གཡུང་དྲུང་བསྟན་རྒྱས་འཆི་མེད་བསམ་གཏན་གླིང་།

[ཟླ་ཚེས། 2013-04-16 22:34:15][རྩོམ་པ་པོ།  དྲུང་ཡིག་རྨད་བརྟེན་བསྟན་འཛིན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༅།།འདྲ་ཆུ་མིག་ལྗོངས་གཡུང་དྲུང་བསྟན་རྒྱས་འཆི་མེད་བསམ་གཏན་གླིང་བཀྲ་ཤིས་གཙུག་ལག་ཁང་གཤེན་བསྟན་བཤད་སྒྲུབ་འཕེལ་རྒྱས་ཀྱི་ལོ་རྒྱུས་མཐོང་བར་དོན་གསལ་རྟ་བདུན་དབང་པོ་བཞུགས།
2012030816555051.jpg

   གཡུང་དྲུང་བོན་གྱི་འདུ་གསན་ཤོད་ཆེན་བཅོ་བརྒྱད་གཙོ་བོ་སྒང་དྲུག་ནང་ནས་འབྲི་ཉལ་སྒང་འདྲ་ཤོད་ཅེས་པའི་ཡོན་ཏན་གནས་ཀྱི་མཆོག་གྱུར་གཡུང་དྲུང་རིན་ཆེན་འབར་བ་སྐུ་བླ་ཐེའུ་བང་དེ་ཡི་བདག་པོ་འདྲ་ཆུ་མིག་དགོན་གཡུང་དྲུང་བསྟན་རྒྱས་གླིང་གི་ལོ་རྒྱུས་མཐོང་ཐོས་ཡོད་པར་ཕྱོགས་ཙམ་བཤད་པ་ལ། ཐོག་མར་རྫོགས་པའི་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་མཐའ་འཁོབ་འདུལ་དུས། གནས་བདག་སྐུ་བླ་དམ་ལ་བཞག་ནས་དེའི་ཞབས་རྗེས་མངོན་གསལ་ཡོད་པ་དང་། ད་དུང་མཚན་ལྡན་ཁྱེའུ་བཞིའི་ཞབས་རྗེས་བཅས་ཡོད་ལ། མ་ཟད་གསང་འདུས་སྟག་ལྷ་ལྷ་ཀླུ་མི་གསུམ་སོགས་གནས་འདིར་བྱིན་དབབ་ནས་རྗེས་སོགས་བཀའ་རྟགས་མངོན་གསལ་སྣང་། དེ་ནས་གྲུབ་ཆེན་བརྒྱད་བཅུ་རྣམས་ཀྱི་གནས་འདིར་བྱོན་ནས་སྒྲུབ་གནས་རྗེས་སོགས་དང་།
ཐུགས་ཀྱི་གཉེར་གཅིག་འཆི་མེད་རྒྱལ་བ་ཡབ་སྲས་ཡུམ་དང་བཅས་པ་སྒྲུབ་ཕུག་བཀའ་རྟགས་ཅན་དང་། རྗེ་འབངས་ཉེར་ལྔ་བཻ་རོ་སོགས་གང་ཟག་གྲུབ་རྙེད་ཅི་ཡོད་འདིར་བྱོན་ནས་བྱིན་རླབས་སོགས་མཛད་པ་མ་ཚད་ཕྱག་ཞབས་ཀྱི་རྗེས་དངོས་པོ་ཅན་འདུག སྦས་གནས་ཁྱད་འཕགས་ཅན་ཡིན་པར་བཀའ་ཆགས་ལུང་ལས་གསལ། གནས་འདིར་མཚན་གསོལ་ན་གཡུང༵་དྲུང༵་རིན༵་ཆེན༵་འབར༵་བ༵་ཞེས་རྟགས། དེ་ཡང་སྟག་གཟིག་འོལ་མོ་ལུང་རིང་དབུས་དཀྱིལ་རི་གཡུང་དྲུང་དགུ་རྩེའི་ཚབ་རྐང་པོ་བོན་རི་མངོན་མཉམ་ཡིན། ལྷ་གནས་གཡུ་ལུང་ཤེལ་བྲག་དང་ཚབ་ཡིན་ཞེས་ལུང་གཡི་གྲུབ།
