ས་འབྲུག་དགོན་གཤེན་བསྟན་ཀུན་གསལ་སྨིན་གྲོལ་གླིང་།

[ཟླ་ཚེས། 2015-02-08 13:00:20][རྩོམ་པ་པོ། ཨ་དཔལ་བཟང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

མདོ་སྨད་ཟིང་ཆུ་རྫོང་ས་འབྲུག་དགོན་གཤེན་བསྟན་ཀུན་གསལ་སྨིན་གྲོལ་གླིང་གི་ངོ་སྤྲོད་གནད་བསྡུས་དང་འབྲེལ་ཏེ་དགོན་དེའི་བླ་མ་ཁྲི་རབས་བདུན་པ་ཁྲི་བཞེངས། དེ་བཞིན་ཚོགས་ཁང་སོགས་གསར་བཞེངས་སྒྲུབ་ཆེན་འཚོགས་པ་སོགས་ཀྱི་གནས་ཚུལ་གནད་བསྡུས།
IMG_2472.JPG
གསར་བཞེངས་གནང་བའི་གསས་ཁང་།
IMG_2433.JPG
དགའ་མལ་དགོན་ཆེན་གྱི་མཁན་རིན་པོ་ཆེ་གཙོས་པའི་བླ་གྲྭ་ཁག

དེ་ཡང་དཀར་ཆག་ལས།
སྐྱེ་མེད་གདོད་ནས་ཀུན་གཞིའི་རང་བཞིན་སྐུ། །
འགག་མེད་བོན་སྒོ་མཁྱེན་པའི་ཚངས་དབྱངས་གསུང། །
ཚད་མེད་བཞི་ལྡན་སྙིང་རྗེའི་ཐུགས་བརྩེ་ལྡན། །
གཏན་གྱི་སྐྱབས་གནས་དམ་པ་ཕྱག་གི་ཡུལ། །

