངས་ཡོད། ད་ལྟ་མཁར་ཤུལ་བརྩེགས་དང་པོ་གྱང་རོས་མཇལ་རྒྱུ་ཡོད། དམ་པ་ཁོང་གི་ཞང་ཞུང་གི་རིག་གནས་ཆ་ཚང་འཁོར་འབང་ཀུན་ལ་བསླབ་སོང་། ད་ལྟར་ཡང་ས་ཇོ་དང་རྡོ་བརྐོས་སོགས་མཇལ་རྒྱུ་ཡོད། དེས་ལུག་སྲོལ་མ་ཉམས་པ་རྨེ་ཤོད་ལུང་པ་ལ་ཤིང་བཟོ མགར་བཟོ བླུག་བཟོ རྐོས་བཟོ ཐག་བཟོ ཚེམས་བཟོ ལྷ་བཟོ་སོགས་མང་ཚོགས་ལ་ཞང་ཞུང་རིག་གནས་ཀྱི་ཕུལ་བྱུང་གི་ཁྱད་བོན་ལྡན་པའི་བཟོ་རིག་ལག་རྩལ་ཤུགས་ཆེར་བསླབས་ནས་ཁམས་ཞང་ཞུང་རིག་གནས་ཞེས་མཚན་སྙན་ཐོབ། ད་ལྟའང་གྱང་རིས་དང་ཇོ་བག་ལས་གྲུབ་པའི་མེ་ཏོག་དང་འབྲུག་པ་ཏྲ་སོགས་དངོས་སུ་མཇལ་རྒྱུ་ཡོད། དེའི་རྗེས་སུ་དམ་པ་ཁོང་ཤར་རྒྱལ་མོ་རོང་ལ་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཕེབས་སོང་། ཁྱུང་ཡུལ་ནས་བླ་བསྐོས་སོགས་གནང་བ་ཞལ་བཞེས་མཛད། གྲུབ་ཆེན་བརྒྱད་ཅུའི་ནང་ཚན་ཡོན་སྒོམ་ཤར་པ་རྣལ་འབྱོར་ས་གནས་འདི་ཉིད་སླར་ཕེབས་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་དང་མདོ་དབུས་ཁམས་གསུམ་ལ་འགྲོ་དོན་དུ་ཕེབས་ནས་གསང་བའི་ཟབ་གཏེར་སྒོ་བརྒྱ་འབྱེད་ནས་མཐར་རིན་སྤུངས་དགོན་གྱི་ཕུག་མཁའ་སྤྲིན་སྒྲུབ་ཕུག་ནས་ཟག་མེད་འཇའ་ལུས་སུ་གཤེགས། དེ་ནས་དམ་པ་དམུ་རིགས་གཤེན་གྱི་གདུང་སྲས་གཤེན་སྲས་ལྷ་རྗེའམ་གོ་སྡེ་འཕགས་པ་གནས་དེར་ཞབས་ཀྱིས་བཅགས་ནས་དགོན་སྡེ་སྐྱོང་བ་དང་རི་ཁྲོད་སོགས་མང་དུ་བཏབ་པ་དང་གསང་བའི་གཏེར་ཁ་དུ་མ་བླང་ནས། ། དེ་ནས་ཁྱུང་ཕོ་བུ་ཤར་རྟོག་ལྡན། རི་བླ་དགའ་བ་དགེ་བཤེས། ཁྱུང་ཕོ་བླ་ཆུང་བློ་གྲོས་རྒྱལ་མཚན། བུམ་འབོར་རྟོག་གི་རྒྱལ་མཚན་དང་རི་བླ་ཡེ་ཤེས། རི་བླ་ཤེས་རབ ། རི་བླ་བཀྲ་ཤིས། བུ་རྒན། རི་བླ་དར་རྒྱས། རི་བླ་ཚེ་རིང་ཕུན་ཚོགས་སོགས། གདན་ས་དེ་ཉིད་སྐྱོང་བ་དང་བཤད་སྒྲུབ་ཀྱི་བསྟན་པ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཕྲིན་ལས་རྒྱ་ཆེར་མཛད། འགྲོ་བའི་མགོན་པོ་རི་བླ་དར་རྒྱས་ཀྱི་ཡང་སྤྲུལ་མཆོག་སྤྲུལ་བཤད་སྒྲུབ་བསྟན་འཛིན་རིན་པོ་ཆེ་ད་ལྟ་དགོན་པའི་གསེར་ཁྲིའི་བདག་པོར་བཞུགས། ཁོང་ནི་སྐུ་ན་ཆུང་དུས་ནས་མ་ཡུམ་གྱིས་བླ་མ་ཚེ་རིང་ཕུན་ཚོགས་ཀྱི་སྐུ་མདུན་དུ་ཁུར་བས། བླ་མས་རི་བླའི་ཁྱེའུ་སྐྱེས་ཆེན་ཞིག་ཏུ་གཟིགས་ནས་རང་དགོན་ནས་གཅེས་སྐྱོང་བྱེད་དགོས་པ་དང་ཟས་གོས་སོགས་མི་གཙང་བ་ལ་འཛེམ་དགོས་པའི་ལུང་བསྟན་གནང་།