འདྲ༵་པ༵་བརྗོད་པའི་རྒྱུ་མཚན་པ་ནི་རྐང་པོ་བོན་རི་དང་འདྲ་བའི་ཕྱི་ར་ན་འདྲ༵་པ༵་ཞེས་བཀའ་ཆགས་ལས་གསལ།མིང་ཐོག་མར་དེ་ལྟར་ཆགས། ལོ་རྒྱུས་རྒྱས་པ་བཀའ་ཆགས་ནང་གསལ། དགོན་པ་ཆགས་ཚུལ་ནི། གངས་ཅན་བོད་ཀྱི་ཐོག་མར་གཉའ་ཁྲི་བཙན་པོ་དང་མི་ཁྲི་སྐབས་སྣང་པ་མདོག་ཅན་བྱོན་ནས་བོན་ཐོག་མར་དར། གདུང་རྒྱུད་བཅུ་གསུམ་མཁས་བཞི་སོགས་བྱོན། སངས་རྒྱས་ཤཱཀྱ་ཐུབ་པ་མ་བྱོན་གོང་ནས་ཡིན། གྲི་གུམ་སྐབས་བོན་ནུབ་དུས་ལྕེ་ཚ་མཁར་བུ་འདི་བྱོན་ནས་བཞུགས།སྤུ་དེར་གུང་རྒྱལ་རིམ་བཞིན་བོན་དར། ཁྲི་སྲོང་ཚེ་སྟོད་བོན་སྤྱོད་ཚེ་སྨད་རྒྱ་གར་ནས་བོ་དྷི་སོགས་དང་ཆོས་སྦྱན་དྲངས་སྐབས་བོན་རྣམས་ནུབ་དུས་གྲུབ་ཐོབ་རྣམས་ས་མཐར་སྤྲུགས། སྙན་ལི་ཤུ་གདུང་ལས་གྲུབ་རྟགས་དཔག་མེད་མངའ་བ་ཞེས་རྐང་པོ་བོན་རི་ལ་བྱོན་ནས་བཞུགས། དེ་ནས་ཁོང་གི་གདུལ་བྱ་ཆེད་དུ་སངས་རྒྱས་སྐུ་ཤིང་ཚལ་བུ་མར་ཁུར་ནས་འདྲ་ཡུལ་སླེབས། ཚལ་བུ་ས་ལ་བཙུགས་ནས་ཕྱི་ལོ་ཡག་པོ་སྐྱེས་ནས་རྟེན་འབྲེལ་ལེགས་པ་འགྲིམ།འོག་ཏུ་གཟིམ་ཁང་བཞེངས་ནས་ད་ལྟ་ཉ་གེ་ཟེར་བ་ཁང་མིང་ཆགས།
བླ་མ་དེའི་དགོན་པ་གསར་དུ་བཏབ། ཁོ་ཚང་ལ་སྙན་བཞི་བཀའ་རྒྱུད་སྐོར་བཞི་འབྲིང་པོ་སོ་བཞག་སོགས་ཡོད་ཀྱང་བཞི་རྒོལ་སྐབས་བརླག་སོང་།ཉ་གེ་ཟེར་བ་དོན་སྙན་ལས་ཆད་ཅེས་ལོག་སྐད་ཡིན་པ་གྲགས། དེ་རྗེས་བྱང་པ་ཁྲོ་ཚང་གདུང་ལས་ཉི་མ་རྒྱལ་མཚན་མར་ཕུད་དུས་ལྷ་སའི་སྡེ་དཔོན་རྣམས་སངས་རྒྱས་སྐུ་འདྲ་སྐུ་ཚེ་བརྒྱད་དང་མཉམ་པའི་འདྲ་ཆུ་མིག་དགོན་ནང་བཞག