   ཞེས་མཆོད་བརྗོད་དང་བཅས་ས་འབྲུག་དགོན་གཤེན་བསྟན་ཀུན་གསལ་སྨིན་གྲོལ་གླིང་ནི་ཐོག་མ་རིན་སྤུངས་མཆོག་སྤྲུལ་མཁན་ཆེན་ཤེས་རབ་ཡེ་ཤེས་མཆོག་གིས་ཕྱག་བཏབས། མཆོག་སྤྲུལ་དེ་ཉིད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ལུག་གི་ལོ༼སྤྱི་ལོ་༡༨༡༡༽ལོར་སྐུ་བལྟམས། དགོན་དེའི་ཐོ་ཡིག་དཀར་ཆག་ལས། བསྟན་པའི་གདན་ས་མཁས་པའི་རྣམས་དཔྱོ༵ད་དང་ལྡན་པའི་གཡུང་དྲུང་སེམས་དཔའ་མང་པོས་བོན་སྒོ་སྡེ་སྣོད་ཀུན་ལ་མཁས་ཤིང་དབྱི༵ས་ཕྱིན་པའི་སྨིན་འབྲས་ལེགས་པའི་ས༵་དེའུ་འབུལ་འབྲུ༵ག་གི་མགོ་འདྲ་བའི་ས་མལ་དུ་གདན་ས་བརྟག ཅེས་གསུང་། དེ་ནས་རིན་སྤུངས་མཆོག་སྤྲུལ་མཁན་པོ་ཤེས་རབ་ཡེ་ཤེས་ཀྱིས་རབ་བྱུང་བཅུ་བཞི་པའི་ཤིང་མོ་ཡོས་ལོ་༼སྤྱི་ལོ་༡༨༥༥༽ལོར་ས་འབྲུག་ཀུན་གསལ་སྨིན་གྲོལ་གླིང་ཞེས་དགོན་པ་ཕྱག་བཏབས་མཛད། གསས་ཁང་ཐོག་རྩེགས་ཅན་དང་བླ་བྲང་། སྒྲུབ་ཁང་། ཇ་ཁང་། སྤྱི་གཉེར་མགྲོན་ཁང་། རྔ་གྲལ་རྒྱ་སྒོ་འཁོར་ཁང་ལྕག་རི་ཚྭ་ཚྭ་ཁང་རྡོ་འབུམ་སོགས་དགོན་པའི་ཆ་རྐྱེན་གང་དགོས་ཕུན་སུམ་ཚོགས་པ་གསར་དུ་སྐྲུན་པ། ནང་རྟེན་དུ་སྐུ་གསུང་ཐུགས་རྟེན་དང་ཡི་དམ་བོན་སྐྱོང་སྲུང་མ་སོགས་འཇིམ་སྐུ་དང་ཞལ་ཐང་རྣམས་མི་ཉུང་བ་ཞིག་ཡོད་པ་ཐོ་ཡིག་དཀར་ཆག་ལས་གསལ། དེ་ནས་རིན་སྤུངས་མཆོག་སྤྲུལ་ཞལ་ཚབ་ཏུ་སྐྱང་སྨད་རྟོགས་ལྡན་གཡུང་དྲུང་ཕུན་ཚོགས་ཞལ་བཀོད་བཞག་ནས་རྒྱུད་འཛིན་བདག་སྐྱོང་བྱས། སྐབས་དེ་དུས་ཆེན་འཚོགས་སྒོ་ནི་བོད་ཟླ་དང་པོ་ལ་རྗེ་མཉམ་མེད་ཆེན་པོའི་དུས་ཆེན་དང་སྨོན་ལམ། བོད་ཟླ་བཞི་བའི་ནང་དུ་སྨྱུང་གནས་དང་རྣམ་རྒྱལ་སྟོང་མཆོད་དང་།བོད་ཟླ་བཅུ་གཅིག་པའི་ནང་དུ་སྐྱབས་མགོན་དུས་ཆེན་དང་དུ་ཏྲི་སུའི་སྒྲུབ་ཆེན་སྐབས་སུ་བླ་གྲྭ་དགུ་བཅུ་ལ་ཉེ་བ་འཚོགས་བཞིན་ཡོད། དེ་དུས་སྐྱང་སྨད་ཆོ་འཛི་འགོ་བས་རོགས་སྐྱོར་གང་ལེགས་བྱས། དེའི་རྗེས་འཛིན་ཝེར་ཏོ་བསྟན་འཛིན་དབང་དྲག་བཟུང་ནས་དགོན་པ་སྐྱོངས། དེའི་རྗེས་ཝེར་ཏོ་རྒྱལ་བ་བཀྲ་ཤིས་ཀྱིས་བདག་སྐྱོང་བྱས། དེའི་རྗེས་བོན་ནང་གཡུང་དྲུང་དཔལ་ལྡན་ནི་རིན་སྤུངས་ཨ་ལགས་ཤེས་རབ་རྣམ་རྒྱལ་མཆོག་གི་ཞབས་པད་ལ་གཏུགས་ནས་ཤར་རྫའི་གསུང་འབུམ་སྐོར་དང་དབང་ལུང་གང་མང་ཞུས་ནས་བསྟན་པར་ཡར་རྒྱས་སྤེལ། ༼སྤྱི་ལོ་༡༩༥༩༽ལོར་བོད་གངས་ཅན་ལྗོངས་སུ་བོན་ཆོས་བསྟན་པ་ཉམས་རྒུད་སྐབས་སུ་གསས་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན་སོགས་གང་ཡོད་གཞི་ནས་གཏོར་བརླག་བྱས་ནས་དགོན་ཤུལ་ས་སྟོང་ཞིག་ཏུ་གྱུར། རྗེས་སུ༼སྤྱི་ལོ་༡༩༨༣༽ལོར་དཔལ་གཤེན་བསྟན་ཀུན་གསལ་སྨིན་གྲོལ་གླིང་སླར་གསོའི་དབུ་ཚུགས་པ་པོ་རྟོགས་ལྡན་གཡུང་དྲུང་དཔལ་ལྡན་གྱིས་ཟིང་ཆུ་རྫོང་གིས་དགོན་བཞེངས་ཆོག་མཆན་གནང་བ་ལྟར་༼སྤྱི་ལོ་༡༩༨༦༽ལོར་གསས་ཁང་ཞིག་གསར་བཞེངས་མཛད་ནས་ནང་དུ་ཐང་ཀ་པར་མ་འགའ་བཞེངས། དཔལ་འབྱོར་ལ་དཀའ་མདའ་ཆེན་པོ་ཡོད་ཀྱང་མཆོད་ཆས་འདྲ་སྒྲུབ་ནས་སྔར་སྲོལ་བཞིན་འཚོགས་དང་དུས་ཆེན་སོགས་ཆགས་མེད་མཛད་ནས་དགོན་པ་བདག་སྐྱོང་མཛད། དེ་ནས་ཁོང་གི་ཞལ་ཚབ་ཞིག་སྐོར་རྒྱུ་ཐུགས་ལ་ཡོད་ཀྱང་དངོས་སུ་ཁྲིར་བཞེངས་མཛད་པས་དུས་ཚོད་མ་བྱུང་བས་སྐུ་ཚེ་མཐའ་འཇུག་གི་མཛད་པ་བསྟན་ནས་དགོངས་པར་བོན་དབྱིངས་སུ་རྫོགས། རྗེས་སུ་གྲྭ་བ་རྣམས་ཀྱིས་རྗེས་དྲན་ཚུལ་དུ་མི་ལོ་གཅིག་གི་རིང་ལ་འཚོགས་དང་དུས་ཆེན་སོགས་འཚོགས་བཞིན་ཡོད།

