མི་ཡུལ་ལྷ་ཡི་ཕོ་བྲང་བྱ་ཟེ་མཐོང་སྨོན་དགའ་བ་ལྷ་རྩེ།

[ཟླ་ཚེས། 2013-04-16 22:54:22][རྩོམ་པ་པོ། ལྗང་ཤེར་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

2013010619162595.jpg

ཨེ་མ་འཛམ་གླིང་སོག་ཁ་བོན་གྱི་འབྱུང་གནས། དམུ་རྒྱལ་ཐོད་དཀར་སྲས་ཀྱི་གདུལ་ཞིང་། ཞང་རྒྱལ་བྱར་ཐོགས་རིམ་བྱོན་གྱི་མངའ་འབངས། ཞང་ཞུང་སྒོ་ཕུག་བར་གྱི་སྒོ་སུམ་པ་གླང་གི་གྱིམ་ཤོད། ཆུ་བཞི་སྒང་པ་དྲུག་གི་སྟོད་རྔུལ་ཟླ་གཉིས་ཀྱི་བར་མཚམས། མཁའ་ལྡིང་ཁྱུང་གི་མིང་བརྡས་བརྒྱན་པའི་ཡུལ་གྲུ་སྟེ། སྐྱབས་ཀྱི་དྭངས་མ་གཡུང་དྲུང་བོན་ལ་དམ་ཚིག་ལུ་གུ་རྒྱུད་དུ་འབྲེལ་བའི་ཁྱུང་པོ་དཀར་ནག་སེར་གསུམ་ཞེས་ཀུན་བཟང་རིག་སྣང་འོད་ཀྱི་རྒྱལ་པོས་འགྲོ་ལ་རྗེས་ཆགས་ཚུལ་དུ། སྐུ་གསུང་ཐུགས་ལས་སྤྲུལ་པ་བྱ་རྒྱལ་ཁྱུང་སྒོང་ལས་བྱོན་པའི་སྐྱེས་མཆོག་མི་ཁྱུང་རྒྱལ་གྱི་སྲས་རྒྱུད་གསེར་རིའི་ཕྲེང་ལྟར་བྱོན་པའི་གྲལ་ནས་དཔོན་ཚང་རྒྱལ་བ་གྲུབ་ཀྱི་སྐུ་དུས། ཁྱུང་པོ་དཀར་ནག་སེར་གསུམ་ས་བགོས་དང་སྡེ་བགོས་བྱས་པའི་རྟིང་མ། སྔར་རྒྱ་རྗེ་ཉི་མ་འབྲུག་གྲགས་ཀྱིས་ཁྱུང་དབུས་ཤེས་རབ་རྒྱལ་མཚན་ལ། བྲག་དམར་མེ་རི་རྫོང་ཆེན་ན། བྱ་ཁྱུང་ཆེན་ཚང་ལ་ཞུགས་འདྲའི་སར། རྫོང་དང་ཕོ་བྲང་དེ་ན་ཐོབས་ཞེས་ཞལ་བསྐོས་གནང་བ་ལྟར་དཔོན་ཚང་རྒྱལ་བ་གྲུབ་ཀྱི་སྲས་པོ་ནང་སོ་ཀུན་དགའ་དབང་ལྡན་དང་། གྲགས་པ་འབུམ་གཉིས་ཀྱིས་དུས་རབས་བཅུ་གསུམ་པའི་ནང་། མདོ་ཁམས་སྨད་ཀྱི་ཤོད་ལྔའི་ནང་ཚན། བྱང་ཕྱོགས་གཟི་ཤོད་ཟླ་བ་ཤེལ་གླིང་གི་རུ་ལག་གཡོན་པ་རྫོང་རབ་མཁར་བྱ་བ། ཞང་བོད་མཁས་པ་མི་བཞི་དང་བླ་ཆེན་འཆི་མེད་ཡབ་སྲས་གཙོས་རིག་འཛིན་གྲུབ་ཆེན་དུ་མའི་བྱིན་