བླ་བྲང་ལས་ནས་ད་ལྟ་ཁང་ཤུལ་ཡོད། ཁོ་ཚང་མར་སྤོ་ནས་གཙུག་པའི་ཟེར་བ་དེ་ཡིན། གཙུག་པིང་ནི་གཙུག་ཕུད་ཅེས་གུས་བཀུར་བྱེད་པ་ཁ་སྐད་ཡིན། སྐུ་ཇོ་བོ་ནི་བཞི་རྒོལ་སྐབས་བརླག་ཚར། དེ་བཞིན་སྤར་ཚང་བླ་མ་མར་འྡར་ཡུལ་ཕེབས་ནས་ཆུ་མིག་དགོན་ནང་དུ་བཞུགས། ད་ལྟར་སྤུ་རྒྱུ་ཚེ་ཡུ་ཏིང་གྲོང་ནང་ཡོད་ཁང་ཞིང་ཡོད། ཁོང་ཡང་ལྷ་ཁང་ཆུང་ངུ་བཞེངས། གླིང་གཤེན་བློ་གྲོས་ཡུལ་འདིར་བྱོན་ནས་སྐུ་བླ་བསང་ཡིག་ད་ལྟར་ཡོད། དབྲ་ནག་གདུང་ལས་ཁོད་སྤུངས་བློ་གྲོས་ཐོགས་མེད་འདིར་བྱོན་ནས་མ་ཧཱ་མཛོ་ཕུར་རྗེས་ཡོད། དབང་ལུང་དང་དགེ་བསྐུལ་རྒྱ་ཆེན་དགོན་ནང་གནང་། གནས་ལ་བཀའ་ཆགས་བསང་ཡིག་ཡོད་ཅེས་གྲགས། གཏེར་སྒོ་ཡང་འབྱེད། བླ་མ་དེ་ཡི་སློབ་མ་མང་དུ་ཡོད་པའི་མཆོག་གྱུར་དུང་དཀར་ཐོགས་པའི་མི་བདུན་ཡོད་པའི་ནང་ཚན་སྙན་ཆེན་བླ་མ་ཡིན། སྙན་ཆེན་བླ་མ་དུས་རྒྱུན་ཆུ་མིག་དགོན་གྱི་འཆད་ཉན་བྱེད། དེ་མཉམ་བློ་གྲོས་ཐོགས་མེད་ཀྱི་དམ་སྲས་བཞི་པ་རྣམ་དག་གཙུག་ཕུད་རབ་བྱུང་ཡིན་པས་དགོན་ནང་འཆད་ཉན་ཁོ་ན་བྱེད། དེ་དུས་འདྲ་ཡུལ་ཡོངས་རྫོགས་བོན་མ་གཏོགས་གྲུབ་མཐའ་གཞན་མིང་ཡང་མེད་ངེས། དེ་སྐབས་བློ་གྲོས་ཐོགས་མེད་དམ་སྲས་སྒྲུབ་གཤེན་སྣང་ལྡན་ནི་རྗེ་མཉམ་མེད་པའི་ཡབ་ཀྱི་གཏེར་ཆོས་དབང་ལུང་གནང་། བྲག་ར་རྒྱ་ཤོད་ས་བདག་ཚང་དེའི་རྒྱུད་པ་ངེས། ད་དུང་ཨ་རྡུལ་སྔོ་སྡེ་ཁོད་སྤུངས་བཅས་འདི་ཡི་རྒྱུད་པ་ཡིན། འོད་གསལ་རྒྱལ་མཚན་ཞེས་སྙན་ཆེན་བླ་མའི་སློབ་མ་ཉག་ཡུལ་ཁོད་སྤུངས་གདུང་བོན་ཁྱུང་རྒོད་སྲས་ནམ་མཁའ་གཡུང་དྲུང་བོན་ཞུ་རྗེས་བྲག་རྭ་གནས་མདུན་དགོན་བཏབ། ཁོ་གཞི་ཆགས་ནས་ཁུང་པའི་ནི་ཁོད་སྤུངས་ཡིན། ཁོད་སྤུངས་བསྟན་པ་རྒྱལ་མཚན་ནི་འདྲ་ཡུལ་བྱང་པ་ཚུལ་ཁྲིམས་འོད་ཟེར་འཆད་ཉན་སློབ་མ་ཡིན། ཁོད་སྤུངས་རིན་ཆེན་ལྷུན་འགྲུབ་ནི་སྙན་ཆེན་གཡུང་དྲུང་རྒྱལ་མཚན་གྱི་སློབ་མ་ཡིན། རྗེ་མཉམ་མེད་སྨན་རི་བཏབ་རྗེས་གཤེན་ཚང་བླ་མ་བྱོན་འོང་ནས་དགོན་འདིར་གནས། དེ་ནི་སྔ་ཕྱི་ཅི་ཡིན་ངེས་གསལ་མི་སྣང་། ཤེས་ཉག་དེ་ཡི་རྒྱུད་པ་ཡིན། དགེ་བཤེས་གཡུང་དྲུང་བསྟན་འཛིན་བྱོན་ནས་འོང་ནང་སོང་ལུགས་བཙུག