IMG_2429.JPG
གསར་བཞེངས་གནང་བའི་གསས་ཁང་།

   དེ་ནས་མི་ལོ་བཅུ་ཕྲག་གཉིས་ལ་ཉེར་བར་འགྱང་ནས་འཚོགས་དུས་ཆེན་ཆགས། བླ་མ་དངོས་འཛིན་མེད་པས་ཐབས་སྐྱོ་པོ་ཞིག་ཆགས་ཡོད། དེ་སྔར་གསས་ཁང་བཞེངས་ཡོད་པ་དེ་ཡང་འཇིགས་ལ་ཉེ་བའི་སྐབས་སུ་༼སྤྱི་ལོ་༢༠༡༤༽ཟླ་༤བའི་ཚེས་༨རྒྱལ་ཕུར་འགྲུབ་སྦྱོར་ཉིན་ཤར་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་དབུ་བླ་དགའ་མལ་དགོན་ཆེན་མཁན་ཆེན་བླ་མ་ཚེ་རིང་ངམ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གིས་ས་གནས་དེའི་དད་ལྡན་དམངས་ཚོགས་དང་བླ་གྲྭ་རྣམས་ལ་ལས་འགན་སོ་སོར་བཀོད་སྒྲིག་བྱས་ནས་སླར་ཡང་གསས་ཁང་ཕྱི་ནང་ཕྱོགས་གང་ཐད་ནས་གསར་སྐྲུན་བྱ་བའི་ལས་འགོ་ཚུགས། སྟེང་གི་རྒྱལ་ཕུད་དང་ཇ་ཁང་རྔ་གྲལ་གང་དགོས་སྤོས་དག་པ་མཁན་པོ་མཆོག་གིས་སྒོར་བཅུ་ཕྲག་ལྷག་གིས་འགྲོ་གྲོན་གཏོང་ནས་འཛུགས་སྐྲུན་བྱས། ཕྱི་ཡི་འཁོར་ཡུག་སོགས་ཡིད་དུ་འོང་བ་ས་ངོས་སྙོམས་པ་བྱས། འཚོགས་ཁང་དུ་གདན་ཁྲི་འབོལ་གདན་ཁ་གདན་དང་བཅས་རྔ་གཤང་རོལ་མོ་རྒྱལ་གླིང་སོགས་མཆོད་ཆས་ཕུན་སུམ་ཚོགས་པ་བྱས་ནས་ས་གནས་སྲིད་གཞུང་དང་ཡུལ་ཕྱོགས་དམངས་ཚོགས་བསམ་དོན་མ་ལུས་པ་ཡིད་བཞིན་ཚིམས་པར་བྱས།