03.jpg

   དེ་ནས་བན་སྤྲུལ་མཁར་སྐེ་རིན་པོ་ཆེའི་མདུན་དུ་མཚན་ཞུ་བར་སོང་བས་དགའ་བའི་རྡོ་རྗེ་ཞེས་སུ་གསོལ། ལྕང་ལུང་དགོན་པའི་སྤྲུལ་སྐུའམ་འཛིན་གཙུག་འོད་དགོན་པའི་གདུང་འཛིན་མཆོག་སྤྲུལ་འཆི་མེད་རྒྱལ་མཚན་ནས་རིན་སྤུངས་དགོན་པའི་སྤྲུལ་སྐུ་རེད་ཅེས་གསུངས་ཀྱང་སྐུ་ཐག་བཅད་མེད། ཨ་འཛོམ་མཆོག་སྤྲུལ་པད་མ་འཕྲིན་ལས་ནས་རིན་སྤུངས་དགོན་པའི་གསེར་ཁྲིའི་མངའ་བདག་འགྲོ་བའི་མགོན་པོ་བླ་མ་དར་རྒྱས་ཚང་གི་ཡང་སྤྲུལ་ཡིན་པར་གདེང་འཇོག་མཛད་ནས་འཁྲུལ་མེད་དུ་ངོས་འཛིན་གནང་བ་མ་ཟད། ཨ་མདོ་རྟོགས་ལྡན་དགོན་གྱི་ཚུལ་ཆེན་རིན་པོ་ཆེ་ནས་ཀྱང་རིན་སྤུངས་དགོན་གྱི་སྤྲུལ་སྐུ་འཁྲུལ་མེད་ངོས་འཛིན་གནང་ནས་ཕྱག་ཐམ་དང་བཅས་པ་སྟེར། དེ་ནས་སྤྲུལ་འཆི་མེད་རྒྱལ་མཚན་གྱི་བཀའ་དྲིན་ལ་བརྟེན་ནས་དམ་པ་ཁོང་ཉིད་དཔལ་གཤེན་སྟོན་རིན་སྤུངས་བཀྲ་ཤིས་སྨིན་གྲོལ་གླིང་གི་གསེར་ཁྲི་ལ་མངའ་གསོལ་དང་ཁྲི་སྟོན་རྒྱས་སྤྲོས་བྱས་སོ།།