རླབས་ཀྱི་དམུ་ཡད་འཁྱིལ་གནས་དང་། གཏེར་ཁ་དང་བཀའ་རྟགས་ཞབས་རྗེས་ཕྱོགས་སུ་བཀྲ་བའི་གནས་མཆོག་དེར་བྱ་ཟེ་ཡོངས་རྫོང་དགོན་དང་། མ་རྫོང་བྱ་བའི་ཕོ་བྲང་བཏབ་སྟེ། སེར་ཚ་རུ་ཆུ་འདུས་སོའི་ཕར་ཚུར་དང་། ར་སྐྱེས་རྡོ་རྫོང་ཚུན་ཆད། ས་ཤོད་དེའུ་དམར་ཡན་ཆད། གམ་ག་ལ་མཚོ་གཉིས་ཚུན་ཆད། བྱང་ཁའི་འདམ་གྱི་རྒྱལ་ཆེན་ཕན་ཆད། ལྕི་ཡི་བྲག་ལ་ཚུར་བཅད་ཡུལ་སྡེའི་ཐོབ་ཐང་དང་དབང་སྒྱུར་བྱས་པའི་གདུང་རབས་ལྔ་པ་འབུམ་རྗེ་གྲགས་པ་ཞུ་བར་སྟོབས་དང་མངའ་ཐང་སྔར་བས་དར་ཏེ། ན་དམར་མཚོ་ཁ་ཚུན་ཆད། འབྲི་འདམ་བྱང་ལ་མན་ཆད། རྔུལ་ཆུའི་གསེར་ལྡན་ཡན་ཆད་ས་མི་འགྱུར་རྫོང་བཞི་བཅོ་བརྒྱད་ཀྱི་འགོ་འདྲེན་ཞིང་། སྒར་ཐོག་མགྲོན་པོའི་ཇ་ཁྲལ་བླངས་བའི་གཏན་ཚིགས་སུ་གྲགས་པ་དང་། གྲགས་པ་འབུམ་རྗེའི་སྐུ་སྲས་གྲགས་པ་རྣམ་རྒྱལ་གྱི་དུས་རབ་བྱུང་བདུན་པའི་ནང་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་བླ་ཡི་མཆོད་གནས་སུ་བཀུར་ཏེ། གནམ་ས་བར་གསུམ་ལ་བཏབས་འདྲའི་གདན་ས་གསུམ་གྱི་ནང་ཚན། གནམ་ལ་བཏབས་པ་འདྲ་བར་རྟག་གཟིགས་འོལ་མོ་གླིང་ནས་དཔེར་བླངས་ནས་བཞེངས་པར་གྲགས་པའི་གསས་ཁང་༧མི་ཡུལ་ལྷ་ཡི་ཕོ་བྲང་བྱ་ཟེ་མཐོང་སྨོན་དགའ་བ་ལྷ་རྩེ་བྱ་བའི་གཞལ་ཡས་ཁང་ཕྱི་ཡི་བཀོད་པ་ལེགས་ཤིང་། རྩེ་ལ་ཟངས་ཁལ་བདུན་ཅུ་ལས་གྲུབ་པའི་གསེར་འཕྲུ། གཏེར་ལས་བྱོན་པའི་ལྕགས་ཐག་གིས་བཏགས་པ། ནང་དུ་སྙན་རྒྱུད་དྲི་མེད་གཟི་བརྗིད་དང་། ཕྱག་བྲིས་འཛམ་གླིང་རྒྱན་ཆེན་རྒྱན་ཆུང་། ཁམས་ཆེན་དུམ་པ་བཅུ་དྲུག འོལ་མོ་གླིང་གི་ཞིང་བཀོད། ཕྱག་བཟོའི་སྡེར་སྐུ་སོགས་གསེར་དངུལ་གྱིས་བཞེངས་པའི་རྟེན་སུམ་སྐོར་དར་ཞིང་རྒྱས་པས་སྙན་པའི་གྲགས་པར་གྱུར།