IMG_2462.JPG
གསས་ཁང་ནང་དུ་བཞེངས་པའི་ཐུགས་རྗེ་བྱམས་མའི་སྐུ།

   གསས་ཁང་ནང་དུ་སྐུ་རྟེན་དུ་དབུས་སུ་ཟངས་གསེར་ལས་གྲུབ་པས་མཐོ་ཚད་ཁྲུ་དགུ་ལས་ལྷག་པས་རྒྱབ་ཡོལ་དང་བཅས་རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོའི་སྐུ་དང་གཡས་སུ་ཐུགས་རྗེ་བྱམས་མའི་སྐུ་འདྲ་མཐོ་ཚད་ཁྲུ་བདུན་ལས་ལྷག་པ་ཅན་དང་། རྒྱལ་ཕུད་མཐའ་ལ་སྟོ་པའི་སྐུ་བརྙན་བཞི་བརྒྱ་ལྷག་དང་བཅས་བཞེངས། གསུང་རྟེན་ཏུ་རྒྱལ་བའི་བཀའ་དང་བཀའ་རྟེན་གཉིས་རྟེན་དཔེ་མཛོད་ཁང་དུ་རིག་གཞུང་གི་ཡིག་ཆ་སྣ་ཚོགས་དཔེ་བཞག་མཛད། ཐུགས་རྟེན་ཏུ་ཟངས་གསེར་ལས་གྲུབ་པས་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཁྲུ་བདུན་ཅན་ལ་གཡུ་དང་བྱུ་རུ་འཕྲས་བརྒྱན་པ་ཞིག་བཞེངས།

IMG_2469.JPGIMG_2470.JPG
༧ མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་གཙོས་པའི་བླ་གྲྭ་ཁག་ལ་ཕེབས་བསུ་གནང་བཞིན་པ།

   ༼སྤྱི་ལོ་༢༠༡༥ཟླ་༡པོའི་ཚེས་༣༠ཉིན།༽བོད་ཟླ་༡༢པའི་ཚེས་༡༡ཉིན་དཔལ་གཤེན་བསྟན་དགའ་མལ་དགོན་ཆེན་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོག་གཙོས་བྱས་པས་གཞི་དགོན་རིན་སྤུངས་དགོན་ནས་འགན་ཁུར་ཀྲུའུ་རེན་དང་དགེ་སྐོས་དབུ་མཛད་དང་སྤྱི་བ་མཆོད་གཡོག་ལས་པ་རྒྱལ་གླིང་དང་དུང་ཆེན་གཏོང་མི་དང་བཅས་ནས་བླ་གྲྭ་ཉི་ཤུ་ལྷག་ཕེབས་ནས་སྒྲིབ་སྦྱོང་མུན་སེལ་སྒྲོན་མེའི་སྒྲུབ་ཆེན་འཚོགས།

IMG_2466.JPG
ས་འབྲུག་དགོན་གཤེན་བསྟན་ཀུན་གསལ་སྨིན་གྲོལ་གླིང་གི་ཁྲི་རབས་བདུན་པའི་བླ་མ་མཁན་པོ་ཚེ་རིང་མཆོག