སེང་གེ་དགོན་ཆགས། ནང་སོ་ལུགས་ལ་མ་དགོན་བུ་དགོན་གཉིས་ཕྱེ། མ་དགོན་ཆུ་མིག་དགོན་དང་བུ་དགོན་བྲག་རྭ་དགོན་ཡིན། སྤྲུལ་སྐུ་སངས་རྒྱས་གླིང་པ་ཡུལ་འདིར་བྱོན་ནས་གནས་སྒོ་འབྱེད། དགེ་བསྐུལ་བསླབ་བྱ་སོགས་གནང་། ཁྱད་པར་དུ་སྐུ་བླ་བྱོན་ནས་ཟབ་གཏེར་བཞེངས།
དགོན་ནང་སྐུ་བླ་བསང་ཡིག་བཀའ་ཆགས་སོགས་ཡོད་པ་གྲགས། ཁྱུང་གཏེར་འོད་ཟེར་གླིང་པ་ཡབ་ཡུམ་ལྷན་རྒྱས་བྱོན་ནས་འདྲ་ཡུལ་སྤྱི་དང་ཁྱད་པ་ཆུ་མིག་དགོན་ནང་ཆབ་ཕེབས་ནས་དབང་ལུང་དགེ་བསྐུལ་སློབ་ཁྲིད་སོགས་ཅི་རིགས་བྱེད། དེ་ནས་རྒྱ་ཁུག་ཡེ་ཤེས་བསྟན་འཛིན་དང་ཨ་ནེ་བསོད་ནམས་རིན་ཆེན་འགན་ཁུར་གཙོ་བོར་བཟོ་ནས་དགོན་པ་མར་སྤོ་ནས་ཆ་ཚང་ལས་ཟིན། ཁྱུང་གཏེར་སྲས་ཆུང་བ་གཡུང་དྲུང་རྒྱལ་མཚན་བཀའ་ལུང་གནང་། གཞི་སྤྲུལ་ནམ་མཁའ་བསུབ་བྱོན་འོང་ནས་རིལ་བུ་བུམ་སྒྲུབ་འཛུགས། སྐུ་བླ་བསང་ཡིག་མཛད། དེ་དུས་ཁྱུང་སྲ་གཡུང་དྲུང་རྒྱལ་མཚན་མངོན་རོལ་ཁོད་སྤུངས་གདུང་སོན་ཁ་ལུང་སྐལ་བཟང་ཉི་མ་འཁྲུངས་ནས་ཆུ་མིག་དགོན་བདག་པོའམ་ཁྲི་པ་མཛད། གཏེར་ཆེན་གསང་སྔགས་གླིང་པ་དང་མཁའ་འགྲོ་དབང་མོ་ལྷན་དུ་འདྲ་ཡུལ་སྤྱི་དང་ཁྱད་པར་ཆུ་མིག་དགོན་ནང་བྱོན། སྔོན་ལ་གནས་རི་ཁྲོ་བོ་སྒྲུབ་པ་ཟབ་གཏེར་བླང་། གནས་རི་བཀའ་ཆགས་དང་བསང་ཡིག་སོགས་གནང་། མ་ཚད་དབང་ལུང་སྐུ་རིམ་དགེ་བསྐུལ་རྒྱ་ཆེན་གནང་། རྗེས་སུ་བཀའ་འགྱུར་བཀླག་ལུང་དབུ་འཛུགས་མཛད་མདོ་ཆེ་སྐབས་ལྷག་ནས་གཡུང་དྲུང་བདུད་འདུལ་རྔ་མ་ཟིན།