2013010619191183.jpg
2013010619192420.jpg

དེའི་འོག་གདུང་རབས་བཅུ་གསུམ་པ་གྲགས་པ་རྣམ་སྲས་ཀྱི་སྲས་པོ་གྲགས་པ་བསོད་ནམས་དང་། བསྟན་སྐྱོང་གྲགས་པ་གཉིས་ཀྱི་སྐུ་དུས་སུ་ནང་མ་མཐུན་པར་བླ་ཁག་གཉིས་པོ་བྱ་ཟེ་དང་སྒར་ཁང་གཉིས་སུ་གྱེས་ཤིང་། ཡུལ་སྡེའང་ཚབ་སྲོག་གོང་གསུམ་དང་། ཆུ་ཁྲ་རུ་གསུམ། དམུ་གཡང་བྷོ་གསུམ། འབུ་ཚབ་བྱང་བཅས་ནས་བྱ་ཟེའི་སྡེ་ཐོབ་པ་དང་། གནམ་རུ་འབྲོང་གསུམ་སྒར་ཁང་གི་མངའ་སྡེ་བྱས་ནས་བྱ་སྒར་སོ་སོར་བསྟན་སྲིད་བསྐྱངས། བྱ་ཟེ་བསྟན་སྐྱོང་གྲགས་པའི་སྲས་དབང་རྒྱལ་གྲགས་པ་ནས་ད་ལྟའི་གདུང་རབས་ཉེར་གཅིག་པ་ཤེས་རབ་གྲགས་པ་མཆོག་གི་བར་གདུང་རབས་ཉི་ཤུའི་རིང་བསྟན་སྲིད་དར་རྒུད་ཀྱི་གཉན་འཕྲང་ཅི་རིགས་བརྒྱུད་དེ་གདན་ས་མ་འཆུག་པར་གནས་མུས་སུ། ཉིས་སྟོང་ལྔ་ལོར་དགེ་ལེགས་གྲགས་པའི་སྲས་ཁྱུང་དབུས་ཤེས་རབ་རྒྱལ་མཚན་གྱི་ཡང་སྤྲུལ་ཤེས་རབ་གྲགས་པ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་པ་ནས། སྐུ་ཡི་ན་ཚོད་གཞོན་ཡང་དགོངས་པའི་མཁྱེན་རྒྱ་ལྷུན་ལ་རྫོགས་ཤིང་། དང་དོད་ཀྱི་ཐུགས་གཤིས་རབ་ཏུ་ཡངས་པས་ད་ཆར་ཕྱི་ལྷ་ཁང་གཞལ་ཡས་ཐད་ཨར་འདམ་དང་རྡོ་རྩིག་ལས་བྱས་པའི་བླ་བྲང་ཐོག་བརྩེགས་གསུམ་ཅན་ལ་གསེར་འཕྲུ་རྒྱ་ཕིབ་རྒྱལ་མཚན་དང་བཅས་པ། ནང་ཚོགས་ཁང་དུ་ཤིང་བསྐོས་ཀ་གདུང་ཤིང་བརྩེགས་རབ་ཏུ་སྤྲས་པའི་དབུས་ནང་རྟེན་གཙོ་བོར་སྤྲུལ་སྐུ་བློ་ལྡན་གྱི་གཏེར་ཕུར། ལུགས་སུ་བླུགས་པའི་བདེར་གཤེགས་གཙོ་བཞིའི་སྐུ་བརྙན་དང་། ཟངས་གསེར་གྱི་བྱམས་མ་དང་། རྣམ་རྒྱལ། གདུང་རྟེན། ལྡིབ་རིས་སྣ་ཚོགས། བར་རྩགས་སུ་ཟངས་གསེར་ལས་བཟོས་པའི་འཆི་མེད་ཡབ་སྲས་རྣམ་གསུམ་དང་། སྤྲུལ་སྐུ་བློ་ལྡན་གྱི་སྐུ་འདྲ། གདུང་རྟེན་གཡུང་དྲུང་བཀོད་ལེགས་རྣམས་ཐོག་བརྩེགས་ཅན་དང་། ཆེ་ཆུང་མདའ་གང་ཙམ་དང་རྒྱུ་ཟངས་གསེར་ལས་གྲུབ་པའི་ཡེ་གཤེན་བཅུ་གསུམ། འདུལ་བ་གཤེན་དྲུག རིག་འཛིན་གྲུབ་ཆེན་བརྒྱད་ཅུའི་སྐུ་བརྙན་རྣམས་གཟུངས་གཞུག་རབ་གནས་དང་བཅས་པ་བཞུགས་སུ་གསོལ་ཞིང་། ཐོག་ཁང་དུ་གཟིམས་ཤག་དང་གསོལ་ཁང་སོགས་བཀོད་ཆ་ལེགས་ལ་དྭངས་སྤྲོ་བ་དང་། གཡས་ཕྱོགས་བཙན་ཁང་ནང་བློ་ལྡན་གྱི་ཕྱག་བཟོ་བྲག་བཙན་ཨ་བསྭེའི་ཞལ་འབག་དང་སྐུ་ཚབ། གཡོན་ཕྱོགས་སུ་སྐང་གསོལ་གྱི་མཆོད་སྦྱིན་ཆག་མེད་དུ་གནང་སའི་སྒྲུབ་ཁང་ནང་སྤྲུལ་སྐུ་བློ་ལྡན་སྙིང་པོས་ཕྱག་བཟོ་དཀར་མོ་སྲིད་པའི་རྒྱལ་མོའི་ཞལ་འབག་གཙོས་རྟེན་སྐུ་སྣ་ཚོགས། ཉེར་འཁྲས་སུ་ཨར་འདམ་དང་རྡོ་རྩིག་རྒྱུ་སྤུས་བཟང་ཞིང་། བཀོད་ཆ་ལེགས་པའི་ཚོགས་ཁང༧དབལ་ཁྱུང་ལྷུན་པོ་རྫོང་གི་གསས་མཁར་ཞེས་ཐོག་བརྩེགས་གསུམ་ཅན་ལ་སྟེང་དུ་གཡས་གཡོན་དབུས་གསུམ་སྟེང་འོག་གསེར་འཕྲུ་དང་རྒྱ་ཕིབས་དུ་མས་བརྒྱན་ཞིང་། གསེར་མདངས་ཉི་མའི་འོད་ལ་འགྲན་བཞིན་མཐོང་ཚད་ཡིད་དབང་འཕྲོག་པའི་ཁམས་གཙང་ཡིད་འོང་གི་གསས་ཁང་དང་། ཨར་འདམ་ལས་གྲུབ་པའི་གྲྭ་ཤག་སོགས་ཕུན་སུམ་ཚོགས་པར་བཞེངས་གྲུབ་ཟིན་ནའང་། ཁོར་ཡུག་དེ་ཙམ་གྱིས་ཐུགས་ཡིད་མ་ཚིམ་པར། ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་རྒྱུ་བསྟན་འགྲོའི་ཕན་བདེ་གཙོ་བོར་གཟིགས་ཏེ། བཤད་སྒྲུབ་ཀྱི་སྡེ་བཙུགས་ཤིང་དར་རྒྱས་མཛད་བཞིན་པ་བཅས། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།