3.jpg

   རྫོང་སར་རིན་པོ་ཆེ་བོད་ཡུལ་དུ་ཕྱིར་ཕེབས་དུས་མཇལ་འཕྲད་གནང་སྟེ་ཁོང་གིས་རིན་སྤུངས་དགོན་པའི་སྤྲུལ་སྐུ་འཁྲུལ་མེད་དུ་ངོས་འཛིན་གནང་ཞིང་མ་འོངས་པར་བསྟན་པའི་དོན་རླབས་ཆེན་འགྲུབ་པའི་ཤིས་སྨོན་བཅས་གསུངས། དེ་ནས་དཔལ་ཤར་རྫ་བའི་གདན་སར་ཕེབས་ནས་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་མཆོག་གི་མདུན་དུ་གཙང་གཙུག་གི་སྡོམ་པ་མནོས་ཞིང་། སྔོན་འགྲོ་དང་རྫོགས་པ་ཆེན་པོ་རྩ་རླུང་དང་མུན་མཚམས་སེམས་ཁྲིད་དང་འཕོ་བའི་གདམས་ངག་སོགས་ཞུས། རྒྱལ་ཚབ་རིན་པོ་ཆེ་ནས་ཞབས་རྟེན་དང་ཕྱག་ཐམ་སོགས་གནང་ནས་མ་འོང་པ་ཁྱེད་ཀྱིས་བསྙེན་རྫོགས་ཞུས་ནས་དགོན་པའང་འདུལ་དགོན་དུ་བསྒྱུར་དགོས་གསུངས། དེ་ནས་རྫ་སྨོན་རྒྱལ་དགོན་དུ་ལྷ་སྲས་ཚོགས་གཉིས་རྒྱ་མཚོའི་བཀའ་དྲིན་ལ་བརྟེན་ནས་ཉག་རོང་མཆོག་སྤྲུལ་ཚེ་དབང་གཡུང་དྲུང་གི་མདུན་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལུང་ཆ་ཚང་ཐོབ།

2.jpg

   དེ་ནས་མཆོག་སྤྲུལ་འཆི་མེད་རྒྱལ་མཚན་མཆོག་གི་སྐུ་མདུན་དུ་ཕྱི་འདུལ་བའི་ཆོ་ག་བཅུ་གཉིས་དང་ནང་གསང་སྔགས་ཀྱི་དབང་ཡི་དམ་གསས་མཁར་མཆོག་ལྔ་དང་ཡང་གསང་རྫོགས་པ་ཆེན་པོའི་དབང་སོགས་མང་དུ་ཐོབ་བོ།། རྫོང་སར་ཁམས་བྱེ་བཤད་གྲྭ་དུ་ལོ་ངོ་བཞིའི་རིང་སློབ་གཉེར་མཛད་ཅིང་རྫོང་སར་མཁྱེན་བརྩེ་སྐུ་འཕྲེང་གསུམ་པ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་མཆོག་གི་སྐུ་མདུན་དུ་མཁྱེན་བརྩེ་དབང་པོའི་བཀའ་བབས་སོགས་ཞུས། རྫོང་སར་མཁྱེན་བརྩེ་སྐུ་འཕྲེང་གཉིས་པ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་དཔེ་ཝར་མཆོག་སྤྲུལ་འཇམ་དབྱངས་བསོད་ནམས་ལེགས་པའི་དབང་པོའི་མདུན་ན་རིན་ཆེན་གཏེར་མཛད་དང་བན་བོན་རིས་སུ་མ་ཆད་པའི་དབང་ལུང་རྒྱ་ཆེ་གསན། དམ་པ་ཁོང་གི་ཐུགས་སྲས་སུ་གྱུར་པ་དང་། དཔལ་ས྄་སྐྱ་བའི་ལམ་འབྲས་ཀྱི་བླ་མ་འཇམ་དབྱང་སེང་གེའི་མདུན་ནས་དམ་པའི་ཆོས་ཀྱི་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་སོགས་བླང་། འཛིན་ཁ་རག་དགོན་གྱི་གདུང་སྲས་འཇམ་གསར་མདུན་ནས་དབང་དང་ལུང་སོགས་མང་པོ་ཞུས།