དེའི་སྐབས་བདེ་གཤེགས་སྟོང་དབང་ཆོ་ག་དེ་སྐུ་བླ་གནས་ལ་གཏེར་རྒྱཿསྡོམ་ཞིང་གཏེར་སྲུང་ལ་བཅོམ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་བྱོན་ནས་འདྲ་ཡུལ་སྤྱི་དང་ཆུ་མིག་དགོན་ནང་བཞུགས་ནས་སྔོན་འགྲོ་དངོས་གཞི་བསང་སྦྱོངས་སོགས་དང་དབང་ལུང་ཁྲིད་རིམ་རྒྱ་ཆེན་གནང་། ཡུལ་སྡེ་རྣམས་དགེ་བསྐུལ་རྒྱ་ཆེན་གནང་། དེའི་སྐབས་ལི་སྨད་བླ་མ་མཁན་པོ་བྱེད། སྤྱི་ན་དུང་རྫི་མན་ཆད་གྲོང་གཉིས་ཡན་ཆད་གྲོང་གཉིས་དཔོན་གྱི་སྡེ་ཡིན། དེ་ཡང་བྲེ་དོ་བསང་འགོ་སྨིན་ཀྱང་འོག་དུས་བྲག་རྭ་གོང་འོག་གཉིས་མོ་རོ་ཐ་གྲོང་གཉིས་བཅས་དཔོན་གཅིག་གི་མི་སེར་ཡིན་དེ་ནས་ཁོད་སྤུངས་གདུང་རྒྱུད་ལས་ཐོན་པའི་ཨ་རྡུལ་ལྷུན་གྲུབ་དགོན་པའི་ཁྲི་པ་བཟོ། བྱ་བཏང་ཚེ་དབང་འགྱུར་མེད་བྱོན་ནས་འདྲ་ཆུ་མིག་དགོན་ནང་བྱོན། དབང་ལུང་དང་ཁྲིད་ཀ་སོགས་ཅི་རིགས་གནང་། ཡུལ་དགོན་གཉིས་ལ་སྐུ་རིམ་སྒྲུབ། དེ་སྐབས་སྐུ་བླ་གནས་མདུན་ཞལ་ཕེབས་ནས་ཚོགས་ཆེན་ཕུལ་སྐལ་སྔོན་གསང་གླིང་གཏེར་རྒྱཿསྡོམ་པར་ཉམས་སྣང་ལ་གཏེར་སྲུང་གཏད་རྒྱཿབཀྲོལ་ནས་གཏེར་གྱི་བརྡ་དབང་ཐོབ། རྗེས་སུ་ཕར་རི་འོད་སྐོར་དགོན་ལ་བརྡཿཡིག་བོད་ཡིག་ཞལ་ཤུལ་ནས་ད་ལྟར་ཤིང་སྤར་ཡོད། དབྲ་སྟོན་མཁན་ཆེན་བྱོན་ནས་སྔོན་འགྲོ་སོགས་འཆད་ཉན་གནང་། དགེ་བསྐུལ་ཡང་འདྲ་མིན་སྣ་ཚོགས་གནང་། ཡུལ་དགོན་མི་རྣམ་སེམས་ཡིད་རང་བར་བགྱིས། དབྲ་སྟོན་ལ་མཉེས་པ་གསུམ་གྱི་ཐུགས་ཟིན་པའི་བློ་གྲོས་དཔལ་ལྡན་བླ་མ་བྱེད་ནས་ཆུ་མིག་དགོན་ནང་འདུག ཁོ་ནི་འདུ་ར་དགོན་གྱི་སྤྲུལ་སྐུ་ཡིན་པར་གྲགས། རྒྱལ་ཁབ་ཆགས་དུས་ལྷུན་འགྲུབ་ཁོ་ན་གཅིག་འགྱུར་མི་སྣ་ནང་ལ་ཁོད་ནས་རྒྱལ་ཁབ་ལས་འགན་བླང་། ཁ་ལུང་སྤྲུལ་སྐུ་སྐལ་བཟང་ཉི་མ་སྐྱེས་གཟུགས་ཁྱུང་གི་གདུང་ལས་གྲོལ་བའི་རིན་འཛིན་ཡོན་ཏན་རྣམ་རྒྱལ་དེར་ཕྲོ་ལུང་བསྟན་སྐྱེས་མཆོག་གོང་མའི་རྣམས་སྤྲུལ་སྐུ་ངེས་འཛིན་བྱེད་ནས་འདྲ་ཆུ་མིག་དགོན་ལ་ཁྲི་སྟོན་བྱེད་སྐབས་བླ་མ་ལྷུན་འགྲུབ་ཁྲི་པ་དང་སེང་གེ་དགོན་ཁྲི་པ་མཐུ་སྟོབས་དང་དབུ་མཛད་སྐལ་བཟང་དབང་རྒྱལ་དགེ་རྒོད་ཨ་འབྲོག་སོགས་