   ཚེས་བཅུ་གསུམ་བཀྲ་ཤིས་པའི་ཉིན་མོ་ལ་དགའ་མལ་དགོན་ཆེན་མཁན་ཆེན་གྱིས་ཞལ་བཀོད་ལྟར་དགོན་དེའི་འགན་ཁུར་བ་དང་ལྷ་སྡེ་མི་དམངས་ལ་བླ་མ་ཞིག་དགོས་ཀལ་ཆེ་ཚུལ་དགོངས་ནས་དགོན་དེའི་གྲྭ་བ་མཁན་པོ་ཚེ་རིང་དེ་ཉིད་དགོན་དེའི་བླ་མ་ཁྲི་རབས་བདུན་པའི་ཁྲི་བཞེངས་ཀྱི་མཛད་སྒོ་སྤེལ། བླ་གྲྭ་དང་མི་སེར་རྣམས་ཀྱིས་སྙིང་པོ་རྣམ་གསུམ་ཉིན་མཚན་བར་མེད་དུ་དབྱངས་ལ་བསྐྱོན་ཏེ་སྒྲུབ་ཆེན་ཞིག་འཚོགས།

IMG_2436.JPGIMG_2435.JPG
IMG_2459.JPGIMG_2460.JPGIMG_2458.JPG
ཡུལ་དེ་གའི་དད་ལྡན་དམངས་ཚོགས་རྣམས་ཀྱིས་གསས་ཁང་ལེགས་གྲུབ་དང་བླ་རབས་བདུན་པ་ཁྲི་བཞེངས་ཀྱི་རྟེན་འབྲེལ་བྲོ་གར་འཁྲབ་བཞིན་པ།

   ཚེས་བཅུ་བཞིའི་ཉིན་དད་ལྡན་དམངས་ཚོགས་ནས་དགོན་པ་སླར་གསོ་དང་བླ་མ་ཁྲི་བཞེངས་མཛད་སྒོ་ལ་དགའ་སྟོན་བསྟོན་མོ་ཟབ་རྒྱས་སྤེལ།

IMG_2439.JPG
IMG_2440.JPGIMG_2444.JPG
༧དགའ་མལ་དགོན་ཆེན་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་ནས་དད་ལྡན་དམངས་ཚོགས་རྣམས་ལ་བཀའ་དབང་གནང་བཞིན་པ།

   ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོ་མཁན་རིན་པོ་ཆེ་མཆོག་ནས་བླ་གྲྭ་དང་དད་ལྡན་དམངས་ཚོགས་བོད་རིགས་ཆའང་རིགས་རྒྱ་རིགས་ཀུན་ལ་དུ་ཏྲི་སུའི་བཀའ་དབང་སྩལ།

IMG_2437.JPGIMG_2449.JPG
གར་འཆམ་རྒྱག་བཞིན་པ།

   ཉིན་གུང་རིན་སྤུངས་དགོན་པའི་ལམ་ལུགས་བཞིན་གྲྭ་པ་རྣམས་ཀྱི་རྒྱལ་བ་གཤེན་གྱི་གར་འཆམ་ལྷ་ཞལ་སྟོན། དགུང་མོ་སངས་རྒྱས་བསྟན་པའི་སྤྱི་དགྲ་བར་ཆོད་སྐྱོན་ནང་ཟློག་ཕྱིར་གཏོར་རྒྱག་དང་བཅས་ནས་བྲོ་རྡུང་ལྷ་རྒྱལ་བྱས་ནས་བཀྲ་ཤིས་དགའ་སྟོན་མཛད།

IMG_2448.JPGIMG_2463.JPG
ཐེངས་འདིའི་སྒྲུབ་ཆེན་གྱི་སྦྱིན་བདག་རྣམ་དང་བཀོད་སྒྲིག་འགན་ཁུར་བ།

   ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོ་དུ་ཏྲི་སུའི་བཀྲ་ཤིས་ཞལ་དྲོ་མཇུག་མཐའ་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་མཆོན་ནས་འགྲོ་དྲུག་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་དང་སངས་རྒྱས་བསྟན་པ་རྒྱས་པའི་བསྔོ་སྨོན་དང་བཅས་ནས་འཇུག་མཐའ་ཡོངས་སུ་རྫོགས་ནས་རེ་ཞིག་འཚོགས་གྲོལ་བར་བྱས། དགེའོ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།