02.jpg

   དམ་པ་ཁོང་ཉིད་བན་བོན་རིས་མེད་ཀྱི་བླ་སྤྲུལ་མཁན་གསུམ་མདུན་ནས་ཡ་རབས་དང་ཀུན་སྤྱོད་གཙང་བ་རིན་འཛིན་གོང་མའི་ཕྱག་སྲོལ་མ་ཉམས་པར་འཛིན་པ་མཚན་སྙན་འབུམ་ཐོབ་སོང་། ཁོང་ཉིད་དྲག་ཞན་སུ་ཡི་མདུན་ན་ཉམས་ཆུང་དང་ཀུན་སྤྱོད་གཙང་བ། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་འཁྲུངས་བ། མདོ་ན་དམ་པ་ཁོང་ཉིད་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་ལ་དམིགས་པ། རིན་སྤུངས་དགོན་རྟེན་དང་བརྟེན་པ་བཅས་རིན་པོ་ཆེ་ཁོང་གི་བཀའ་དྲིན་ལ་བསྟེན་ནས་ལེགས་གྲུབ་བྱུང་ངོ་།།

1.jpg

   ཉེ་ཆར་བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་སྔར་ཞང་ཞུང་སྒོ་བའམ་རྒྱལ་རོང་རྒྱལ་ཁབ་ནང་ཚན་ལྕགས་ཟམ་རྫོང་དུ་ཕ་ཡུལ་སྡེ་དགེའི་ལས་བྱེད་ངལ་གསོ་བ་མང་པོ་གནས་སྤོ་ནས་བཅའ་སྡོད་བྱས་ཡོད་པས་དེ་དག་གི་རེ་ཞུ་ལ་བརྟེན་ནས་དམ་པ་ཁོང་ལྕགས་ཟམ་རྫོང་དུ་ཞབས་བཅགས་ནས་རིས་མེད་ཀྱི་དད་ལྡན་མང་ཚོགས་ཚོའི་འདོད་བློ་བསྐང་བའི་ཆེད་ཕྱི་རྒྱུད་ཆོ་ག་བཅུ་གཉིས་ཀྱི་དབང་དང་།

01.jpg

   ཞི་ཁྲོ་བདུད་རྩི་ཐིགས་པ་ཚེ་སྒྲུབས་བྱ་རི་མའི་བཀའ་དབང་སོགས་མང་དུ་བཀུར་ནས་དགེ་སྒྲུབ་སྡིག་སྤང་སོགས་བསླབ་བྱ་མང་ཙམ་མཛད་ནས་མཐའ་ཚེས་བཅོ་ལྔ་ཉིན་བུ་སློབ་བརྒྱ་ཕྲག་བཅས་སེམས་ཅན་འཆི་ལ་ཉེ་བ་རྣམས་ལ་ཐུགས་རྗེ་སྤྱན་གྱིས་གཟིགས་ནས་ཉ་དང་ཕུག་རོན་སོགས་ཀྲུང་གོའི་ཤོག་སྒོར་བརྒྱ་ཕྲག་བདུན་བཅུ་ལྷག་ཙམ་གྱི་སྲོག་སླུ་བྱེད་པས་དགེ་བའི་རྩ་བ་འདི་ཉིད་ཀྱིས་སྤྱི་ཞྭ་དཀར་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་འཛམ་གླིང་ཕྱོགས་མཐར་ཁྱབ་པ་དང་སྒོས་ཞྭ་དཀར་བསྟན་པའི་བདག་པོ་རྒྱལ་བ་མཁན་སློབ་གཤེན་གསུམ་སྐུ་ཚེ་དང་འཕྲིན་ལས་ཡར་ངོའི་ཟླ་ལྟར་རྒྱས་པའི་སྨོན་ལམ་གྲངས་མེད་དང་མ་གྱུར་འགྲོ་བ་རིགས་དྲུགས་སེམས་ཅན་ཐམས་ཅད་གནས་མཆོག་འོལ་མོ་ལུང་རིང་གནས་སུ་དུས་གཅིག་ཏུ་སྐྱེ་བའི་སྨོན་འདུན་དང་བཅས་གུས་སློབ་བུ་ཡོངས་ཀྱི་ཐ་ཤལ་བ་པད་མ་གཡུང་དྲུང་ནས་ལྕགས་ཟམ་རྫོང་གི་ཉེ་འགྲམ་དུ་བྲིས་པ་དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།