བླ་གྲྭ་བརྒྱ་དང་བཅུ་ལྷག་ཙམ་དང་སྡེ་དཔོན་འཆི་མེད་མགོན་པོ་ཡབ་སྲས་བཅས་ཀྱི་ཡུལ་དགོན་ཐུན་མོང་སྒོ་ནས་བསྟན་བཞུགས་མངའ་གསོལ་རྒྱ་ཆེན་བྱེད་སྐབས་དགེ་བའི་རྟགས་མཚན་དང་སྟོན་འབྲེལ་ཤིན་ཏུ་ལེགས་པ་བཀྲ་ཤིས་དགེ་ལེགས་ཡར་ཟླ་ལྟར་འཕེལ་བའོ།
ཚེ་དབང་དང་འབྲེལ་བའི་ཆོས་འབྲེལ་ཡང་སྩལ་ལོ། དེ་ལོ་སྐལ་བཟང་དབང་རྒྱལ་དང་ཨ་འབྲོག་གཉིས་འགན་བཞག་གནང་། ཨ་འབྲོག་ནི་བྲག་རྫོང་དགོན་ལ་སློབ་གཉེར་ལེགས་པ་མ་ཟད་རབ་བྱུང་ནང་ནས་མཆོག་གྱུར་ཡིན། ཁོང་གི་བྲག་རྭ་དགོན་དང་ཆུ་མིག་དགོན་སེང་གེ་དགོན་གསུམ་གྲྭ་ཆུང་རྣམས་ཁྲིམས་བཞག་ནས་ཀློག་ཐུབ་པ་ཡང་དགེ་རྒན་ཨ་འབྲོག་གི་བཀའ་དྲིན་ཡིན།བཞི་རྒོལ་སྐབས་ལྷུན་འགྲུབ་དང་ཨ་འབྲོག་བཅས་མ་དགོན་རྐྱེན་བཙོན་ཁང་ནང་དུ་བཅུག་དེ་རྗེས་ཏང་གི་འགོ་ཁྲིད་བཟང་པོ་མཐུ་ལས་དགོན་པ་སོ་སོ་ཆོས་སྒོ་ཕྱེ་སྐབས་ལྕགས་བྱ་ལོ་ཨོ་རྒྱན་ཐུགས་རྗེ་གླིང་པའི་བོན་སྒོ་ཕྱི་ནང་དབང་ལུང་གནང་། བླ་མ་བསོད་ནམས་དབང་རྒྱལ་དང་སྐལ་བཟང་དབང་རྒྱལ་གཉིས་ཀྱིས་སྤྲུལ་སྐུ་མར་འོང་རྒྱུ་ཐག་ཆད་བྱེད་ཆུ་ཁྱི་ལོ་ལ་སྤྲུལ་སྐུ་འདྲ་ཡུལ་གདན་དྲངས་མི་རྒྱ་ཁུག་བདུད་འདུལ་དང་ཤོ་ཁོ་ཨ་ལུ་གཉིས་ཀྱི་ཆིབས་རྟ་ཁ་སྒྱུར་ནས་མར་འདྲ་ཡུལ་ཕེབས། ཆུ་ཕག་ལོ་ལ་འདྲ་ཡུལ་ལུང་པ་གཅིག་ལ་ཆུ་མིག་དགོན་དང་ལོ་ཁོ་གཉིས་ཆོས་སྒོ་ཐོག་མར་ཕྱེ་དེ་ནི་བླ་མ་ཨ་གཡུང་བཀའ་དྲིན་ཡིན། བླ་མ་ནོར་བུ་ཆབ་གྲོས་ཁང་ནས་སྦུགས་ཡི་ལས་འགན་ཡོད། ཆོས་ལུགས་ཅུས་ཆོས་ཁྲིད་ལས་འགན་ཡོད།
མེ་ཡོས་ལོ་ལ་བླ་མ་ཤེས་རབ་དབང་རྒྱལ།དབུ་མཛད་དགེ་རྒན་བསོད་ནམས་དབང་རྒྱལ་གཙོ་མཛད་གྲྭ་པ་དང་མི་སེར་བཅས་དགོན་པ་དང་དགོན་ཁང་ཇ་ཁང་མ་ལུས་ཡོངས་སུ་འགྲུབ། ནང་སྟོན་ལྷ་སྐུ་དང་རྒྱལ་ཁབ་གནང་སྦྱིན་ཤོག་སྒོར་ཁྲི་གཅིག་ཡོད་པ་མཛད་པ་བཅུ་གཉིས་བཞེངས། དེ་ནས་བླ་མ་ཤེས་རབ་དབང་རྒྱལ། སྐལ་བཟང་དབང་རྒྱལ།བླ་མ་ནོར་བུ། བསོད་ནམས་དབང་རྒྱལ་བཅས་སྤྲུལ་སྐུ་ཁོ་རང་དང་ཡིད་བཞིན་བཅས་ཕྲིན་ལས་རྣམ་རྒྱལ་རྒྱལ་ཚབ་བཞག་རྒྱུ་ཐག་བཅད་ཚར།ལྕགས་རྟ་ལོ་ལ་བཀའ་འགྱུར་རིན་པོ་ཆེ་བཀླག་ལུང་སྩལ། དཀྱལ་འབུམ་ཚུལ་ཁྲིམས་ཁྲི་པ་འཁོད། དེ་ནས་གཟུང་སྟེ་བཀའ་གསར་རྙིང་གང་ཡོད་དང་གཏེར་གསར་སྐོར་ལྗགས་ལུང་དབང་བཅས་གནང་། སྔོན་འགྲོ་ལན་གཉིས་གྲྭ་ཡོངས་རྫོགས་སེམས་ཁྲིད་དང་ཀུན་བཟང་སྙིང་ཐིག་ལན་གཉིས་དབང་བཞི་རྒྱས་པ་སྤྲུལ་སྐུ་བཀའ་དྲིན་སྩལ་བའོ། ཡུལ་ནི་རྣམས་ཞིང་བཀོད་གནས་ལོ་རྒྱུས་ཕན་ཡོན་དང་དགེ་སྡིག་རྣམ་སྨིན་རྒྱུ་འབྲས་སོགས་ཅི་རིགས་གནང་། དེ་དག་བསྒྲིག་ཁྲིམས་བླ་མ་གོང་མ་དང་མཐུན་པར་བཞེངས། དེ་ཡང་ཆུ་མིག་དགོན་པ་འདི་ནི་ཨོ་རྒྱན་ཐུགས་རྗེ་གླིང་པར་ཁོང་གི་ནམ་ཡང་ཐུགས་རྗེ་མི་འདོར་བ་བཀའ་དྲིན་བླ་ན་མེད་པའོ། དེ་སྐད་དགོན་པའི་ལོ་རྒྱུས་གནས་སྒོ་འབྱེད་ཚུལ་བླ་མ་བྱོན་ཚུལ་འཆད་ཉན་བྱེད་ཚུལ་དགོན་པ་འཕོ་འགྱུར་འགྲོ་བ་སོགས་རྒྱ་ཆེན་སྣང་ཡོད་ཀྱང་ཡི་གེ་ཐག་ཆད་པ་མེད། མདོར་སྡུས་འདི་ནི་བླ་མ་ཤེས་རབ་དབང་རྒྱལ། བླ་མ་ནོར་བུ། སྐལ་བཟང་དབང་རྒྱད་མཐོང་ཐོས་ཡོད་པ་དང་རང་གི་ཨ་ཞང་ཁྱུང་སྲས་གཡུང་དྲུང་བདུད་འདུལ་ཞལ་གསུང་ལྟར་ཆུ་སྤྲེལ་ལོ་ལ་བྲིས་ཀྱང་ཡི་གེ་སྟོར་ནས་མ་རྙེད་ནས། སླར་ཤིང་སྤྲེའུ་ལོ་ལ་མཁོ་གལ་ཐུག་དུས་ཡི་གེ་ལག་ཏུ་ཐོན་ཡོང་། ཁྲི་པ་ཚུལ་ཁྲིམས། རྒྱལ་ཚབ་ཕྲིན་ལས་རྣམ་རྒྱལ། དགེ་བསྐོས་མཐའ་ཕྱིན་ཡིན་སྐབས་གོ་མྱོང་ཡོད་པར་རྣམ་གསལ་མོ་བྱེད་པོ་འདྲ་སྤྲུལ་རིག་འཛིན་ཡོན་ཏན་རྣམ་རྒྱལ་ཉིན་གཉིས་ཙམ་བོད་ཟླ་དྲུག་པའི་ཚེས་23བྲིས་ནས་དྲུང་ཡིག་རྨད་བརྟེན་བསྟན་འཛིན་བགྱིས་པའི་དེ་བཞིན་བསྟན་འགྲོ་ཕན་ཐོབ་པར་གྱུར་ཅིག སརྦམངྒལཾ། དགེའོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།